སྣང་རྒྱལ་ཤེས་དགེ། (ཝ་རཱ་ཎ་སི)
རི་མོ་དང་འདྲ་བའི།།
གངས་འདབ་ཀྱི་རི་གྲོང་།།
རྒྱ་ཐང་གི་རྨི་ལམ།།
རི་རྩེ་ལ་འཕུར་སོང་།།
ཆར་ཟིམ་གྱིས་བྲན་པའི།།
ལྗང་མདོག་གི་རི་ཀློང་།།
སྙན་ངག་གི་པིར་རྩེས།།
འབྲི་ཐབས་ཤིག་མི་འདུག །
བསིལ་འཇམ་གྱི་རླུང་བུ།།
བྱིལ་བྱིལ་དང་འདྲ་ཞིང་།།
དྲོད་འཇམ་གྱི་ཉི་འོད།།
འཛུམ་མདངས་དང་འདྲ་འདུག །
མཐོ་སྒང་གི་གཡག་རྒན།།
རྒྱ་ཐང་ལ་ཕབས་ན།།
འདམ་ནང་གི་མ་ཧེ།།
འདྲིས་ཐབས་ཤིག་མི་འདུག །
དུད་རྡུལ་གྱི་མཁའ་དབུགས།།
གྲོང་ཁྱེར་གྱི་འུར་ཟིང་།།
རི་ཁྲོད་ཀྱི་དངས་གཙང་།།
དྲན་གདུང་གི་སྐུལ་མ།།
རྣ་ལམ་གྱི་ངོ་མཚར།།
མིག་ལམ་གྱི་སྐྱོ་ཉམས།།
དད་པ་ཡི་རྒྱང་མཇལ།།
དག་སྣང་རང་ཡིན་འདུག །
ཡ་རབས་ཚོའི་གནས་ཡིག །
འཇའ་ཚོན་དང་འདྲ་བར།།
ཕར་ཕར་ལ་དེད་ན།།
བསླུ་བྲིད་ལས་མི་འདུག
ཞོགས་ཇའི་ཞོར་དུ་བྲིས། ༢༠།༠༥།༢༠༡༥