ལྷུན་ཆགས་ཀྱི་ནགས་ཀླུང་གསེབ་ན།།
དམར་སེར་གྱི་གཟི་མདངས་འབར་ཞིང༌།།
ངར་སྒྲ་ཡིས་རི་ལུང་ཁེངས་པའི།།
འཛུམ་དྲུག་གི་རྒྱ་སྟག་རྒན་པོ།།
གཅན་གཟན་གྱི་གྲལ་ཚོགས་དབུས་ན།།
འགྱིངས་སྟབས་ཀྱིས་དྲེགས་པ་ཁྱོད་རེད།།
འབྲོག་དགོན་གྱི་གཅོང་རོང་རྒྱུད་དེ།།
བྱ་གླག་གི་གཤོག་འགྱུར་བར་ནས།།
རྒྱུས་མེད་ཀྱི་ཚང་ཚིང་གསེབ་ཏུ།།
ཚེ་སྲོག་གི་རྒྱུ་བ་འདར་བཞིན།།
རྣམ་ཤེས་ཀྱི་བུ་མོ་འཁྱམས་པའི།།
ཉམ་ཆུང་གི་རི་བོང་བདག་རེད།།
ཕྲག་དོག་གི་ཤ་ལ་མ་རྔམས།།
ཁོང་ཁྲོ་ཡི་ཁྲག་ལ་མ་རོལ།།
ཞེ་སྡང་གི་མཆེ་བ་མ་རྩིག།
གཡོ་སྒྱུ་ཡི་སྡེར་མོ་མ་བགྲད།།
ཉམ་ཆུང་བའི་རི་བོང་ཞིག་གིས།།
ཡིན་ལུགས་ཤིག་བརྗོད་ན་ཨེ་རུང༌།།
ལྷག་བསམ་གྱི་སྤུ་རིས་དཀར་ཞིང༌།།
རྣམ་དཔྱོད་ཀྱི་མིག་འབྲས་མཛེས་པ།།
ཕྱི་ཐག་གི་རྣ་བ་རིང་ལ།།
ལྷན་སྐྱེས་ཀྱི་ལུས་རྩལ་གོམས་པའི།།
ཉམ་ཆུང་གི་རོ་བོང་ཞིག་ལ།།
མཐོང་ཆུང་གིས་ཁྱད་གསོད་ཨེ་རུང༌།།
བཅུ་ཕྲག་གི་ཁ་སྤུ་རིང་པོས།།
ཟུང་ལྡན་གྱི་འདབ་མར་བརྒྱན་ཞིང༌།།
སྐྱེས་སྦྱངས་ཀྱི་རྣ་རྩེ་རྣོན་པོས།།
ལུགས་ཟུང་གི་ལ་རྒྱ་བཏེགས་པར།།
བསྟོད་ཚིག་གི་གླུ་དབྱངས་མེད་ཀྱང༌།།
རྩིས་མེད་ཀྱི་དམའ་འབེབས་ཨེ་རུང༌།།
གཡང་གཟར་གྱི་ཚང་ཚིང་གསེབ་ནས།།
མཆོང་ལྡིང་གི་སྙིང་རླུང་གཡོ་ཞིང༌།།
ཉམ་ཆུང་ལ་ཁྱད་གསོད་གོམས་པའི།།
ང་རྒྱལ་གྱི་སེངྒེ་བཏུབས་པར།།
བསྔགས་བརྗོད་ཀྱི་ཕྲེང་བ་མེད་ཀྱང༌།།
སྐྱོན་འཛུག་གི་སྡིག་འཛུབ་ཨེ་རུང༌།།
རྙོག་འཛིང་གི་རྩིང་སྤྱོད་ཁྲོད་དུ།།
སྙིང་སྟོབས་ཀྱིས་རང་ལུས་གྲུ་བཞི།།
མེ་ཕུང་ལ་མཆོང་བར་བཟོད་པའི།།
གཟེངས་བསྟོད་ཀྱི་རི་མོའི་གཟུགས་བརྙན།།
ཟླ་ངོས་ལ་འབྲི་གནང་མེད་ཀྱང༌།།
དམར་འབེབས་ཀྱི་སྡང་མིག་ཨེ་རུང༌།།
བདུན་ཕྲག་གི་བགྲང་བྱའི་ཕྲེང་བར།།
སྔོ་ལྗང་གི་སྤང་རི་མཐོན་པོར།།
འཚེ་མེད་ཀྱི་རྩྭ་ཆུར་རོལ་ཏེ།།
ཚེ་སྲོག་གི་རྒྱུ་བ་འཚོ་བར།།
ཚང་ཚིང་གི་ནགས་མའི་གསེབ་ནས།།
ཁྱད་གསོད་ཀྱི་འཕྱ་སྨད་ཨེ་རུང༌།།
ཨེ་རེ་ཌའི་ལྗོན་པའི་རྩེ་ནས།།
རང་མཚང་གི་འཕོངས་དམར་སྟོན་ནས།།
གཞན་སྐྱོན་ལ་སྨད་པའི་ཙིར་སྒྲས།།
དབྱར་རྔ་ལ་རྒོལ་བར་བྱེད་པའི།།
ནགས་གནས་ཀྱི་སྤྲེའུའི་ཁྱུ་ཚོས།།
མཐོང་ཆུང་གི་གད་མོ་ཨེ་རུང༌།།
ཚང་ཚིང་དང་ནགས་ཀླུང་ཁྲོད་ནས།།
སྔོ་ལྗང་གི་ནེམ་མདངས་འཛིན་པའི།།
ལྗང་ལོ་ལ་རོལ་བའི་ཉམ་ཆུང༌།།
འཚེ་མེད་ཀྱིས་བག་ཕེབས་གནས་པར།།
མཆེ་སྡེར་གྱི་རྔམས་ཟིལ་བར་ནས།།
ཚེ་སྲོག་ལ་རྒོལ་བ་ཨེ་རུང༌།།
རང་མཐོང་གི་འུད་ཀྱིས་ཁེངས་པའི།།
ཧམ་ལྡན་གྱི་ཨུ་ཚུགས་སྟག་གིས།།
ཉམ་ཆུང་གི་བདེན་པའི་རི་བོང༌།།
ཚེ་སྲོག་གི་ཟུང་ཁྲག་འཇིབ་ཀྱང༌།།
རྣམ་ཤེས་ཀྱི་ལྷ་མོ་འཕུར་ཏེ།།
ཟླ་བ་ཡི་ངོས་ལ་ཐིམ་འགྲོ།།
སྤྲིན་བྲལ་གྱི་ནམ་མཁའི་དབྱིངས་ནས།།
དཀར་མཛེས་ཀྱི་ཟླ་བ་གཞོན་ནུའི།།
འོད་ཞགས་ཀྱི་ཀྱོ་བ་རྣོན་པོས།།
འཛུམ་དྲུག་གི་དྲག་ཉམས་བཀུག་ནས།།
ཡིན་ལུགས་ཀྱི་བདེན་པའི་ར་སྤྲོད།།
ལྷ་དབང་གི་མདུན་སར་ཞུ་འགྲོ།
1994,12,20 ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་ནས་བྲིས།།
༄༅། །གཡག་རོག་པོའི་རང་སྣང་གང་ཤར་མ། །
ཝིན་ཝུན་ཧྰ་ཝྰ།
སྲིད་པའི་འབྱུང་བཞི་དང་པོ་ཆགས་དུས་ནས། །
གོ་ལའི་སྒལ་ཚིགས་སྟེང་ན་གཡོ་མེད་ངང་། །
བརྗིད་ཉམས་ཀྲོང་ངེར་འགྱིང་བ་གངས་རི་དཀར། །
བཙན་པོ་གཡག་ངའི་བླ་རི་དག་མ་ལགས། །
སྤྲེལ་ཕྲུག་མང་པོའི་ཀི་བསྭོ་ལྷ་རྒྱལ་ཞེས། །
གངས་རི་ངོ་སོ་ཡར་ལ་བསྟོད་པའི་ཚེ། །
གཡག་རྒན་ང་ནི་ལྷ་མེད་འདྲེ་མེད་སྨྲ། །
མཐོ་སྒང་རི་བོའི་ཞིམ་མངར་རྩྭ་ལ་རོལ། །
སྡེར་ཆགས་རྒྱལ་པོའི་ལྷག་ཅིག་མེད་རབས་ཟེར།
སེང་གེ་དཀར་མོ་གཡུ་རལ་ལྡན་ནོ་ཟེར། །
ཁྲེལ་མེད་མི་ནི་དཔའ་མཛངས་མཆོག་ཟེར་མོད། །
སྐུ་ཟིལ་ངོམ་པའི་གཡག་རྒོད་ང་ལྷག་སྙམ། །
དཔའ་རྫོང་སྲ་བརྟན་གངས་དཀར་རི་བོ་འདི། །
བཙན་པོ་གཡག་གི་བླ་རི་དག་མ་ཡིན། །
ཀི་བསྭོ་ལྷ་རྒྱལ་ངོ་སོ་མ་བསྟོད་རུང་། །
འབྱུང་བཞི་ཆ་མཉམ་གངས་དཀར་གཡོ་བ་མེད། །
ཡར་སྟོད་མིའུ་ཐོག་མར་སྐྱེ་ནས་བཟུང་། །
སྤྲེལ་ཚ་གནོད་སྦྱིན་ནག་པོའི་བུ་རྒྱུད་བྱུང་། །
གདོང་དམར་བོད་པ་ཚང་གི་ངའི་ཡིན་ཟེར། །
འཁོར་བརྟེན་གངས་དཀར་གཡག་ལ་མ་དབང་ཐལ། །
བཙན་པོ་དཔོན་གྱི་བླ་རི་ཡིན་དོན་མེད། །
རྒྱལ་དཔོན་ཤི་ཡང་གངས་རི་མ་ཉམས་ཡོད། །
ཀི་བསྭོ་ངོ་སོ་ཡར་ལ་བསྟོད་ན་ཡང་། །
དུས་བཞིའི་འགྱུར་བ་བཅོས་ཐབས་ཡེ་ནས་མེད། །
གཡག་གི་ཕ་ཁྱིམ་མི་ཡི་བདག་ཏུ་བཟུང་། །
ཉམ་ཆུང་གཡག་གི་མགོ་བོ་སྡུག་བསྔལ་བཙུད། །
མགོ་ནག་འདི་ཚོ་དར་ནས་ཚུན་ཆོད་ལ། །
གཡག་རྒོད་ནམ་ཡང་སྐྱིད་པའི་སྐབས་མ་བྱུང་། །
བོན་ཆོས་ཟེར་ནས་ཤ་ཁྲག་མ་དབང་ཐལ། །
བན་ཆོས་ཟེར་ནས་རང་དབང་མ་བྱུང་ཐལ། །
ཆོས་སྲིད་ཟེར་ནས་རང་ཡུལ་མ་གཡང་ཐལ། །
གཡག་རྒོད་ང་ཚོ་ཐོབ་ཐང་ཤོར་ནས་ཐལ། །
གཡག་ངའི་སེམས་ནད་སྡུག་ཚིག་སྐྱུར་མོ་འདི། །
རང་གཤིས་འགྱུར་མེད་བདེན་པ་བདེན་རྐྱང་སྨྲ། །
ཕ་ལ་རང་དབང་མ་བྱུང་རྒན་གཞོན་བསད། །
ཚེ་ལ་རང་དབང་མི་སྟེར་ཀྱེ་མ་ཝུན། །
འབྲི་ལ་རང་དབང་མེད་པར་ལུས་བཅུད་འཕྲོག །
བུ་ལ་རང་དབང་མི་སྟེར་དཀར་འོ་བཅོམ། །
གཡག་རྒོད་ཕལ་ཆེར་གཅེས་པའི་ལྒང་རིལ་གཅོད། །
གཡག་ལ་རང་བཙན་མེད་པས་ཤིན་ཏུ་སྐྱོ། །
གཡག་ལ་རང་བཙན་མེད་པར་ཐག་པས་བཏགས། །
འབྲི་ལ་རང་བཙན་མེད་པར་མ་བུ་གཏོར། །
བེ་ལ་རང་བཙན་མེད་པར་ཐག་ནག་སྦྲེལ། །
གནས་ལ་རང་བཙན་མེད་པར་གཅིན་སྐྱག་ཁང་། །
ཉིན་མཚན་མེད་པར་མི་ཡི་གཡོག་ཏུ་བཀོལ། །
སྔ་དགོང་མེད་པར་རང་ལུས་སྡུག་ལ་སྦྱར། །
ཁ་ནས་ཝུན་སྒྲ་རང་བཙན་འོས་ན་ཡང་། །
མགོ་ནག་སྐད་འདི་མ་གོ་ཤིན་ཏུ་སྐྱོ། །
རྒྱ་ནག་ཡུལ་ནས་མགོ་ནག་དམག་ཆེན་རྡོལ། །
མགོ་ནག་བོད་པ་གཞིས་བྱེས་གཉིས་སུ་གཏོར། །
གཡག་རྒོད་རང་ཡུལ་བཟུང་ནས་མ་བྲོས་སྡད། །
འོན་ཀྱང་གནད་གཅོད་སྔར་ལས་སྡུག་ཏུ་སོང་། །
དབྱར་ཁྲལ་དགུན་ཁྲལ་གཡག་གི་སྲོག་ལ་རྔམ། །
མགོ་ནག་ནང་མཐུན་ཁྲག་དར་དམར་པོ་གཙུགས། །
ཀྱེ་ཧོ་གཤིས་གཡག་གངས་རིའི་བདག་པོ་ང། །
མགོ་ནག་ཁྲེལ་མེད་འདི་ཚོའི་ལས་ཀས་སུན། །
ལག་ལས་རང་གི་འཚོ་བ་ངན་ངོམ་གཉེར། །
དོན་མེད་གཡག་སོགས་ཉིན་མཚན་སྡུག་ལ་སྦྱར། །
ས་ལ་རང་དབང་མེད་པར་གད་སྙིགས་བསྐང་། །
ཆུ་ལ་རང་དབང་མེད་པར་གཉའ་ཟམ་རྒྱབ། །
སྤང་ལ་རང་དབང་མེད་པར་ལྕགས་ར་གཡོགས། །
ཐང་ལ་རང་དབང་མེད་པར་ཐིག་ནག་བཏབ། །
རི་ལ་རང་དབང་མེད་པར་དར་ཅོག་གཙུགས། །
བྲག་ལ་རབ་དབང་མེད་པར་བཙན་གྱིས་གཏོར། །
ནགས་ལ་རང་དབང་མེད་པར་མེ་ལ་བཏང་། །
དུག་རྫས་མི་ངོམས་མགོ་ནག་ཕལ་ཆེ་སྨྱོ། །
དྲན་འཁྲུལ་རྒོད་པའི་མགོ་ནག་འཁྱམ་པོ་ཚོ། །
སྤྱང་གྲང་མི་ལྡན་གཡོ་སྒྱུ་ཁོ་ན་སྤྱོད། །
བདེན་པའི་ལས་སྒྲུབ་ཉིན་སྐར་སྤུན་བཞིན་སྣང་། །
དོན་མེད་ལས་སྒྲུབ་མཚན་མོའི་སྐར་ལྟར་བཀྲ། །
རང་དབང་ཟེར་ནས་རང་ཡུལ་རོ་ལྟར་བཟོས། །
བསྟན་པ་ཟེར་ནས་དུད་འགྲོ་སྡུག་ལ་སྦྱར། །
ཤོག་ལུད་དོན་དུ་ཉིན་མཚན་བར་མེད་འབད། །
ཆོས་བརྒྱད་མཁན་པོ་ཁྱད་ཚོ་ངོ་ཚ་མེད། །
ཆོས་ལ་གཏན་ནས་སྡིག་བསགས་མི་ཚེ་ཟད། །
དོན་མེད་མི་ཡུལ་འགྲིམ་པ་ཤ་རེ་ཚ། །
མི་ལུས་ཟེར་རུང་ཤ་རུས་ལྤགས་པས་གཏུམ། །
སྐད་ཡིག་ཟེར་ཡང་ཚིག་སྟོང་བྲག་ཅ་སྒྲོགས། །
ཕྱི་ནང་མི་ཤེས་མགོ་ནག་བདག་པོ་ཚོ། །
ཁྲེལ་མེད་བྱས་ཀྱང་འཁོན་འཛིན་གཡག་ལ་མེད། །
མཆེ་སྡེར་མེད་ཀྱང་ཤ་ཁྲག་ངོམ་མེད་རོལ། །
གཞི་ཁྱིམ་མེད་ཀྱང་གཡག་རྩིད་སྦྲ་གུར་བྱས། །
བྱས་པ་དྲིན་མེད་གཡག་ལ་མཐོང་ཆུང་ཚོ། །
དོན་ལ་ཁ་ཟས་ཟོས་པ་ཆུད་ཟོས་ལགས། །
བོན་བོད་ཡིན་ཟེར་མགོ་ནག་ཕལ་མོ་ཆེ། །
མགོ་སེར་མིག་སྔོན་ཡུལ་ལ་ཞེན་ཆགས་ཅན། །
རང་ཆོས་ཡོད་ན་ལག་ལེན་མི་བཏབ་པར། །
ཁ་བཤད་རྣ་བ་མི་འགྲོ་མགོ་ནག་ཚོ། །
གནའ་མྱི་རང་ཡུལ་སྐྱུར་བའི་སྡར་མ་ཚོ། །
དེང་མི་ངོ་ཚ་མེད་པའི་བླ་བཙོང་ཚོ། །
ཁ་སྟོང་ལག་སྟོང་མཁན་གྱི་མགོ་ནག་ཚོ། །
གཡག་རྒན་ང་ཡང་ཞེན་པ་གཏིང་ནས་ལོག །
འདོད་ཆུང་ཆོག་ཤེས་ཅན་གྱི་གཡག་རྒན་ང་། །
རྩྭ་ཆུ་ཁོ་ཁའི་འཚོ་བའི་གཡག་རིགས་ཚོ། །
རང་ཡུལ་གནས་ཤིང་རང་ཆོས་འཛིན་པ་ལ། །
རང་དབང་ཅུང་ཟད་སྟེར་ན་མི་ལེགས་སམ། །
ཞེས་པ་འདི་༢༠༠༩ ༨ ༡བུདྡྷ་ཛྙྰ་ནའི་རི་ཁྲོད་ནས་རང་ཡུལ་གྱི་ཕྱུགས་རུ་བ་བསོ་མགོན་ནས
ཁ་སྤར་ལ་གཏན་ནས་གཡག་ཁམ་རིས་ཀྱི་སྐད་ཆ་ཞེས་ཅི་དྲན་ཏུ་ཤྲྰི་སྨྱོན་པས་སོ། །
༄༅། །རྟ་ཤྲྰིའི་རང་སྣང་གང་ཤར་མ། །
ཨི་ཧི་ཧི་ཧྰུྃ་ཧྰུྃ།
ཡེ་འབྱུང་བའི་རྟེན་འབྲེལ་སྲིད་པའི་གཞི། །
ཆོས་ཆགས་གནས་འཇིག་སྟོང་ཇི་སྙེད་ཀྱང་། །
དཔལ་ཀླུང་རྟ་མ་ཉམས་ཅང་ཤེས་རྟ། །
གཤིས་བན་བོན་མཆོད་པའི་ལྷ་ཅིག་ཡིན། །
ཕྱི་དུད་འགྲོ་རྐང་བཞི་རྩྭ་གཟན་མཁན། །
ནང་སྣང་བ་མཐའ་ཡས་སྤྲུལ་བའི་སྐུ། །
དོན་སྤྲུལ་སྐུ་ཡང་དག་རྟ་མཆོག་ཚོ། །
ངོ་མ་ཤེས་གཞོན་པ་རྐང་གཉིས་འཁྲུལ། །
ལྷ་འཇིག་རྟེན་དབང་ཕྱུག་བ་ལ་ཧ། །
ཀླུ་གཙུག་ནའི་རྟ་གཡང་རྭ་གཅིག་གོ །
གཉན་ཁྲ་བོའི་ཛྃ་རྟ་དཀར་སེར་ལོ། །
རྨ་རྟ་གཡང་སྐྱང་རྒོད་སྲིད་པའི་མིག། །
དུས་འབྱུང་བཞི་དང་པོ་ཆགས་ནས་བཟུང་། །
རྩལ་རླུང་རྟ་དར་བའི་སྲིད་པའི་ལྷ། །
མི་དབང་ཆེན་གེ་སར་རྒྱལ་པོས་ཡང་། །
གྲོགས་མི་རྟ་གཉིས་ལ་ཁྱད་མེད་གནང་། །
ལྷ་དཔལ་མགོན་གསོལ་བའི་ཐོག་མ་རུ་། །
དཔལ་རྟ་མཆོག་མེད་ན་ཀི་བསྭོ་ཆད། །
བཙན་རྒོལ་འདོད་ཆེམས་ལ་ཕེབས་ཉིན་མོ། །
མགོན་རླུང་རྟ་མ་དར་དགྲ་ལག་ཤོར། །
གནས་གངས་དཀར་རང་བདག་བསམ་པ་ན། །
དཔལ་རྟ་མཆོག་རྒྱལ་པོ་ཡང་གསོལ། །
བདུད་ནག་པོ་རྟ་མགྲིན་ང་ཡིས་གཏོར། །
སྔོན་རུ་ཊ་རྟ་ཡི་སྒྲལ་བཞིན་བཟོ། །
རྗེ་ལྷ་འབོད་ཀླུ་འབོད་བརྒྱ་བས་ཀྱང་། །
རྟ་ཅང་ཤེས་མཆོད་ན་བྱིན་རླབས་མྱུར། །
གྲོགས་རྐང་བཞི་བསྟེན་ན་འཁོན་རྩུབ་མེད། །
འགྲོགས་བདེ་བ་རྟ་མཆོག་ངེད་ཚོ་ལགས། །
གནས་མི་དགོས་རི་ཁུག་རྩྭ་ལྷས་ཆོག །
གོས་མི་དགོས་ལྷན་སྐྱེས་སྤུ་རིས་འཁྱིལ། །
ཟས་མི་དགོས་མཐོ་སྒང་རྩྭ་ཡི་ཆོག ། །
རྟ་ངེད་ཚོ་ཡ་མཚན་མི་ཆེའམ། །
ཚིག་ཆོས་བརྒྱད་མི་དགོས་སྟོང་གཏམ་རེད། །
རྒྱུ་གསེར་དངུལ་མི་དགོས་ས་རྡོ་རེད། །
གོས་དར་ཟབ་མི་དགོས་ཤིང་བལ་རེད། །
ཐོབ་གོ་ས་མི་དགོས་རྨོངས་དད་ལགས། །
བྱ་ཁྱུང་ཆེན་འདབ་ཆགས་རྒྱལ་པོ་གཅིག །
སེང་དཀར་མོ་གཅན་གཟན་རྒྱལ་པོ་གཉིས། །
སྟག་གཡུ་འབྲུག་ཐོབ་ཐང་སྙན་གྲགས་གསུམ། །
རྗེ་རྟ་མཆོག་མེད་ན་ཡོད་རབས་མེད། །
སྤྱི་སྨྲ་ཤེས་དོན་གོ་འགྲོ་བ་མི། །
དཔའ་སྙིང་སྟོབས་ཅན་གྱི་བུ་ལོ་དང་། །
སྨན་མཛངས་མཛེས་ལྡན་པའི་བོ་ལོ་ཚོས། །
ལྷ་རྟ་མཆོག་བསྟེན་ན་མི་ལེགས་སམ་། །
གདོང་དཀར་ནག་དམར་པོའི་ཁྱད་པར་མེད། །
དྲན་ཤེས་བཞིན་ཡོད་ན་ཅང་ཤེས་རྟ། །
བཀའ་བསྟན་བཅོས་སྙིང་པོ་རྟ་མཆོག་ང། །
མི་ཀུན་གྱིས་བསྟེན་ན་མི་ལེགས་སམ། །
སྐད་ཀི་བསྭོ་ལྷ་རྒྱལ་མ་འོས་ཀྱང་། །
སྙིང་བརྩེ་བ་འགྲོ་བ་སེམས་ཅན་ལ། །
དོན་འདྲ་མཉམ་བྱམས་སྐྱོང་བྱས་པ་ན། །
དཔའ་རང་བཙན་བཤད་ཀྱང་དེ་ཀ་ལགས། །
ཆོས་བན་བོན་མ་རྩོད་བདེན་པ་ལྟོས། །
དོན་ཕྱི་ནང་མ་ནོར་འགྲོ་བ་མི། །
ཆོས་བླང་དོར་ངོ་ལྐོག་མཚུངས་པ་ན། །
མཁས་བཙུན་པ་ཡོན་ཏན་རྒྱ་མཚོ་ལགས། །
ཞེས་པ་འདི་༢༠༠༩ ༨ ༣ བུདྡྷ་ཛྙྰ་ནའི་རི་ཁྲོད་ནས་རྨི་ལམ་ཞིག་ལགཏན་ནས་
སྐད་ཅིག་དེ་ཉིད་ལ་ཅི་དྲན་ཏུ་ཤྲྰི་སྨྱོན་པས་སོ། །
༄༅།ར་ཤྲྰིའི་རང་སྣང་གང་ཤར་མ། །
མེ་ཨེ་ཨེ་ཡེ། །
ཡེ་སྲིད་འབྱུང་གནས་དབྱིངས་ཉིད་འཁོར་འདས་གཞི། །
ས་ཆུ་མེ་རླུང་རིམ་བཞིན་མཁའ་ལ་རྟེན། །
དེ་བཞིན་ཕུང་ཁམས་ལས་ཉོན་སྐྱེ་མཆེད་འབྲེལ། །
དག་མཉམ་བདེན་པའི་རང་བཞིན་རྒྱལ་གྱུར་ཅིག །
ཀུན་རྫོབ་ཆོས་ལ་ཆགས་གནས་འཇིག་སྟོང་གཅིག །
སྣང་སྲིད་དག་གཟིགས་ཡེ་ཤེས་དཀྱིལ་འཁོར་གཉིས། །
དོན་དམ་གཤིས་ལ་རྟག་བརྟན་གཡུང་དྲུང་གསུམ། །
ཇི་བཞིན་འཇལ་བའི་སྐལ་བཟང་ཡེ་ཤེས་སྩོལ། །
ཤེས་བྱ་ཟབ་རྒྱས་མཐའ་ཡས་རྒྱ་མཚོའི་ཆུ། །
ཇི་སྙེད་རྣམ་དཔྱོད་ཧུབ་ཀྱིས་འདྲེན་ནུས་པ། །
༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོས། །
ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་མཛོད། །
ཀྭ་ཡེ་གསོན་དང་མི་ཕྱུགས་རི་དྭགས་ཚོགས། །
ཁ་བ་ཅན་གྱི་ར་རྒན་རྒྱ་བོ་ངས། །
ག་དུས་ཡིན་ཡང་ར་མའི་ལ་རྒྱ་བསམ། །
ང་ཚོར་ཚོགས་དྲུག་བདེ་སྡུག་འདྲ་འདྲ་ཡིན། །
ཅ་ལེ་ཅོལ་ལེའི་ར་སྐད་ངས་ཀྱང་ཤེས། །
ཆ་ངེ་ཆུང་ངེའི་བརྟག་དཔྱད་ང་ཚོས་བྱ། །
ཇ་ལན་ཆུ་འཇལ་མིན་པར་དྲིན་ལེན་དགོས། །
ཉ་ལེ་ཉི་ལེ་མིན་པར་བརྩོན་འགྲུས་བྱ། །
ཏ་ཐྰ་ག་ཏའི་གསུངས་ལ་ཕྱོགས་རིས་མེད། །
ཐ་དག་དྲང་ངེས་ལྡེམ་དགོངས་བཞི་བཞི་ལྡན། །
ད་ལྟ་ལམ་སེང་སངས་རྒྱས་མི་ཐོབ་ཀྱང་། །
ན་ཚོད་ཁྱད་མེད་རྒྱུན་དུ་འབད་ན་ལེགས། །
པ་ར་མི་ཏའི་གསུང་གི་ཟབ་རྒྱས་གཅིག །
ཕ་མའི་རྒྱུད་སྡེའི་གསང་སྔགས་གནད་འགག་གཉིས། །
བ་ར་བོང་གི་ལ་རྒྱའི་རྩོད་པ་གསུམ། །
མ་འདྲིས་སོ་སོར་ཤེས་ན་ཤིན་ཏུ་ལེགས། །
ཙ་ར་ཁུང་དག་ར་རིགས་ལོ་རྒྱུས་ཡོད། །
ཚ་ཞིང་རྒྱུད་པ་མ་ཉམས་འཛམ་གླིང་གང་། །
ཛ་ཡའི་བསྟན་པའི་རྗེས་འཇུག་ར་ཡང་ཡོད། །
ཝ་ཙི་དོན་མེད་ར་ཚེ་མ་གཏོང་འཚལ། །
ཞ་ཞི་བསམ་མེད་ནང་བཞིན་བྱ་རྒྱུ་མེད། །
ཟ་ཉལ་ཁོ་ན་དོན་དུ་གཉེར་རྒྱུ་མེད། །
འ་ཅག་ར་ཚེ་ལ་རྒྱ་ཡོད་པར་དགོས། །
ཡ་རབས་ལྟ་སྤྱོད་ཀུན་གྱིས་བསླབ་པར་འཚལ། །
ར་མ་མགོ་ཐོག་བཞག་ཀྱང་རིལ་མ་བཏང་། །
ལ་ལུང་གཏམ་འཆལ་འདི་ཚོ་ཉན་རྒྱུ་ན། །
ཤ་ཁྲག་གཅིག་པའི་ར་ཡི་ལ་རྒྱ་ཉམས། །
ས་སྟེང་ར་ལུས་ཐོབ་པ་དོན་ལྡན་དགོས། །
ར་ཛ་ལྷ་རྒྱུད་རྒྱ་གར་གླིང་ནས་བྱུང་། །
ར་རྒྱ་ཀླུ་རྒྱུད་རྒྱ་ནག་ཡུལ་དུ་དར། །
ར་ཁྲག་གཉན་རྒྱུད་ཞང་ཞང་གནས་སུ་རྒྱས། །
ར་རིགས་རྒྱུད་པ་ཤར་ནུབ་ཕྱོགས་ཀུན་ཁྱབ། །
ར་ལ་བརྟེན་ནས་རྩ་བཞི་ཆང་ལྔ་བཅས། །
ར་ཡིས་གཙུག་ལག་ཁང་ཆེན་གསར་དུ་བཞེངས། །
ར་མོ་དགོན་ཞེས་འཛམ་བུ་གླིང་ཀུན་གྲགས། །
ར་ཡི་གསེར་སྐུ་རང་བྱུང་མཇལ་དུ་ཡོད། །
ར་ཡི་ལྷག་བསམ་བརྩོན་འགྲུས་རྟུལ་ཕོད་ཀྱིས། །
ར་ས་འཕྲུལ་སྣང་ཁང་ཆེན་རྨིང་བརྟན་བཞག །
ར་ས་ཡིན་ཡང་མི་ཡིས་ལྷ་ས་བཏགས། །
ར་ཡི་རང་བཙན་དག་མ་མི་ལ་ཤོར། །
ར་ཤ་བོན་གྱི་བསང་གསོལ་གྲལ་དུ་མཆོད། །
ར་ཁྲག་སྨན་ཆེན་གསོ་རིག་རྒྱན་དུ་ཕུལ །
ར་འོ་བན་དེའི་ཤེས་རབ་རིལ་བུ་སྒྲུབ། །
ར་ལྤགས་བོད་ཆས་ལ་དྭགས་མཛེས་ཆོས་བྱས། །
ར་རྫི་སྐར་རྒྱལ་ནམ་མཁའི་དབྱིངས་ནས་ཕུར། །
ར་རྒྱལ་གྲུབ་ཐོབ་བསྟན་པ་དག་ཐེར་མཛད། །
ར་སྐད་གོ་ན་དུག་སྦྲུལ་ངང་གིས་བྲོས། །
ར་ལ་ཡོན་ཏན་བརྗོད་ཀྱི་མི་ལང་མཚར། །
ར་མ་ནག་པོ་ཤམྦྷ་ལ་རུ་ཕེབས། །
ར་མ་ལྷ་ལུས་འོད་དཀར་སྙིང་པོར་འཁྲུངས། །
ར་མ་ས་ལམ་ཐོབ་ནས་མངོན་དགར་བྱོན། །
ར་མས་ལུང་བསྟན་དྲིན་ལེན་ར་ཡིས་འཇལ། །
ར་ཤ་ཟ་བ་ཕོད་དམ་འགྲོ་བ་རྣམས། །
ར་ཁྲག་འཐུང་བར་ཕོད་དམ་སྟག་ཤར་ཚོ། །
ར་ཡིས་དཀོར་སྲུང་དམ་ཅན་ར་རྒྱལ་དང་། །
ར་ཧུ་ལ་སོགས་སྤྲུལ་སྐུ་བསམ་མི་ཁྱབ། །
ར་ཐོང་ཚེ་ཐར་གཏོང་ན་ཚེ་གེགས་སེལ། །
ར་ཞོ་གཙང་མར་གཏོང་དང་དུག་ནད་སེལ། །
ར་མགོ་གཙང་སར་ཞོགས་དང་གདོན་བགེགས་སེལ། །
ར་ལ་སྐྱབས་འགྲོ་བྱས་ན་མི་ལེགས་སམ། །
ར་ཡིག་མེད་ན་རྒྱ་གར་ར་ཛ་མེད། །
ར་ཡིག་དབྱངས་དང་བྲལ་ན་རིན་ཐང་མེད། །
ར་ཡིག་ཁོ་ནས་རིན་ཆེན་ཐམས་ཅད་མཚོན། །
ར་ལ་ཚིག་དོན་ཕུན་སུམ་ཚོགས་པར་མཆིས། །
ར་ཡི་སྙན་ངག་ཨ་མདོའི་སྐད་ལ་མང་། །
ར་ཨ་པ་ཙ་ན་དྷྰི་བོན་གྱི་སྔགས། །
ཧ་ལོ་དུག་གི་གནོད་པ་སེལ་བར་བཤད། །
ཨ་ར་པ་ཙ་ན་དྷྰི་བན་གྱི་གཟུངས། །
ཧ་ཅང་བརྩོན་པས་སྒྲུབ་ན་འཇམ་དཔལ་འགྲུབ། །
ཨ་ཧོ་ཡ་མཚན་ཅན་གྱི་ར་མ་མོད། །
ར་ལ་ལས་འབྲས་མ་རྩིས་མའུ་ར་བྱུང་། །
གླང་ལ་སྨོན་ལམ་མ་བཏབ་གླང་དར་བཞིན། །
རབ་མཛེས་སྔགས་འཆང་དམ་པ་ཁྱེད་རྣམས་ལ། །
ར་བཟི་མིན་པར་དྲང་པོས་བསྟོད་གསོལ་འབུལ། །
ར་ལུག་སེམས་ཅན་རང་དབང་སྙིང་ནས་ཞུ། །
ར་ལ་ཁྱད་པར་དམིགས་བསལ་རང་བཙན་དགོས། །
ར་ལ་རང་དབང་སྟེར་ན་བདེ་སྐྱིད་འོང་། །
ར་བ་གངས་དཀར་བདག་པོ་ར་རྒྱ་རྣམས། །
ར་ལ་རང་དབང་མ་བཞག་རང་བཙན་ཤོར། །
ར་ཉིད་རྡུལ་བྲལ་མཉམ་པ་ཉིད་ལ་གཟིགས། །
ཅེས་པ་འདི་ར་ལོ་རིན་པོ་ཆེ་དང་མཆོག་གི་སྲས་མོས་བསྐུལ་མར་ལྟ་བུ་ལ་བསྟེན་ནས་ཅི་དྲན་དུ་
རང་ཉིད་ར་རྒན་ཞིག་ཡིན་པའི་ཚུལ་དང་ར་རྩོམ་ཐོལ་བྱུང་དུ་གནམ་གྲུའི་ཐང་ཞིག་ནསམྱུར་བྲིས་བགྱིས་པ་ཤྲྰི་སརྦ་ར་ཛ་ལོ་ཀ་བི་ཛ་ཡནྟུ། །