སྐྱོ་བྲག་དགའ་དབང་།
རྒྱ་གར་གྱི་གྲོང་ཁྱེར་རྒྱལ་པོའི་ཁབ་ནས་ལྷོ་ཕྱོགས་ཀྱི་ཆ་ཐག་རིང་པོར་གནས་པ། མིང་ལ། གུར་པ་པརྦ་ཏ་སྟེ། གསུང་རབ་ལས་ཀུག་ཀུ་ཊ་པཱ་ད་པརྦ་ཏའམ། རི་བོ་བྱ་གག་རྐང་པ་རུ་གྲགས་པ་ནི། འཕགས་ཡུལ་གྱི་སྒྲུབ་གནས་རྩ་ཆེ་ཤོས་ཀྱི་གྲས་ཡིན། ཅིའི་ཕྱིར་ཞེ་ན། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་རྒྱལ་ཚབ་ཉན་ཐོས་འོད་སྲུང་ཆེན་པོས། བདག་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་སྦྲན་པར་བྱའོ་སྙམ་ནས་རྒྱལ་པོའི་ཁབ་ཏུ་བྱོན། མ་སྐྱེས་དགྲ་གཉིད་དུ་སོང་བ་དང་ཐུག །འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ཀྱི་རི་བོ་བྱ་གག་རྐང་ལ་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་གདིང་བ་བཏིང༌། སྟོན་པས་གནང་བའི་སྣམ་སྦྱར་སྐུ་ལ་གསོལ། རྒྱལ་བ་བྱམས་པའི་གསུང་རབ་མ་རྒྱས་ཀྱི་བར་དུ་མི་འཇིག་པར་བྱིན་གྱིས་བརླབས། སྐུ་ཚེའི་འདུ་བྱེད་བཏང༌། ཆོ་འཕྲུལ་དུ་མ་བསྟན། སེང་གེའི་ཉལ་སྟབས་ཀྱིས་གཟིམས་ནས་མྱ་ངན་ལས་འདས་སོ། །མ་སྐྱེ་དགྲ་གཉིད་སད་པ་ན། ཀུན་དགའ་བོས་ཁྲིད་ནས་རི་བྱ་གག་རྐང་ལ་འཛེགས། གནོད་སྦྱིན་དག་གིས་རིའི་རྩེ་མོ་གསུམ་དུ་ཁ་ཕྱེས་ནས་སྐུ་གདུང་མངོན་སུམ་དུ་བསྟན། རྒྱལ་པོས་ཕྱག་དང་མཆོད་པ་བྱས་ཏེ་ཕྱིར་བྱུང་བ་ན་རི་གསུམ་པོ་ཡང་ཁ་འབྱར་བས་རིའི་རྩེ་མོར་མཆོད་རྟེན་བརྩིགས་ནས་མཆོད་པ་ཡང་བྱས་པའི་གནས་དང་། འཕགས་ཡུལ་གྱི་ཐེག་པ་ཆེན་པོའི་ལུགས། སྒོམ་པ་གཙོ་བོར་བྱེད་པ་རྒྱ་ཆེན་སྤྱོད་པའི་ཤིང་རྟ་བ་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་ལོ་བཅུ་གཉིས་སུ་བསྒྲུབས་པས་ཞལ་མཇལ། དགའ་ལྡན་དུ་བྱོན་ཏེ་མི་ལོ་ལྔ་བཅུ་བཞུགས། ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན། བྱམས་པའི་ཆོས་སྡེ་ལྔ་པོ་མི་ཡུལ་དུ་དར་བར་བྱས་པའི་གནས་ཏེ། འགྲོ་མགོན་བཀའ་བརྒྱུད་པ་ལྟར་ན། རྗེ་སྒམ་པོ་པ་ཡབ་སྲས་ཀྱིས། ཕྱག་རྒྱ་ཆེན་པོ་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ཡིན་པར་བཞེད་པས། གནས་འདི་ནི་ཅིས་ཀྱང་གལ་འགངས་ཆེ་བ་ཡིན།
མ་འོངས་པ་ན་རྒྱལ་བ་བྱམས་པ་ཉན་ཐོས་བྱེ་བ་ཕྲག་དྲུག་ཅུ་རྩ་དགུས་བསྐོར་བ་ཕྱོགས་འདིར་བྱོན་ནས། གནས་བརྟན་འོད་སྲུང་གི་རུས་པའི་ཚོགས་མ་ཞིག་པ་ཕྱག་གཡས་པས་བླངས་ནས་ཕྱག་གཡོན་པར་བཞག་སྟེ། ཉན་ཐོས་རྣམས་ལ། དགེ་སློང་དག་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན་སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བ་དེའི་ཉན་ཐོས་རྣམས་ལས། ཆོག་ཤེས་པ་དང་། འདོད་པ་ཆུང་བ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་མཆོག་ནི་འོད་སྲུང་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ནི་འདི་ཡིན་ཏེ། ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདས་ནས་དེའི་བསྟན་པ་ཡང་འདིས་ཡང་དག་པར་བསྡུས་སོ། །ཞེས་ཆོས་བསྟན་པ་ན། ཉན་ཐོས་རྣམས་ཀྱིས་འདི་འདྲ་བའི་ལུས་ཀྱིས་ཇི་ལྟར་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཐོབ་པར་གྱུར་སྙམ་ནས་དེ་རྣམས་སྐྱོ་བ་སྐྱེས་པ་དེ་ཉིད་ཀྱིས་དགྲ་བཅོམ་པ་མངོན་སུམ་དུ་བྱེད་པར་འགྱུར་བའི་གནས་ཀྱང་ཡིན་ནོ། །
བར་ལམ་འཕགས་པའི་ཡུལ་དུ་རྒྱལ་བའི་བསྟན་པ་ཡོངས་རྫོགས་ཉམས་རྗེས་གནས་རི་འདི་ཡང་གར་ཡོད་འདིར་ཡོད་མི་ཤེས་པར་གྱུར་པ་ན། མང་ཡུལ་ལ་དྭགས་ཀྱི་བནྡེ་ཨཱ་ནནྡས། ཐེག་པ་ཆེ་ཆུང་གི་འདུལ་མདོ་རྣམས་དང་། ལྷག་ཏུ་རྒྱ་ནག་གི་ལོ་ཙཱ་བ་སྔ་རབས་དག་གི་ལམ་ཡིག་གཞི་ལ་བཞག་ནས་བཙལ་རྙེད་བྱུང་བའི་མིང་ནི། ད་དུང་ཡང་། གུར་པ། ཞེས་པ་རང་འཇགས་སུ་གནས་གདའ་བས་ཀུན་གྱི་ཐེ་ཚོམ་ཆོད་དེ། དིང་སང་འཛམ་གླིང་ཤར་ནུབ་ཀྱི་ནང་པ་གནས་མཇལ་དུ་འགྲོ་མཁན་ནི་ཆེས་མང་པོ་རེད།
བདག་ཀྱང་ལོ་ཤས་སྔོན་མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་ཞབས་གྲས་སུ་སོང་བའི་གནས་མཇལ་ཟིན་ཐོ། སྐད་མང་སྨྲ་བའི་ལོ་ཙཱ་བ་རྩིས་ཆེ་ལེགས་མཐོང་གིས་བྲིས་པ། རི་བོ་བྱ་རྐང་གསར་དུ་རྙེད་པ། ཞེས་པ་དེ་ལྟ་ཡིན་མོད་དེ། ད་དུང་སྒྲུབ་གནས་འདི་ཉིད་ལ་སྒོམ་གྱི་འབྲེལ་བ་ཐོགས་པའང་གལ་ཆེ་བར་མཐོང་ནས། མཚུར་ཕུ་བླ་བྲང་གི་ནང་དོན་འགན་འཛིན་རྒྱལ་མཚན་བསོད་ནམས་ལྷན་རྒྱ་གར་རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་གླ་འཁོར་ནང་སོང་བ་ན་ཆུ་ཚོད་ཕྱེད་གཉིས་ཀྱིས་རི་འདབས་སུ་བསླེབས། གནས་རི་འདི་ནི་ཡུལ་མིས་བི་ཧ་རའི་མངའ་སྡེའི་ནང་གི་རི་བོ་མཐོ་ཤོས་དང་སྐས་ཐེམ་ཆིག་སྟོང་བདུན་བརྒྱ་ལྷག་བརྒལ་དགོས་པར་བཤད་ཀྱི་འདུག་པའང་བདེན་ཤས་ཆེ་སྟེ། རྐང་ཐང་གིས་ཐང་ཆད་ཆད་འཛེག་དགོས་བྱུང་། ཡིན་ནའང་། ལོ་ན་རྒས་འཁོགས་དང་། ཤ་རྒྱགས་པ་དང་། རྐང་པ་ཐང་ཐང་མེད་པ་དག་ཀྱང་ཁྱུ་དང་ཁྱུ་བྱས་ནས་འབབ་འཛེག་བྱེད་ཀྱིན་གདའ་བས་གཙོ་བོ་ནི་སེམས་ཤུགས་ལ་རག་ལས་པ་ཡིན་འདུག །རི་རྩེ་ནི་བྲག་རྡོ་ཆེན་པོ་ཞིག་སུམ་གཤགས་བྱས་པ་འདྲ་བ་གདའ་བའི་རྩེ་ངོ་མ་ལ། བནྡེ་ཨཱ་ནནྡས། འཕགས་ཡུལ་དུ་དར་ཁྱབ་ཆེ་ཤོས་ཡིན་པ་ལྷུང་བཟེད་སྦུབ་པ་འདྲ་བའི་མཆོད་རྟེན་སེར་པོ་ཞིག་གསར་དུ་བཞེངས་པ་ལ་དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་བྱིན་རླབས་གནངས་ཤིང། རྩེ་ཟུར་གྱི་བྲག་རྡོ་ཐོད་ཐུག་པ་བུག་པའི་སྐར་ཁུང་ཆེ་ཙམ་པ་ཁ་ལྷོར་ཕྱོགས་པ་ཞིག་ཡོད་པ། འཕགས་པ་ཐོགས་མེད་ཀྱི་སྒྲུབ་ཕུག་ཡིན་རབས་བཤད་ཅིང་གདའ་བ་ནི་བདེན་མིན་གང་ཤེས་ཏེ། སྒོམ་བརྒྱབས་ནས་འདུག་ཆོག་པའི་སྐྱིད་པོ་རང་ཞིག་བཟོས་གདའ་བ་ལ་ངེད་གཉིས་ཀྱིས་དུས་ཡུན་རིང་ཙམ་བསྒོམས་པས། དམིགས་པ་གསལ་ལ་བརྟན་པ། གནས་ཀྱི་བྱིན་རླབས་ལོས་ཡིན་སྙམ་པ་བྱུང་ཞིང་། གནས་རིའི་ཆགས་ཚུལ་ཡང་ས་དཔྱད་ལས། མཐོ་ལ་ཡངས་པ་ལྷག་མཐོང་སྐྱེ་བའི་ས། །ཞེས་པ་དེ་འདི་ལོས་ཡིན་སྙམ་པ་གདའ་བས། གལ་ཏེ་སྒྲུབ་པ་པོ་དག་བྱུང་ནའང་ཉམས་རྟོགས་ཡོན་ཏན་ནི་འཕེལ་ངེས་སུ་མཆིས་སོ། །
ནང་ཆོས་ལ་རྒྱུས་ཆེ་ཙམ་དང་རྒྱ་གར་སྐད་ཡིག་ལ་ཆག་ཐོགས་མེད་མཁན་ལས་མེད་ཚོས་ནང་པའི་གནས་རྙིང་སོགས་རྩར་གཅོད་དང་འཚོལ་ཞིབ་ལེགས་པོར་བྱ་ཐུབ་ན་ནང་བསྟན་པའི་ཕྱག་རྗེས་ཡག་ཙམ་རེད།
རྒྱ་གར་ལ་གང་དུ་ཕྱིན་ཡང་ནང་པའི་གནས་ཕལ་མོ་ཆེ་གཏོར་གཤིག་བཏང་བ་ཤ་སྟག་རེད། སྔོན་མ་ལོ་རྒྱུས་མ་ཤེས་པའི་སྐབས་ལ་དེ་དག་ཀླ་ཀློའི་བཙན་འཛུལ་གྱིས་གཏོར་བར་ངོས་འཛིན་བྱེད་ཀྱི་ཡོད། ཕྱིས་སུ་ཚན་རིག་དང་མཐུན་པའི་རྒྱ་གར་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་འབྲས་བུ་དག་མཇལ་དུས། ནང་པའི་གནས་མང་ཆེ་བ་གཏོར་མཁན་རྒྱ་གར་བ་རྣམས་རེད། ཧིན་རྡུའི་ཀླད་རྙིང་མཁྲེགས་བཟུང་བ་ཚོས་གཏོར་བ་ལས་ཚང་མ་ཁ་ཆེས་གཏོར་བ་རེད་མི་འདུག རེ་གཉིས་ནི་ཡིན་སྲིད། དཔེར་ན་ནང་པའི་ལྷ་ཁང་རྩ་གཏོར་བཏང་བའི་འཁྲིས་ལ་ཀུན་ནས་ཉམས་ཉེས་མེད་པའི་ཧིན་རྡུའི་ལྷ་ཁང་རྙིང་པ་ཞིག་གསལ་ལེར་བཞུགས་ཡོད། ཁ་ཆེས་ཅིའི་ཕྱིར་ནང་པའི་ལྷ་ཁང་གཏོར་ཁ་ཆེའི་ལྷ་ཁང་མ་གཏོར་བ་རེད་དམ་ཟེར་དུས་སུ་ཞིག་གིས་ལན་རྒྱག་མི་ཕོད།
འོ་ན་ཅིའི་ཕྱིར་ཧིན་རྡུ་བ་ཚོས་ནང་པའི་དགོན་པ་དང་ལྷ་ཁང་མང་པོ་བཤིགས་པ་རེད་དམ་ཟེར་ན། སྔགས་ལོག་པ་ཚོས་བྱུར་གྱི་སྣ་འདྲེན་བྱས་པའི་འབྲས་བུ་རེད་འདུག དེང་སང་ནུབ་ཕྱོགས་དང་རྒྱ་ནག་ནང་ལ་ཡོང་བཞིན་པ་ལྟར། སྔགས་ལོག་པ་ཚོས། གསང་སྔགས་ཀྱི་རྣལ་འབྱོར་ཡིན་བརྫུ་བཏབ་ནས། བུད་མེད་དང་ཆང་ཚོད་མེད་བཏུང་། གཞན་གྱི་བཟའ་ཟླ་བླུས། རྫུན་བཤད། རྒྱུ་ནོར་ལ་བརྐུ་བླུས་སོགས་བྱས་ནས་ཡུལ་མིའི་སེམས་ལ་མ་བབས་པར་ཡུལ་མི་ལངས་ནས་ནང་པའི་དགོན་པ་དག་གཏོར་བ་རེད་འདུག
དེང་སང་ཡང་གསང་སྔགས་ཉམས་ལེན་པ་ཡིན་བརྫུ་བཏབ་ནས་རྒྱ་རིགས་མང་པོ་མགོ་བསྐོར་བཏང་ནས། རིམ་བཞིན་རྒྱ་མི་མང་པོ་ཞིག་ནང་ཆོས་ལ་ཞེ་བརྒྱབ་ནས་གཡོལ་བཞིན་ཡོད་པ་དེ་དག་ལ་བསམས་ན། ངོ་མ་གསང་སྔགས་ཁྲོམ་བསྒྲགས་པ་དེ་ཚོར་བཟོ་ལྟ་བཟོ་རན། ད་ལྟ་ཏོག་དབྱིབས་ན་ཚའི་སྐབས་ལ། སྔགས་ཀྱི་ནུས་པ་ཡོད་པའི་བླ་མ་གཅིག་ཀྱང་མི་འདུག ཚང་མ་ཁྱིམ་ལ་བགབས་ནས་བཞུགས་འདུག
ད་སྔགས་པ་ཚོ་ཕེབས་ཤོག
ཕོ་རྒོད་ན་བྱང་ཐང་སྟོང་པ་རེད། རྗེས་མ་སྔགས་ཀྱི་ནུས་པ་དང་སྒྱུ་འཕྲུལ་ཤོད་མ་ཡོང་ཨ།
བསམ་ཤེས་ཀྱིས་བཤད་པ་འདི་བདེན་པ་རེད། ཆོས་ལུགས་པ་ཚོ་ལ་ནུས་པ་ཡོད་ན་ད་སྐབས་ཡོང་རན་རེད་འདུག
ཡག
ད་ལྟའི་དུས་སུ་རི་བོ་ཕྱེ་གཤགས་བཏང་ནས་བརྔོགས་ན་ཉན་ཐོས་འོད་སྲུང་ཆན་མོའི་སྐུ་གདུང་ཧྲིལ་བུ་རྙེད་ཐུབ་བམ། ཡང་ན། གནོད་སྦྱིན་རྣམས་ཀྱིས་སྦས་ནས་རྒྱལ་བ་བྱམས་པ་ཕེབས་དུས་མ་གཏོགས་མཇལ་མི་ཐུབ་ཟེ་དགོས་སམ། ལགས།།
རྣམ་འདྲེན་གསུམ་པ་སངས་རྒྱས་འོད་སྲུངས་ལོ་སྟོང་ཕྲག་ག་ཚོད་ཙམ་སྔོན་ལ་བྱུང་ཡོད་དམ། མ་འོངས་སངས་རྒྱས་བྱམས་པ་ཕེབས་པར་ངོ་སྟོང་ཕྲག་ག་ཚད་ཙམ་ལྷག་ཡོད་དམ། ལགས།། །།