རོང་བོ་དགེ་འདུན་ལྷུན་གྲུབ
རི་བོ་འདི་ལྕགས་ཀྱིས་གྲུབ་བཞག
ལྕགས་ཀྱི་རི་བོ
ཤ་དང་རུས་པའི་གསེབ་ན་མྱུག་གིན་བཞུར་བའི་གཙང་བོ
མི་རྟག་པའི་ཤ་པགས་ཀྱི་མཐིལ་དུ་འབུར་བའི་གཅན་གཟན་སྡིག་པ་ཅན
ལྕགས་ཀྱི་རི་བོ ཡོད་ཡོད་འདྲ་ལ ཆོ་འཕྲུལ་འདྲ་བ
བཟང་བཟང་འདྲ་ལ སྡང་སྡང་འདྲ་བ
མཉེན་ཞིང་བྱམས་པའི་ཉི་འོད་དེའི་ཕ་རོལ་ན
དབྱིབས་དང་ཁ་དོག་གང་ཞིག་གིས་འགུལ་བཞིན་ཡོད
སྤྲིན་པ་འདིའི་ཕྱི་ནང་ན
ཆེས་དགོད་ཤེས་པ་ནི་ཉི་མ་ཡིན་ནམ
བརླན་བརླན་དང་ལྗན་ལྗིན་གྱིས་བཤེར་བའི་ཤོག་ངོས་ཤིག་ཏུ
ངའི་འབྲལ་སྤངས་ཀྱི་གའུ་དེ་ཡོད་དམ
ཚོགས་དྲུག་རང་གྲོལ་གྱི་གསུང་རྩོམ་བཅུ་ཕྲག་ཅིག་གིས
རི་བོ་དེའི་ཕ་རོལ་ནས་ང་ལ་སྡོམ་རྒྱ་ཞིག་མཐོང་དུ་བཅུག་བྱུང
སྡོམ་རྒྱ་དེ་བརྩེ་བས་གཏུབས་ཀྱིན སྡོམ་རྒྱ་དེ་ཤེས་རབ་ཀྱིས་གཏུབས་ཀྱིན
ངའི་ད་སྐབས་ཀྱི་སྡུག་བསྔལ ངའི་ད་སྐབས་ཀྱི་དྲན་གདུང
ཡོད་ཚད་རི་བོ་འདིའི་གསེབ་ཏུ་སྦས་ན་ཡང
རི་བོ་དེའི་གྲིབ་ངོས་ནི་ནམ་མཁའི་རྩིག་ལྡེབས་རེད
ངས་ནམ་རྒྱུན་རྩིག་ངོས་དེར་ཞལ་བ་བྱས་ན་འང
ཚེར་མའི་མེ་ཏོག་གིས་བརླན་པར་བྱས་པའི་མཚན་མོ་ཞིག
བཏུད་ཅིང་བཏུད་བཞིན་ང་ལ་གདོང་གཏུགས་བྱེད་ཐེངས་རེར
འཁོར་བའི་རྩིབ་མ་ཞེས་པ་ནི་གློ་དང་སྙིང་གི་མཐིལ་དུ་གཟེངས་པས
དཀར་ལ་དམར་ཞིང དམར་ལ་དཀར་བའི་རྨི་ལམ་དག་འཚུབ་ནས་འོང
རྨི་ལམ་དུ རྨི་ལམ་འདི
ངམ་གྲོག་གི་གཡང་དུ་དྲུལ་ཞིང
ཡང་བསྐྱར་ངམ་གྲོག་དེ་ལས་བརྩེགས་མ་དང་འདབས་འབྱར་གྱི་ཚུལ་དུ
ཨེ་ཤ་ཡའི་རི་བོ་དེའི་རྩེ་ནས་འོད་ཟེར་ཞིག་ཏུ་གྱུར་ན
རི་བོ་དེ་ལྕགས་ཀྱི་རི་བོ་ཞིག་ཡིན་ནམ
སོག་ལེ་ཡི་རལ་ཁ་ན་འདྲལ་བའི་རི་བོ་དེ་ཡིན་ནམ
ནེམ་ནུར་ཅི་ཡང་མེད་པའི་ངང ང་ལ་མཁོ་བའི་འོད་ཟེར
ཆེས་ཞན་ཞམ་དུ་མ་གྱུར་བའི་མཚོ་སྔོན་པོ་དང་འདྲ་བའི
སྙིང་དུ་སྡུག་པའི སེམས་སུ་དུད་པའི ལོང་བ་དེ་ལོང་བར་གྱུར་བའི
ཁྲོན་པ་དམར་པོ་དེ་ལས་ཡས་བབས་སུ་འཛེག་ཅིང
རྟ་ཡིས་རྟ་ལ་འཁྲིགས་སྤྱོད་བྱེད་པ་ལས་མཆོག་ཏུ་གྱུར་བའི
འབྲུག་པ་ཀུན་ལགས་རང་དང་འདྲ་བའི
རི་བོ་དེའི་གྲིབ་མ་ཙམ་ཡང་མ་འཕོག་པའི
སྐྱེ་དངོས་ཀྱི་བྱེད་པ་ཅིག་ཏུ་གྲུབ་ཡོད
སྙན་ངག་པ་འཇུ་སྐལ་བཟང་གིས་སྙན་དེབ་གསར་བ་དེའི་མཇུག་བྱང་དུ་སྔོན་མ་ཡིན་ན་ངས་སུ་ཞིག་ལ་བཤད་བཞིན་པ་ལྟ་བུའི་ཁེར་བཤད་རིང་ཐག་བཅད་ཅིག་འབྲི་ངེས་རེད་(ཚིག་རིས་དངོས་མིན། ནང་དོན་ཙམ་ཡིན།)ཅེས་པ་དེ་དྲན་བྱུང་། འདི་ལྟར་བཤད་སྐབས་སྙན་ངག་པ་སྔོན་གྱི་འཇུ་སྐལ་བཟང་དེ་རེད། ཨ་ལ་ཀུ་རེ་ཡིན་མོད། ངོ་མ་དེང་སང་ང་ཚོས་སྙན་ངག་ལ་རིགས་མང་པོ་དགར་ཆོག་པ་འདུག རང་མོས་སྙན་ངག་དང་། སྲོལ་རྒྱུན་སྙན་ངག རང་མོས་སྙན་ངག་ལ་གོ་དཀའ་བ་དང་སླ་བ་གཉིས། གོ་དཀའ་བ་ལའང་ལྗང་བུ་སོགས་ཀྱི་སྙན་ངག་སྟེ་ཚིག་འབྲུ་ཉུང་བ་དང་ཚིག་ངོས་ནས་གོ་བ་ལེན་དཀའ་བ། ཡང་སྙན་ངག་འདི་ལྟ་བུ་སྟེ་ཚིག་ངོས་ནས་མི་གོ་བ་གཅིག་ཀྱང་མེད་ཀྱང་དོན་སྒྲིག་དུས་ཀློག་པ་པོ་འཐོམ་བཅུག་པ་ལྟ་བུ། དེ་ཡང་ཀུ་རེ་ཡིན།