ཨེ་མ་ཧོ།
ན་མོ་གུ་རུ་ཨ་བྷྱ་ལ྇ཀྵྃ་ཀ་ར་ཡེ།
ཀ་མ་ལ་ལྟར་བཞད་པའི་དབེན་གནས་ཀྱི་རི་རྩེར།།
ཁ་ཁོག་བདེན་པའི་རིག་འཛིན་དེང་དུས་ཀྱི་རྣལ་འབྱོར།།
ག་ས་གང་ན་བལྟས་ཀྱང་དགའ་སྐྱིད་ཀྱི་ཞིང་ནས།།
ང་ཡི་མཛའ་གྲོགས་རི་བོང་དལ་ཅིག་ལ་གསོན་མཛོད།།
ཅ་ཅོ་འདུ་འཛིས་དབེན་པའི་རི་ཁྲོད་ཀྱི་གནས་འདིར།།
ཆ་ལུགས་གང་དགའ་སྒྱུར་བའི་སྨྱོན་པ་ངའི་དྲུང་ན།།
ཇ་མདོག་སྤུ་རིས་འཁྱིལ་བའི་རི་བོང་གིས་ཆོས་ཉན།།
ཉ་གང་ཟླ་བར་སྣང་བའི་བློ་ལྡན་ཁྱེད་མིན་ནམ།།
ཏ་ཐྰ་ག་ཏའི་བསྟན་བུའི་ཡང་སྙིང་ལ་གསོན་དང་།།
ཐ་དག་ཐར་བ་ཐོབ་པའི་ཐོས་གྲོལ་གྱི་ཕན་ཡོན།།
ད་ལྟ་ཁྱོད་ཀྱིས་གསན་པ་བསོད་ནམས་ཀྱི་འབྲས་བུ།།
ན་རཀ་སྡུག་བསྔལ་སེལ་ཞིང་མྱང་འདས་ལ་ཆས་འགྲོ།།
པ་ར་མི་ཏའི་ཕྱིན་བཅུའི་ས་ལམ་གྱི་སྙིང་པོ།།
ཕ་མས་རྒྱུད་སྡེའི་དག་མཉམ་གསལ་རྫོགས་ཀྱི་ཡང་སྙིང་།།
བཛྲའི་ཐེག་རྩེའི་སྙིང་ཐིག་རྫོགས་ཆེན་ལ་ཉམས་ལེན།།
མ་ལུས་ཀུན་འདུས་རང་བྱུང་བུ་གཅིག་གི་རྒྱལ་པོ།།
ཙ་རི་སྦས་ཡུལ་འདྲ་བའི་ཀ་བྷན་གྱི་ནགས་ཀློང་།།
ཚ་གྲང་མཉམ་པའི་རི་ཁྲོད་རང་བཞིན་གྱི་དགོན་དུ།།
ཛ་ཡའི་བསྟན་པའི་སྙིང་པོ་ཐོས་བསམ་གྱི་སྒོམ་པས།།
ཝ་ལེར་རིག་འཛིན་བརྒྱུད་པའི་གཤེགས་ཤུལ་ལ་ཆས་འགྲོ།།
ཞྭ་དམར་སྔ་འགྱུར་རྒྱལ་བའི་བཤད་སྒྲུབ་ལ་འབད་བཞིན།།
ཟ་ཧོར་མཁན་སློབ་མཛད་པའི་ཕྲིན་ལས་ཀྱི་སྣང་བར་།།
འ་ཅག་མཉམ་དུ་འཛོམས་པ་སྐལ་བ་རེ་བཟང་ཕྱིར།།
ཡ་མཚན་ཀུན་བཟང་བླ་མའི་རང་ཞལ་ལ་གཟིགས་མཛོད།།
ར་བ་མཚོ་བྲག་མུ་ཁྱུད་དཀྱིལ་འཁོར་བཞིན་བཀོད་པའི།།
ལ་ལུང་གཡུ་མདོག་མཛེས་པའི་ཀུན་བཟང་གི་ཞིང་ནས།།
ཤ་ཞེན་ཆོས་ལ་དུང་བའི་རི་བོང་ཁྱོད་མཐོང་ཚེ།།
ས་ལམ་ཡོན་ཏན་ཐོབ་པའི་སྨོན་ལམ་ཞིག་བྱས་ཡོད།།
ཧ་ཅང་ཕྱི་ནང་གཙང་པའི་དབེན་རི་ཡི་ངོགས་སུ།།
ཨ་མཚར་ཀུ་རེ་མིན་པར་དམ་ཆོས་ཀྱི་འཆད་ཉན།།
ཨིན་ལན་གངས་ལྡན་རི་ནས་ཀ་ལྷུན་གྱི་སྒོམ་པས།།
ཨུ་རྒྱན་རིག་འཛིན་བརྒྱུད་པའི་ཚོགས་གྲལ་དུ་ཆས་སོང་།།
ཨེ་མ་ཧོ་རུ་འབོད་པའི་སྙིང་གཏམ་གྱི་སྙིང་པོ།།
ཨོ་རྒྱན་པདྨའི་ལྟ་སྒོམ་སྤྱོད་འབྲས་ལ་བརྩོན་ནས།།
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དེད་དཔོན་རུ་ཆས་འགྲོ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་ཁྲུམས་ཟླའི་དབང་ཚེས་དགེ་བར་དབྱར་གནས་བགྱིས་པའི་དུས་སུ་དབྱར་གནས་ཕྱིར་ཏུ་ལབ་རྩེ་རུ་དར་ལྕོག་རྣམས་རི་རྩེ་རུ་སྒྲོན་པའི་སྐབས་སུ་རི་བོང་ཇ་མདོག་ཅན་ལྟ་ན་སྡུག་པ་ཅིག་གིས་འཕག་རྩེད་དང་དགའ་གུས་སྣ་ཚོགས་བསྟན་པ་དང་བདག་གིས་བསྟན་བུ་དང་བཟང་སྤྱོད་ཚར་རེ་ཀློག་ཚེ་རི་བོང་དེས་ཆ་ཚང་ཉན་པའི་ཚོར་སྣང་དག་གང་ཤར་དུ་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་གི་ཡ་གྱལ་ཨེ་ཝྃ་ཡེ་ཤེས་བླ་མའི་རི་ཁྲོད་ནས་བྲིས་པར་དགེའོ།། །།
སློབ་དཔོན་ཨེ་མ་ཧོ་ཡིས།།
བློ་ལྡན་རི་བོང་ཞིག་ལ།།
གསང་སྔགས་ཟབ་མོ་གནང་པས།།
ཐར་བའི་ལམ་སྣེ་ཁྲིད་སོང་།།