མིག་བརྒྱད་པ།
༼སྣར་ཐང་བཀའ་འགྱུར༽་གྱི་པར་གཞི་ཐོག་མ་སྤྱི་ལོ་༡༣༡༢་ལོར་ཡོན་རྒྱལ་རབས་ཀྱི་ཧུང་ཆིན་བྱ་བའི་སྲིད་ལོ་དང་པོར། སྣར་ཐང་གི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དགག་པཀྴི་ཞེས་བྱ་བ་སོག་པོའི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་ཡན་ཐུ་ཞེས་བས་གདན་ཞུས་ལྟར། སོག་ཡུལ་དུ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་ལེགས་པར་སྤེལ་བས་གོང་མའང་ཧ་ཅང་ཐུགས་མཉེས་བའི་ལོ་རྒྱུས་འདུག་ལ། ཁོང་གི་ཐུགས་ལ་རྒྱལ་བློན་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་བྱུང་བའི་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་བོད་ལ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྡུས་ན་སྙམ་པའི་ཐུགས་འདུན་ཀུན་ནས་བསླངས་ཏེ། རང་གི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་གསེར་ཡིག་གི་ལམ་ནས་ཞུས་ཤིང་། དབུས་པ་བློ་གསལ་བྱང་ཆུབ་འོད་ཟེར་དང་ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་རྣམས་ལ་གསེར་ཡིག་པའི་གདོང་དུ་དངོས་པོ་གཏོས་ཆེར་ཕུལ་ནས་བཀའ་བསྟན་རྣམས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཀྱི་པར་བཞེངས་ཀྱི་མཐུན་རྐྱེན་གྱ་ནོམ་པ་སྦྱར་ཏེ། བཅོམ་ལྡན་རིག་པའི་རལ་གྲིས་དབུ་མཛད་དེ་གོང་སྨོས་བླ་སློབ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་དབུས་གཙང་མངའ་རིས་དང་བཅས་བའི་ཡུལ་གྲུ་བཞུགས་པའི་བཀའ་བསྟན་གྱི་ཕྱི་མོ་རྙེད་དོ་ཅོག་ལ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་བསྡུར་བྱས། ཞུ་དག་གིས་གཏན་ལ་གཏན་ལ་ཕབ་ཅིང་གུང་བསྒྲིགས་ཏེ་དཀར་ཆག་བཅོམ་ལྡན་རིག་རལ་གྱིས་ མཛད་པ་བཅས ལེགས་པར་གྲུབ། དེ་ལ་སྣར་ཐང་པར་རྙིང་དུ་གྲགས། འདི་རྣམས་བཀའ་འགྱུར་མ་ཕྱི་བྲིས་མ་རྐྱང་ཡིན་ས་རེད། ་དེའང་དུས་འཁྲུག་དང་ཟང་ཟིང་གིས་ད་ལྟ་ཁ་ཐོར་ཙམ་ལས་ལྷག་མ་རྣམས་མ་ལུས་བར་འཇིག་ སོང་སྐད། སྤྱི་ལོ་༡༦༨༩་ནས་༡༧༤༧་བར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་པར་བརྐོས་ཀྱི་མཐུན་རྐྱེན་ཉེ་བར་སྦྱར་ཏེ་སྟོད་ཤེལ་དཀར་དུ་བཀའ་དང་བསྟན་བཅོས་ཤིང་ པར་དུ་བརྐོས་བ་དེ་ཙམ་གྱིས་མ་ཟད། འགོ་འཛིན་དང་ཇུས་འགོད། ཡིག་རྒན། པར་བ། ཞུ་དག་པ་བཅས་དབུས་གཙང་མངའ་རིས་དང་བཅས་པའི་རིག་བྱེད་ལ་མཆོག་ཏུ་སྤྲོ་བའི་གསར་ སློབ་མང་པོ་ཤེལ་དཀར་རྫོང་གི་འདབས་རོལ་གྱི་པར་ཁང་གི་གྲྭ་ལ་འདུས་ཏེ་ཐུན་མོང་ གི་རྩོལ་བ་བརྟེན་ནས། སྤྱི་ལོ་༡༢༩༠་ནས་༡༣༦༤་བར་བུ་སྟོན་རིན་ཆེན་གྲུབ་ཀྱི་མ་ཕྱིས་ཞུས་པའི་བཀའ་འགྱུར་མ་ཕྱི་བྲིས་མ་ཞྭ་ལུའི་གསེར་ཁང་དུ་བཞུགས་པ་དེ་ཕྱི་མོར་བཅོལ་ཏེ་སྤྱི་ ལོ་༡༧༣༠་་ནས་མགོ་བརྩམས་ཏེ་ལོ་གཅིག་དང་ཟླ་ངོ་དྲུག་གི་རིང་ཡོངས་སུ་གྲུབ། དེ་ལ་བསྡོམས་པའི་པོད་བརྒྱ་དང་གསུམ་ཡོད་པར་བཤད་ལ་སྣར་ཐང་བཀའ་འགྱུར་པར་གསར་ དུ་གྲགས། བསྟན་འགྱུར་པར་གསར་མ་ནི་སྤྱི་ལོ་༡༧༤༤ལོར་གྲུབ་པར་བཤད་དོ།།
༼ཚལ་བ་བཀའ་འགྱུར༽ འདི་ནི་སྣར་ཐང་བཀའ་བསྟན་གྱི་ཤིང་པར་བསྐྲུན་པའི་རྗེས་སུ་བཞེངས་ཤིང་། ཚལ་བ་ཁྲི་དཔོན་ཀུན་དགའ་རྡོ་རྗེའི་དུས་སུ་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ཏེ་ ཞུ་དག་དང་གོ་བསྡུར་ལེགས་པར་གནང་ཐོག་པར་དུ་བཞེངས་པ་དང་པར་འདིའི་ཕྱི་མོ་ནི་སྣར་ཐང་བཀའ་འགྱུར་པར་རྙིང་ལ་བཅོལ་བར་བཤད།
༼ཚལ་བ་བཀའ་འགྱུར༽ འདི་ནི་སྣར་ཐང་བཀའ་བསྟན་གྱི་ཤིང་པར་བསྐྲུན་པའི་རྗེས་སུ་བཞེངས་ཤིང་། ཚལ་བ་ཁྲི་དཔོན་ཀུན་དགའ་རྡོ་རྗེའི་དུས་སུ་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ཏེ་ ཞུ་དག་དང་གོ་བསྡུར་ལེགས་པར་གནང་ཐོག་པར་དུ་བཞེངས་པ་དང་པར་འདིའི་ཕྱི་མོ་ནི་སྣར་ཐང་བཀའ་འགྱུར་པར་རྙིང་ལ་བཅོལ་བར་བཤད
༼ཅོ་ནེའི་དཔར་མའི་བཀའ་འགྱུར༽འདི་ནི་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་བ་ཞལ་འཛོམས་པའི་སྐབས་དཔོན་པོ་ཉིད་ཀྱིས་ལྷག་བསམ་གྱི་ཁུར་བཞེས་ཏེ་རང་གི་མངའ་ འོག་ན་ཡོད་པའི་ཡི་གེ་བ་དང་པར་རྐོ་བ་རྣམས་བསྡུས། དེ་དག་ལ་དར་ཧན་གྱིས་བདག་རྐྱེན་མཛད་ནས་པར་བརྐོ་དགོས་བའི་ཞལ་བཀོད་གནང་། མཁྱེན་པའི་དབང་ཕྱུགས་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ལི་ཐང་ གི་པར་མ་དང་།་པེ་ཅིན་པར་མ། དབུས་བྲིས་དག་པ་གསུམ་ལ་ཕྱི་མོར་བཅོལ་ནས་ཡི་གེ་མི་ལེགས་པ་དང་ཆད་ལྷག་ཡོད་པ་རྣམས་སླར་བརྗེས་ནས་ངོས་གཙང་སྤུས་དག་པར་བསྒྲུབས་ཏེ་ཡོངས་རྫོགས་བཞེངས། སྤྱི་ལོ་༡༧༢༡་ལོ་ནས་མགོ་བརྩམས་ཏེ་སྤྱི་ལོ་༡༧༣༡་ལོར་ཡོངས་སུ་གྲུབ་སྟེ། འཛད་པ་མེད་པའི་ཆོས་སྦྱིན་གྱིས་ཕྱོགས་ཀུན་ཏུ་ཁྱབ་པར་བྱས་སོ།། པར་དེའི་ཡི་གེ་གཟུགས་མཛེས་པ། བརྐོས་ཟབ་པ། འབྲུ་གསལ་བ། དག་ཐོན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ནི་ཀུན་ལ་གྲགས་སོ།། ཅོ་ནེ་བཀའ་བསྟན་གྱི་པར་ཤིང་ནི་སྤྱི་ལོ་༡༩༢༨་ལོར་ཀ་ཅུའི་ཇག་ཚོགས་མཱ་ཀྲུང་དབྱིན་སོགས་ཀྱིས་སྔ་ཕྱིར་དགོན་ཆེན་བཅོམ་སྐབས་མེར་སྲེག་བཏང་བ་དང་དཔར་མ་ནི་ ༡༩༥༨་འཇིག་ཟིན། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་ཚར་གཅིག་གཉིས་ཤིག་བཞུགས་ཀྱང་མང་པོ་མི་འདུག ཨ་རིའི་ཝ་ཤོན་ཊོན་རྒྱལ་བཙུགས་དཔེ་མཛོད་ཁང་ཆེན་མོར་ཚར་གཅིག་བཞུགས་པར་བཤད། དེ་ནི་སྤྱི་ལོ་༡༩༢༧་ལོར་དཔེ་མཛོད་དེ་གའི་རབ་འབྱམས་པ་ཝའོར་ཐའེ་ལགས་ཀྱིས་བསྐུལ་ངོར། སྐབས་དེར་ཅོ་ནེ་དགོན་ཆེན་དུ་སློབ་སྦྱོང་དང་རྩད་ཞིབ་ལ་གཞོལ་མུས་ཀྱི་ཨ་རི་བ་ ལོལ་ཁི་བྱ་བར་ལག་སོན་བྱུང་བ་དང་། ཁོས་སྒམ་མམ་སྒྲོམ་དགུ་བཅུ་གོ་གཉིས་ཀྱི་ནང་དུ་ལེགས་པར་བཅུག་སྟེ་ཁལ་མ་ལ་བརྟེན་ནས་ལན་ཀྲུའུ་ལ་གདན་དྲངས། དེ་ནས་ལོ་གསུམ་སོང་བ་དང་ཨ་རིའི་རྒྱལ་ཁབ་ཏུ་བསླེབས། འཇར་པཎ་དུ་བཞུགས་པའི་ཅོ་ནེ་བཀའ་བསྟན་ཆ་ཚང་དེ་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མ་མཆོག་ནས་འཇར་པན་གྱི་མི་རིགས་བོད་དུ་ཕེབས་སྔ་ཤོས་ཡིན་པ་དགེ་སློང་ཤེས་རབ་རྒྱ་མཚོའམ་ཨེ་ཁའི་ཁ་བ་གུ་ཅིར་ཟེར་བ་ལ་སྤྱི་ལོ་༡༩༣༧་ལོར་གསོལ་རས་གནང་བ་ཡིན་ལ། ༡༢༤༠་ལོར་རྒྱལ་ས་ཊོག་ཁྱོའི་ཐོ་ཡོ་སྦུང་གོའི་དཔེ་མཛོད་ཁང་དུ་ཡོད་སྐད་དང་། རི་བོ་རྩེ་ལྔའི་དགོན་པའི་ནང་དུ་བཀའ་བསྟན་ཆ་ཚང་གཅིག་བཞུགས་ཡོད་ཅེས་ཟེར། ད་དུང་ཕྱི་སོག་དང་ར་ཤི་ཡ་ལ་ཆ་ཚང་རེ་གཉིས་ཡོད་སྐད། ཅོ་ནེ་བསྟན་འགྱུར་ནི་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་བས་སྔ་མོ་ནས་པར་དུ་བསྒྲུབ་པའི་ཐུགས་འདུན་ཡོད་ཀྱང་། བྲེལ་བ་སྣ་ཚོགས་ཀྱི་དབང་གིས་རེ་ཞིག་ལུས་པ་ན། ཆོས་རྗེས་སངས་རྒྱས་དཔལ་བཟང་གིས་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྐྲུན་པ་ཞིག་བྱུང་ན་བསྟན་པ་སྤྱི་སྒོས་ལ་ཕན་ཐོགས་རྒྱ་ཆེན་པོ་འགྱུར་རོ་ཞེས་རྟིང་བསྐུལ་ཡང་ཡང་མཛད་པར་བརྟེན། རིན་ཆེན་དཔལ་འཛོམས་དང་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་བཅས་ཐུན་མོང་ནས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཁུར་བཞེས་ཏེ། དེའི་དགོས་མཁོ་ཐམས་ཅད་ལ་དབང་ཡོད་ཀྱིས་མི་སེར་བསྐུལ་ཞིང་ཁྲལ་ལེན་པ་སོགས་མ་མཛད་པར་རིན་ཐང་ཡུལ་དུས་ལ་དཔག་པ་ལས་ལྷག་པར་བསྩལ་ཏེ། ཐམས་ཅད་རྒྱུ་དག་ཅིང་ཕུན་སུམ་ཚོགས་པར་མཛད་ནས། པར་གྱི་དོ་དམ་པ་དགེ་སློང་ངག་དབང་དར་རྒྱས། འགོ་བ་ཀ་འབུམ་ཚེ་རིང་། གཉེར་བ་ཚེ་རིང་། ཝང་ཧན་རྣམས་ཀྱིས་བྱས་ཤིང་། པར་ཡིག་འབྲི་མི་མཁས་པ་ལྔ་བཅུ། དབུ་ལྷ་འབྲི་མི་དཔལ་འབྱོར་རྒྱ་མཚོ། ཞུས་དག་པ་བཅུ་སྐོར། པར་རྐོ་བ་སུམ་བརྒྱ་ལྷག་ཙམ། ཤིང་བཟོ་བ། སྣག་ལས་པ། ཤོག་ལས་པ་སོགས་ཀྱིས་ལས་ཚན་མང་པོས་བར་མ་ཆད་པར་ལོ་ངོ་མང་པོར་བརྩོན་པ་ཆེན་པོས་བསྒྲུབས་ཏེ། ཡི་གེ་བ་དང་པར་རྐོ་བ་སོགས་ལ་ཡོན་དང་གནང་སྦྱིན་གྱ་ནོམ་པས་ཚིམ་པར་མཛད་དོ།། འདིའི་དཀར་ཆག་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་མཛད། བསྟན་འགྱུར་གྱི་པར་ཤིང་འདི་ཡང་བཀའ་འགྱུར་གྱི་པར་ཤིང་དང་ཆབས་ཅིག་མཱ་ཀྲུའུ་དབྱིན་གྱིས་ཅོ་ནེ་དགོན་ཆེན་མེར་སྲེག་བཏང་བ་དང་མཉམ་དུ་འཇིག་སོང་ངོ།།
༼སྡེ་དགེའི་བཀའ་འགྱུར༽འདི་ནི་སྡེ་དགེའི་ས་སྐྱོང་རྒྱལ་ཐོག་ཞེ་གཉིས་པ་བསྟན་པ་ཚེ་རིང་དགུང་ལོ་ང་གཉིས་སུ་ཕེབས་པ་སྟེ་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་ས་སྐྱོང་ཉིད་ཀྱི་བཀའ་ནན་གསེར་སྦྲམ་ལྟར་ལྕི་བ་ཁུར་དུ་བཞེས་ཏེ། འཕང་ཐང་དང་ལྡན་དཀར་གྱི་ཐོག་མའི་བཀའ་འགྱུར་ལས་རིམ་བཞིན་བཀའ་གྱུར་བྲིས་མ་དང་པར་མ་ཇི་སྙེད་པ་སྟེ་སྔོན་བྱོན་གྱི་མཁས་པ་དང་ལོ་པཎ་རྣམས་ཀྱིས་གཏན་ལ་ཕབ་ཅིང་ལེགས་གྲུབ་བྱུང་བ་དག་ལ་ཁུངས་བཅོལ། ལས་གཞི་འདི་དབུ་བཙུགས་པ་ནས་ཡི་གེ་བ་མང་པོ་འདུས་པ་ལ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་དཔོན་ཡིག་པ་དྲུག་ཅུ་ལྷག་ཙམ་གྱིས་ལྷུན་འགྲུབ་སྟེང་གི་བླ་བྲང་ཆེན་མོའི་ནང་དུ་པར་ཡིག་འབྲི་བའི་གྲྭ་བཙུགས་པ་དང་། པར་རྐོ་བ་བཞི་བརྒྱ་ལྷག་དང་། ཞུས་དག་པ་བཅུ་སྐོར་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དུ་བསྟེན་པའི་ལོ་ངོ་ལྔའི་རིང་བསྒྲུབས་པ་ཡི་ནོ།།དེ་ཡང་པར་ཤིང་སྲུང་སྐྱོབ་དང་ཡུན་རིང་བཀོལ་སྤྱོད་ ཆེད་མཚལ་པར་དུ་བགྱིས་ཤིང་། ཡི་གེ་གསལ་ཞིང་དག་པ་དང་བརྐོས་ཟབ་ཅིང་གས་འཁྱོག་སོགས་མ་མཆིས་པས་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེ།
༼སྡེ་དགེའི་བསྟན་འགྱུར༽འདིའི་པར་གཞི་སྡེ་དགེ་ས་སྐྱོད་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང་འགོ་འཛིན་གནང་ཞིང་། ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་༼ཁོང་ནི་སྤྱི་ལོ་༡༦༩༧་ནས་༡༧༧༤་བར༽་མཆོག་གིས་ཞུ་དག་གི་འགན་བཞེས་ཏེ། འཕྱོང་རྒྱས་འཕྱིང་བ་སྟག་རྩེའི་ཕོ་བྲང་དང་ཞ་ལུ་གསེར་ཁང་གི་བསྟན་བཅོས་འགྱུར་རོ་ཅོག་ལ་ཕྱི་མོར་བཅོལ་ནས་དེ་བཞི་ནས་ན་ཡར་ལུང་བས་བཞེངས་བའི་བསྟན་བཅོས་འགྱུར་རོ་ཅོག་ལས་རིམ་པར་བརྒྱུད་དེ་མཆེད་པའི་བུ་དཔེ་སྟེ་ཆོས་སྡེ་ཆེན་པོ་སེ་ འབྲས་དགའ་གསུམ་དང་དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་པར་གཞི་འདིའི་བར་གསར་ དུ་འགྱུར་བ་དང་། མདོ་དང་སྔགས་དང། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་བ་ཁྱོན་བསྡོམས་ བདུན་བརྒྱ་དང་བརྒྱད་ཅུ་ཙམ་བསྣན། དེ་དག་ལས་མཆེད་པའི་དཔེ་རྒྱུན་མང་པོ་རྣམས་ནི་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བཞུགས། པོད་ཚན་དུ་དབྱེ་ན། བསྟོད་ཚོགས། རྒྱུད་སྡེ། ཤེར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ་པ། མངོན་པ། འདུལ་བ། སྐྱེས་རབས། དཔག་བསམ་འཁྲི་ཤིང་། སྤྲིངས་ཡིག ཚད་མ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྣ་ཚོགས་སྐོར་གྱི་པོ་ཏི་བཅས་སོ།། པར་གཞི་འདི་ཉིད་ཁུངས་དག་མང་པོར་གོ་བསྡུར་དང་ཞུས་དག་ལེགས་པར་སོང་བ་དག་ལ་ཕྱི་ མོར་བཅོལ་བ་དང་། ཡིག་གཟུགས་ལེགས་པ། ཚིག་གི་འབྲུ་གསལ་བ། ཡི་གེའི་དག་ཐོན་པ། རྐོས་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན།
༼ སོག་པོ་ཁུ་རེ་བཀའ་འགྱུར༽ སྤྱི་ལོ་༡༩༠༨་ལོར་ཁལ་ཁ་རྗེ་བཙུན་དམ་པའི་གདན་ས་དགའ་ལྡན་བཤད་སྒྲུབ་གླིང་དུ། སྡེ་དགེའི་དཔར་མར་ཕྱི་མོར་བཅོལ་ཏེ་བཀའ་འགྱུར་པར་བསྐྲུན་གྱི་དབུ་བཙུགས་ཀྱང་མཇུག་མ་རྫོགས་པར་འཕྲོ་ཅན་དུ་ལུས་པ་ན། སྤྱི་ལོ་༡༩༡༠་ལོར་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་ཉི་མ་རིན་པོ་ཆེ་དང་། ཨེར་ཏི་ནི་ཆེ་ཚང་ནོ་ཡོན་དོན་འགྲུབ་ལྷ་མོ་རྣམ་གཉིས་ནས་བཀའ་འགྱུར་པར་གཞི་ཆ་ཚང་ཞིག་བསྒྲུབ་དགོས་པའི་བཀའམཆིད་ཕེབས་པ་ལྟར་སྔ་མའི་འཕྲོ་བསྐྱངས་ཏེ་དཔར་བ་ཏ་ཁུ་རེའི་དགོན་དུ་བཞུགས།
༼ལྷ་སའི་བཀའ་འགྱུར༽ འདི་ནི་རྒྱལ་དབང་བཅུ་གསུམ་པའི་རིང་ལ། འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་མཆོག་གིས་མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་སྦྱར་བ་ལ་བརྟེན། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་མེ་ ཏོག་སྤྱི་བོར་བསྩལ་བ་བཞིན། མཁས་པའི་དབང་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་གྲུ་འཛིན་པོ་ཏ་ལར་ཕེབས་ནས་ལོ་དྲུག་ཙམ་གྱི་རིང་ལ་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་ལེགས་པར་གྲུབ་པ་དང། སྤྱི་ལོ་༡༩༢༡་ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བཀའ་ཡིག་ཕེབས་དོན། བཀའ་འགྱུར་ནི་བོད་ཀྱི་མཁས་པ་སྔ་རབས་པ་དང་རྒྱ་གར་མཁས་པ་མང་པོས་བོད་གངས་ཅན་ གྱི་ལྗོངས་སུ་འགྱུར་བར་མཛད་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཕྱིར་། དུས་ཚོད་རིང་པོ་ཕྱིན་པའི་དབང་གིས་པར་ཤིང་ལ་ལ་རྙིང་ནས་ཡི་གེ་མི་གསལ་བ་དང་། ལ་ལ་ཆད་པ་མི་ཉུང་བ་བྱུང་ཡོད། ལྷག་པར་ལྷ་སའམ་ཡང་ན་རྩེ་ཕོ་བྲང་དུ་བཀའ་འགྱུར་གྱི་པར་གཞི་ཆ་ཚང་ཞིག་མེད་སྟབས་ ངས་སྦྱིན་བདག་བྱེད། ཁྱེད་རང་གིས་ཞུ་དག་དང་ཞུ་དག་གི་བྱ་བར་འགན་ཁུར་ནས་རྒྱལ་བའི་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་བྱེད་ན་ཇི་འདྲ་རེད། ངའི་བསམ་པར་དགེ་བཤེས་ལ་ལ་གཞུང་ལ་མཁས་ན་རིག་གཞུང་མི་མཁས་པ་དང་། རིག་གཞུང་ལ་མཁས་ན་གཞུང་ལ་མི་མཁས་པས་ཡིན་ཞེས་བཀའ་ཕེབས་པ་ལ། ཁོང་གིས་ཀྱང་འདི་ནི་བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་ སྤེལ། བསྟན་པ་ཡར་རྒྱས་ལ་ལག་རྗེས་ཆེན་པོ་ཞིག་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ དགོངས་ནས་ལགས་སོ།། ཞེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སྤྱི་གཙུག་ཏུ་བླངས་ནས་སྣར་ཐང་པར་སོགས་དང་གཞན་ཡང་བྲིས་མ་ཁག་ཅིག་གོ་བསྡུར་དང་ཕྱི་མོར་བགྱིས་ཐོག བཀའ་འགྱུར་པར་གསར་བཞེངས་ཀྱི་ཞུ་ཆེན་མཛད་དེ་ལོ་ངོ་བརྒྱད་ཙམ་གྱིས་པར་གཞི་གསར་བཞེངས་ལེགས་གྲུབ་བྱུང་བ་ནི་ད་ལྟའང་ང་ཙོའི་མིག་གིས་མཐོང་དང་ལག་ཟིན་གྱི་ཡུལ་ དུ་བཞུགས་པ་སྟེ་ཞོལ་པར་གསར་ཞེས་རྩེ་ཞོལ་གྱི་པར་དེ་ལགས་སོ།། དེ་ནི་ཤིང་པར་དུ་བཞེངས་བའི་བཀའ་འགྱུར་ལས་ཡི་གེ་ཆེས་ཤོས་ཡིན་ལ། ངོ་རེར་ཐིག་ཕྲེང་བརྒྱད་རེ། སྣག་པར་དུ་བགྱིས་པ། པར་གསལ་བ། ཡི་གེ་དག་པ། གཟབས་ལེགས་པ་བཅས་ཀྱིས་མཇལ་བ་པོ་རྣམས་ཀྱིས་བཟང་བསྟོད་བྱེད་བཞིན་པ་འདིའོ།།
༼ ནན་ཅིན་པར་མ༽སྤྱི་ལོ་༡༤༡༠་ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་གསེར་ཁྲིར་ འཁོད་ནས་ལོ་བརྒྱད་པ་ན། གོང་མའི་ནང་བློན་ནམ་གསེར་ཡིག་པ་ཧོ་ཤིན་བོད་དུ་འབྱོར། རྗེ་ཙོང་ཁ་བའི་སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ རྒྱ་ནག་ཏུ་གདན་དྲངས། དེ་དུས་སྣར་ཐང་གི་བཀའ་བསྟན་ཆ་ཚང་གཉིས་གདན་དྲངས་པ་དེར་ཕྱི་མོར་བཅོལ་ནས་བཀའ་འགྱུར་གྱི་པར་ཆ་ཚང་ཞིག་བཞེངས་སོ།། དེའི་དཔར་ཕུད་དང་པོ་རི་བོ་རྩེ་ལྔར་ཕུལ་བ་དང་། དེ་ནས་བོད་དུ་མཚུར་ཕུ་ཀརྨ་བ་དང་རྗེ་ཙོང་ཁ་བ་བཅས་ལ་ཕུལ། དེ་ལས་ཚར་གཅིག་ད་ལྟར་ཡང་སེ་ར་ཐེག་ཆེན་གླིང་སྔགས་པ་གྲྭ་ཚང་དུ་བཀའ་འགྱུར་ལྷ་ཁང་དུ་བཞུགས་པར་གྲགས། དེ་ལ་ཡི་གེ་དག་པ་དང་། སྒོས་སུ་བྲིས་ལེགས་པ། པར་ངོས་སྙོམས་པ། སྣག་ལེབ་དང་བྲལ་བ་སོགས་ཀྱི་ཆ་ནས་ནན་ཅིན་ཟངས་པར་དུ་གྲགས།
༼ པེ་ཅིང་པར་མ༽ དེ་ལ་ཝན་ལིས་པར་མ་དང་ཁང་ཞི་པར་མ་གཉིས་ཡོད་པར་བཤད་པ་ལས་དང་པོ་ཝན་ལིས་པར་མ་ནི། ༡༥༩༤་ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཝན་ལིས་གསེར་ཁྲིར་འཁོད་ནས་ལོ་ཉི་ཤུ་རྩ་གཉིས་པ་ལ། ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་གི་འགན་འཁྲི་ལྷུར་བཞེས་ཏེ་། ནན་ཅིན་དཔར་མ་སྟེ་ཡུང་ལོའི་པར་མ་ལ་མ་ཕྱི་བཅོལ་ནས་པར་སློག་གི་བཞེངས་པ་དང་། དེའི་ཞར་ལ་བསྟན་འགྱུར་པོ་ཏི་ཞེ་གཉིས་ཀྱི་པར་བཞེངས་པ་ལ་པེ་ཅིང་པར་མའམ་ཝན་ལིས་པར་མ་ཟེར་རོ།།གཉིས་པ་ཁང་ཞི་པར་མ་ནི་མིན་རྒྱལ་རབས་ཏེ་མན་ཇུའི་གོང་མ་ཁང་ཞིའམ་བོད་སྐད་དུ་བདེ་སྐྱིད་རྒྱལ་པོའི་བཀའ་ལྟར། སྤྱི་ལོ་༡༦༨༣་གོང་མ་ཉིད་ཀྱི་སྲིད་ལོ་ཉེར་གཉིས་པར་གོང་མ་སྔ་མ་དག་གི་རིང་ལ་ བཞེངས་པའི་པར་གཞི་ཕྱི་མོར་བགྱིས་ཏེ་བཞེངས་བར་བཤད། ད་ལྟར་པེ་ཅིང་པར་མར་གྲགས་པའི་བོད་ཀྱི་བཀའ་འགྱུར་ཞེས་པ་དེའོ།། དེའི་པར་ཤིང་སྤྱི་ལོ་༡༩༠༠་ལོར་མཉམ་འབྲེལ་རྒྱལ་ཁབ་བརྒྱད་ཀྱི་དྲག་པོའི་དཔུང་ གིས་སྲེག་ཟའི་ཕུང་བོར་གཏིམས་སོ།།
༼ རྭ་རྒྱའི་པར་མ༽ འདི་ནི་སྤྱི་ལོ་༡༨༡༤་ལོར་རྭ་རྒྱའི་དགོན་གྱི་གདན་ས་པ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ ཕྲེང་དང་པོ་བློ་བཟང་དར་རྒྱས་ཀྱིས་ཐུགས་ཁུར་དང་སྦྱིན་བདག་གནང་། སྡེ་དགེའི་མཚལ་དཔར་མ་ལ་ཕྱི་མོར་བཅོལ་ནས་པར་དུ་བཞེངས་པ་རྭ་རྒྱའི་པར་ཁང་ཆེན་མོར་བཞུགས་སུ་གསོལ་བ་ལ་ཪྭ་རྒྱའི་བཀའ་འགྱུར་ཟེར། ད་དུང་ཆབ་མདོའི་པར་དང་བླ་བྲང་པར་སོགས་ཡོད་པར་བཤད།
༼བརྙན་པར་སྐོར༽སྤྱི་ལོ་༡༩༣༠་ལོར་དུས་ཙ་ན་འཇར་པན་གྱིས་རྒྱ་ནག་ཡུལ་གྲུར་མང་པོར་བཙན་འཛུལ་བྱས་པ་དང་དུས་ཟིང་གི་གོ་སྐབས་དེ་ལ་བསྟུན་ཏེ་པེ་ཅིང་བོད་ཡིག་ པར་མའི་བཀའ་བསྟན་ཆ་ཚང་བ་གཅིག་ཕྱིར་དྲངས་ཤིང་བསྡུས་དཔར་དུ་བརྒྱབ་ཏེ་དེ་གའི་རྒྱལ་ས་ཏོན་ཅིན་དུ་བཞུགས་སུ་གསོལ། སྤྱི་ལོ་༡༩༥༥་ནས་༡༩༦༡་བར་འཇར་པན་ཏཱ་ཀུའུ་སློབ་གྲྭ་ཆེན་མོའི་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཚོགས་པས་གཙོ་འགན་བཞེས་ཏེ་རྩོམ་སྒྲིག་བྱས་ནས་པེ་ཅིང་གི་བཀའ་བསྟན་གཉིས་ཀ་བསྡུས་པར་དུ་བཏབ་ཅིང་། དེ་མཚུངས་ཀྱི་དཀར་ཆག་ཅིག་བསྒྲིགས་པ་བསྡོམས་པས་དེབ་བརྒྱ་དང་ང་གཅིག་བྱོན། པར་གཞི་དེའི་ཇུས་འགོད་དང་རྒྱབ་ཐུམ་གྱི་བཀོད་པ་ཧ་ཅང་མཛེས། མཚན་བྱང་གི་ཡི་གེ་གསེར་བྲིས་དང་དྲས་ཁ་ལ་གསེར་ཚོན་བྱུགས་པ། ངོ་རེ་ལ་བོད་དཔེ་ངོ་ལྔ་རེ་ཤོང་བ། ཡི་གེའི་འབྲུ་གསལ་ཞིང་དག་པས་ཀློག་པ་པོའི་ཡིད་དབང་འགུགས་པར་ནུས་སོ།།འཇར་པན་བརྙན་པར་དེ་ལས་རྒྱ་ནག་ཏུ་མི་ཉུང་བར་མཆེད་འདུག་སྟེ། དཔེར་ན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། པེ་ཅིང་དཔེ་མཛོད་ཆེན་མོ་སོགས་སུ་བཞུགས་སོ།།
༼རྡོ་པར་སྐོར༽ རྡོ་ལ་བརྐོས་བའི་བཀའ་འགྱུར་ནི་མགོ་ལོག་ཁོངས་གནམ་ལྕགས་རི་འོད་འབར་ཏེ་དབུས་ གཙང་གཉིས་པར་གྲགས་པའི་ལྷ་ཁང་ཞིག་ཏུ་རྡོ་ལ་བཞེངས་པའི་བཀའ་བསྟན་མང་པོ་ཡོད་ རབས་འདུག དེ་བཞིན་སྟོང་ཇུ་མཁར་དགོན་སོགས་ལ་ཡོད་པ་རིག་གསར་དུས་སུ་ཤུལ་མེད་དུ་བཏང་བ་རེད།
བོད་ཀྱི་བཀའ་བསྟན་གཞུང་སྤར་མ་ཇི་ལྟར་འབྱུང་བའི་ལོ་རྒྱུས་སྐོར་ལ་ཞིབ་པར་སློབ་སྦྱོང་དགོས་པར་སྣང་། ངས་མཇལ་མྱོང་ཞིང་། རིག་གནས་གསར་བརྗེ་ཞེས་པའི་མ་རབས་གདུག་རྩུབ་ཀྱིས་མེད་པར་བཟོས་པའི་སྤར་ཤིང་དེ་དག་ནི་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱིས་འགན་འཁུར་ཆེན་པོ་བཞེས་ཏེ་བཞེངས་པ། དེ་ཉིད་ཀྱི་རྟོགས་བརྗོད། བོད་ཀྱི་མཁས་པ་མདུན་ན་འདོན། མདོ་མཁར་པ་ཚེ་རིང་དབང་རྒྱལ་གྱིས་བརྩམས་པ་ན་གསལ། རིག་གནས་གསར་བརྗེ་སྐབས་སུ་མེར་བསྲེག་མ་ནུས་པ་དག་གིས་སྤར་ཤིང་འགའ་སྦས་ཏེ་བཞག་པ་ཕྱིས་སུ་བཀྲ་ལྷུན་པོར་བསྐྱལ་ཏེ། སྔར་གྱི་བཀྲས་སྤར་ཁང་ན་དེ་དག་མ་གཏོགས་ཅི་ཡང་མེད་པ་ཁོ་བོས་༡༩༨༧ལོར་མཐོང་ངོ་།།
སྤྱིར་སྟོན་པ་ཤཀྱ་ཐུབ་པའི་གསུངས་བ་ལ་བཀའ་དང་། དེའི་དགོངས་པ་འགྲེལ་པ་ལ་བསྟན་བཅོས། དེ་དག་བོད་ཡིག་ཏུ་བསྒྱུར་པ་ལ་བཀའ་འགྱུར་དང་བསྟན་འགྱུར་ཞེས་ཟེར་པ་ཡིན།
དེ་ཡང་བོད་ཀྱི་བཀའ་བསྟན་ལ་སྤྱིའི་ཆ་ནས་རིགས་གཉིས་སུ་དབྱེ་ཆོག་སྟེ་བྲིས་མ་དང་དཔར་མའོ།ཞེས་ཟེརོ།
དེ་ལ་ཡོངས་གྲགས་སུ་བཀའ་འགྱུར་ལ་པོད་བརྒྱ་དང་གསུམ། བསྟན་འགྱུར་ལ་པོད་ཉིས་བརྒྱ་དང་བཅུ་གསུམ་གྱིས་གྲུབ་ཡོད།
སྤྱི་ལོ་དུས་རབས་བདུན་པའི་སྐབས་སློབ་དཔོན་ཐོན་མིས་བཀའ་བསྟན་བོད་དུ་བསྒྱུར་པའི་འགོ་ཚུགས། དཔེར་ན།མདོ་རྒྱུད་ཉི་ཤུ་རྩ་གཅིག་ལྟ་བུ།
སྤྱི་ལོ་དུས་རབས་བརྒྱད་པ་སྟེ་མཁན་སློབ་ཆོས་གསུམ་གཙོས་ལོ་ཙ་བ་དང་རྒྱ་པཎ་རྒྱ་ཕྲག་དུ་མ་ཞལ་འཛོམས་ནས་བཀའ་བསྟན་བོད་ལ་འགྱུར་བའི་ཚ་རླབས་འཕྱུར་བའི་དུས་ཡིན།
དེ་ནས་བསྟན་པ་ཕྱི་དར་གྱི་འགོ་དང་ལོ་ཙ་བ་རིན་ཆེན་བཟང་བོའི་དུས་སུ་སྔགས་ཕྱོགས་ཀྱི་བཀའ་བསྟན་ཕོན་ཆེན་བོད་དུ་འགྱུར།
དུས་རབས་བཅུ་གསུམ་པའི་སྐབས་སུ་བཅོམ་ལྡན་རིག་རལ་གྱི་སློབ་བུ་མང་པོས་
དུས་རབས་བཅུ་གསུམ་པའི་ནང་བཅོམ་ལྡན་རིག་རལ་གྱི་སློབ་བུ་མང་པོས་དབུས་གཙང་མངའ་རི་གྱི་ཡུལ་གྲུ་ཡོངས་ཀྱི་བཀའ་བསྟན་ཡོད་དོ་ཅོག་ཕྱོགས་དུ་བསྡུས་ནས་བོད་ཀྱི་བཀའ་བསྟན་དཔར་དུ་བཏབས་པའི་ཐོག་མ་དུས་དེ་བྱུང་།
ཨ་རོ་བོད་པ་ཚོ། ཕྱོགས་གཞན་ཞིག་ནས་བསམ་བློ་ཞིག་གཏང་ན་་་་་སྔོན་གྱི་བཀའ་བསྟན་མདོ་བརྒྱུད་དེ་ཚོ་་་་བོད་ཀྱི་ལོ་ཙཱ་བ་ཚོས་་་ལེགས་སྦྱར་བོད་བསྒྱུར་བྱས་པ་དེ་ཚོ་་་་་བསྒྱུར་དག་མིན་ཐད་ཞིབ་འཇུག་ཞིག་བྱེད་ཐུབ་ན་སྙམས། འོན་ཀྱང་དེ་ནི་གནམ་ལ་སྐས་བཙུགས་ནས་ནམ་མཁའི་མེ་ཏོག་ལེན་སར་འགྲོ་བ་དང་གཉིས་སུ་མ་མཆིས། གང་ལགས་ཞེ་ན་་་་དེང་སང་བོད་པའི་མཁས་དབང་ཚོའི་ཁྲོད་ནས་ལེགས་སྦྱར་ལྷའི་སྐད་ལ་བྱང་ཆུབ་པ་ཞིག་ནི་རི་བོང་རའི་སྤུན་ཟླར་སོང་ཙང་རེད། དཔེར་ན་་་་ཟམ་གདོང་བླ་མས་ལེགས་སྦྱར་ཟ་སྐད་འཐུང་སྐད་་་་་རྒྱ་མི་ཚོས་བོད་སྐད་བརྒྱབ་པ་བཞིན་སྒྲ་དག་ལ་མ་དག་ཞིག་་་་་བརྒྱབ་པ་དེ་ལ་ཧམ་སང་མདོག་ཁག་པོ་བྱེད་པ་ལས་རྟོགས་ནུས། །ང་ལ་དོག་པ་དེ་ག་འདྲ་སེ་སླེབས་སོང་ཞུ་ན། ངའི་གྲོགས་པོ་ཕྱི་རྒྱལ་བ་ཚོས་བོད་སྐད་ཐོག་ནང་ཆོས་མཚན་ཉིད་ཀྱི་གཞུང་ལ་ཐོས་བསམ་བྱེད་དུས་་་་་ཁོང་ཚོས་ཉིན་མ་དང་པོ་དགེ་རྒན་རྩ་ནས་དཔེ་འཁྲིད་ཞུས་ཉིན་མ་གཉིས་པར་སྐད་རིགས་གཞན་དག་ལ་བསྒྱུར་གྱིན་འདུག །ང་དངོས་གནས་ཧོན་འཐོར་སོང་། གང་ཡིན་ཟེར་ན་ནང་ཆོས་ནི་ཧ་ཅང་གི་གཏིང་ཟབ་ལ་རྒྱ་ཆེ་བ་སོང་ཙང་ཁོང་ཚོས་ལས་བསླ་པོ་དེ་འདྲས་བསྒྱུར་ཡོང་དུས་ཡག་པོ་འཁྱོན་ནས་མཐོང་མ་སོང་གང་ཡིན་ཟེར་ན་་་་ད་ལྟའི་ཆ་ལ་ཁོང་ཚོའི་ཟིན་བྲིས་དེར་ཆ་འཇོག་བྱ་མཁན་མེད་ནའང་་་་་མི་རབས་གཅིག་གཉིས་རྗེས་སུ་་་་་ཁོང་ཚོས་བསྒྱུར་ཡག་དེ་ཁུངས་གཏུགས་ས་དེ་འདྲ་ཆགས་མི་སྲིད་པ་མ་རེད་སྙམས་སོང་། དེ་འདྲ་སོང་ཙང་ང་ཚོའི་ལོ་ཙཱ་བ་དེ་ཚོ་ཡང་སྔོན་མ་བོད་སྒྱུར་བྱས་དུས་ག་འདྲ་སེ་བསྒྱུར་ཡོད་མེད་ཐད་རང་བཞིན་ནས་དོག་པ་ཞིག་སྐྱེས་སོང་། །
ད་དུང་བརྗེད་ཞག
(ལི་ཐང་བཀའ་འགྱུར)
ལི་ཐང་བཀ་འགྱུར་ནི་ཚལ་བའི་པར་ལ་ཕྱི་མོར་བགྱིས་ཤིང་པར་མ་དང་བྲིས་མ་གཉིས་ཀར་གཏུགས་ནས་ཞུས་དག་ཞིབ་མོར་གནང་ཐོག །དུས་རབས་བཅུ་བདུན་པའི་ཕྱེད་ཙམ་ན་ད་ལྟའི་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པ་འབྲོང་སྡེའམ་འཇང་ས་ཐམ་བྱ་བར་བཞེངས། ཕྱིས་སུ་ཁམས་ལི་ཐང་དུ་གདན་འདྲེན་ཞུས་པས་པར་དེ་ལི་ཐང་བཀའ་འགྱུར་དུ་གྲགས་སོ། །འདི་འབྲོང་སྡེར་མི་བཞུགས་པར་ལི་ཐང་དུ་ཅིའི་སྤོས་ཤེ་ན། གུ་ཤྲི་ཧན་འདས་རྗེས་ཁོང་གི་ཚ་བོ་མཁའ་གྲོ་བློ་བཟང་བསྟན་སྐྱོང་དུ་འབོད་པ་དེས་འབའ་ལི་རྒྱལ་གསུམ་ཁོངས་ཀྱི་སྤྱི་དཔོན་བྱེད་སྐབས་དེ་སྔའི་སྲིད་གཞུང་ལ་ལོག་པར་འཁུ་བའི་དམག་ཟིང་བསླངས་བར་བརྟེན། ཏཱ་ལའི་ཧན་གྱིས་གཙོ་བོ་བྱས་པའི་བོད་སོག་གི་དམག་དཔུང་མངགས་ཏེ་ཆམ་ལ་ཕབ་མོད་ཀྱང་། དེ་རྗེས་ད་དུང་མ་རུངས་པའི་ཟིང་སློང་བ་འོངས་བར་དོགས་ནས་ལི་ཐང་དགོན་ཆེན་དུ་གདན་འདྲེན་ཞུས་སོ།།པར་དེ་ལ་པོད་བརྒྱ་དང་བརྒྱད་ཡོད། པར་མ་ཚར་གཅིག་འཇང་ས་དམ་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་ལྷ་ལྡན་གཙུག་ལག་ཁང་དུ་ཕུལ་ཡོད་པ་དེ་ནི་པར་གཞི་དེའི་དཔར་ཕུད་ཡིན་པ་ཡི་གེ་འགར་བྱུང་། དུང་དཀར་རིན་པོ་ཆེས་དེ་སྔོན་ལྷ་ས་གཙུག་ལག་ཁང་གི་རྩེ་ཐོག་ལྷོ་ངོས་བཀའ་འགྱུར་ལྷ་ཁང་དུ་ལི་ཐང་མཚལ་དཔར་པོ་ཏི་བརྒྱ་དང་བརྒྱད་ལ་པོད་རེ་རེ་བཞིན་དར་གོས་ཀྱི་དཔེ་སྒྲིལ་དང་། པོད་གཉིས་ལ་འཇུག་སྣོད་ཤིང་སྒམ་རེ་བཅས་ཡོད་ཅེས་གསུངས་པས་ད་དུང་ཡང་བཞུགས་ངེས། འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པའི་ཡབ་གཞིས་སུ་ཚར་གཅིག་བཞུགས་པ་རིག་གསར་སྐབས་ཤུལ་མེད་དུ་བཏང་། བཀའ་གྱུར་འདིའི་པར་ཤིང་སྤྱི་ལོ་༡༩༠༨་པར་དུས་འཁྲུག་གིས་རྐྱེན་པས་འཇིག་སོང་བས་ད་ལྟ་མི་བཞུགས། པར་དེ་འཇང་ས་དམ་རྒྱལ་པོས་སྦྱིན་བདག་གནང་བ་ལ་བརྟེན། ཀརྨ་ཆོས་དབྱིངས་རྡོ་རྗེས་འགོ་འཛིན་གནང་སྟེ་ལི་ཐང་དགོན་ཆེན་དུ་བཞེངས་པར་བཤད་ཀྱང་བཞེངས་པ་དངོས་དེ་མིན་ཚོད།
བཀའ་བསྟན་གྱི་པར་ཇི་ལྟར་བྱུང་བའི་ལོ་རྒྱུས་མཇལ་དུ་བྱུང་བས་གློ་བ་དགའ། ཕྱི་རྒྱལ་བའི་ཞིབ་འཇུག་པ་ཞིག་གིས་བཤད་པ་ལྟར་ན་བོད་དུ་ཤིང་པར་ཐོག་མར་སྲོལ་བཏོད་མཁན་གཙང་སྨྱོན་ཧེ་རུ་ཀའི་སློབ་མ་དག་ཡིན་རབས་ཤིག་བཤད་བྱུང་། མིག་བརྒྱད་པས་བཤད་པ་ལྟར་ན་གཙང་སྨྱོན་ཧེ་རུའི་སྔ་རོལ་ནས་བྱུང་ཡོད་ངེས། གང་ལྟར་རང་གིས་མཐོང་བ་དང་ཐོས་པ་ཙམ་ལ་ཚད་མར་བཟུང་སྟེ་ཞིབ་འཇུག་བྱས་ཁུལ་གྱིས་བཤད་བཞིན་པའི་ཕྱི་རྒྱལ་བ་དག་ལ་ཡིད་བརྟོན་རྒྱུ་ག་ལ་ཡོད། འོན་ཀྱང་ཕྱི་རྒྱལ་བ་དག་གིས་ནི་འཕྲལ་དང་མྱུར་དུ་དེབ་པར་སྐྲུན་གྱིས་གང་སར་འགྲེམས་སྲོལ་ཡོད་པས་མིག་བརྒྱད་པས་ཀྱང་གོང་གི་ལོ་རྒྱུས་དེ་དེབ་པར་སྐྲུན་ནས་འགྲེམས་ཐུབ་ན་ཆེས་ལེགས་པར་སེམས།
ཡང་ངས་གོ་ཐོས་ལ་བཀའ་འགྱུར་པར་བཞེངས་པའི་སྐབས་ཤིག་གི་ཞུ་ཆེན་དགེ་བཤེས་ཕ་བོང་ཁ་པ་ཟེར་བ་ཞིག་གིས་གནང་ཡོད་ཚུལ་ཐོས་ཤིང་། དེ་དུས་ཁོང་གིས་བརྒྱད་སྟོང་པའི་ནང་དུ་སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ནི་རང་བཞིན་གྱིས་འོད་གསལ་བའོ། །ཞེས་པར་བསྒྱུར་བཅོས་ཏེ་སེམས་ནི་སེམས་མ་མཆིས་པ་སྟེ། སེམས་ནི་རང་བཞིན་གྱིས་སྟོང་པའོ། །ཟེར་བ་ཞིག་བཅོས་ཡོད་ཚུལ་ཐོས། ད་དུང་འབུམ་དང་ཉི་ཁྲི་རྣམས་སུ་ཡང་མིག་ནི་མིག་གིས་སྟོང་ངོ་། །རྣ་བ་ནི་རྣ་བས་སྟོང་ངོ་། །སོགས་ཡོད་པར་མིག་ནི་བདེན་པར་གྲུབ་པས་སྟོང་ངོ་སོགས་སུ་བཅོས་ཡོད་ཚུལ་ཞིག་ཐོས་པས་དེ་བདེན་མིན་ཇི་ལྟར་ཡིན། དེ་སྐོར་མིག་བརྒྱད་པས་གསུངས་རྒྱུ་ཡོད་དམ།
བཀའ་བསྟན་སྐོར་ལ་ཞིབ་འཇུག་རྩོམ་ཐུང་བཀོད་པ་དང་མཆན་བུ་བ་ཚང་མ་ཐུགས་རྗེ་ཆེ།
རེབ་གོང་བ་འབོད་པ་ལ
བདག་གིས་བསམ་ན་ཁྱོད་རང་གི་འདི་མཐོང་བར་སྨོན། ང་སུ་ཡིན་མིན་དང་ངའི་སྔོན་ཆད་ཅི་བྱེད་མིན་དེ་གཙོ་བོ་མ་རེད་ལ། བདག་རེབ་གོང་བ་ལ་འཆམ་པོ་ཡོད་མེད་དང་ཁ་རྩོད་རྒྱག་གིན་ཡོད་མེད་ཡང་རྡ་སའི་རི་ཁུག་གི་མི་རྣམས་ཀྱིས་གསལ་བོ་ཤེས་གི་རེད་ལ་ལྷག་པར་དུ་རེབ་གོང་བ་དག་གིས་གསལ་བོ་ཤེས་གི་རེད།
མི་སུ་དང་སུ་ཡིན་ཡང་དགེ་སྐྱོན་གཉིས་ཡོད་པས་ང་ལ་གཅིག་མཚུངས་གི་སྐྱོན་དང་དགེ་ཆ་ཡོད་དང་ཡོད། ངའི་བསམ་བློ་ནོར་མེད་ན་ཁྱོད་རང་ཡང་སྔོན་མ་གྲྭ་བ་བྱས་དེ་དེང་སང་གྲྭ་ལོག་བྱས་ཏེ་རྡ་ས་ཡོད་པའི་མི་བུ་དེ་ཡིན་པ་འདྲ། ཡིན་ཡང་ང་རང་བཙན་བྱོལ་དུ་སླེབས་དེ་ལོ་ངོ་འདི་དག་གི་རིང་ལ་གཞུང་སྒེར་སུ་ལ་ཡང་ཁུག་རྟ་བཞིན་དུ་དམའ་འབེབ་དང་མཐོང་ཆུང་བྱས་མེད་ལ། ཁྱོད་རང་འདྲ་བར་རེབ་གོང་བ་གཙོ་བཟུང་བྱས་ནས་ཕྱོགས་རུས་ཡང་བཟུང་མེད། རེབ་གོང་བ་ཞེས་བདག་ལ་དམིགས་བསལ་གྱི་ཞེན་ཁོག་བཅས་དགོས་བ་གཅིག་ཀྱང་མེད།ང་རང་རྡ་ས་ཅི་ཞིག་བྱས་དེ་བསྡད་ཡོད་མེད་དེ་ཁྱོད་ལ་འབྲེལ་བ་ཡོད་པ་མ་རེད། དེའི་རྐྱེན་ཀྱིས་བདག་ཁྱོད་ལ་སྙིང་རྗེ་བ་ལས་ཁྱོད་རང་འཇོན་ཐང་ཅན་ཞིག་རེད་ག་དུས་ཡིན་ཡང་བསམ་གི་མེད། དེའི་དངོས་བདག་དང་མཇལ་ནས་གདོང་དང་གདོང་ཐུག་རྒྱུ་སྤྲོ་ན་བདག་གིས་ཁྱོད་ལ་དུས་ཚོད་བཏོན་ཆོག། དེ་མ་གཏོགས་སྐྱག་ཁ་ཚུམས་ལ་སྡོད། བདག་གིས་རེབ་གོང་བ་ཡིན་ཡང་ཆོག་གང་ཟག་གཞན་སུ་ཞིག་ཡིན་ཡང་བཟང་ལན་ལ་བཟང་དང་ཇ་ཚབ་ལ་གཅུན་ཟེར་བའི་དཔེ་བཞིན་སུ་ཞིག་གི་བདག་ལ་ཡག་པོ་ཞེས་པ་ཡིན་ན་བདག་གི་དེ་ལ་བཟང་ལས་རེབ་གོང་ཁུག་རྟ་འདྲ་བར་ག་དུས་ཡིན་ཡང་རྒྱབ་སྐྱོར་བྱེད་གི་མ་རེད། རྒྱུ་མཚན་ནི་ཁུག་རྟ་དང་རེབ་གོང་བ་འབོད་པ་ཁྱོད་ཚོ་ལ་བདག་གིས་ངོ་སོ་སྤྲད་དགོས་དོན་གཅིག་མི་འདུག
རྣམ་པ་ཚོས་བཀའ་བསྟན་སྐོར་ལ་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ། དགེ་ཆོས་ཚང་གིས་བོད་ལ་ཤིང་པར་དང་གླེགས་བམ་རི་བོ་བརྩེགས་པ་བཞིན་ཡོད་གསུངས་པ་རིག་གསར་སྐབས་ཕལ་ཆེ་བ་མེར་བསྲེགས་ཕུང་པོར་གཏིམས་ཟིན་པ་རེད། སྔོན་གྱི་ཡིག་རྙིང་དེ་ཚོའི་གྲས་ཁ་ཤས་སྦས་སྐུང་ཐུབ་པ་དང་། ལྷག་ལུས་སུ་ཡོད་པ་ལྷ་སའི་ཞོལ་པར་གསར་དེ་ནི་དེང་སང་འཕྲུལ་པར་དུ་བཏབ་པ་བོད་ཕྱི་ནང་ཀུན་ཏུ་དར་ཁྱབ་ཆེ།
རིག་གནས་གསར་རྗེར་གྲགས་པའི་དུས་ངན་དེར་བོད་མི་རིགས་བསྟན་པ་ཆབ་སྲིད་རིག་གཞུང་བཅས་ལ་གནོད་པ་འཚབ་ཆེན་ཕོག ལྷོ་ཁའི་ཁུལ་གྱི་དགོན་པ་ཞིག་ན་དཔེ་ཆ་སྲེག་པའི་དུ་བ་ཞག་བདུན་རིང་མ་ཆད་ཟེར། སྐྱི་གཡའ་བའི་དུས་ངན་ཞིག་རེད།
བྲིས་པར་གཉིས་ཀ་ཆུ་དང་འོ་མ་མཉམ་བསྲེ་བྱས་ནས་མཆོད་པ་ཕུལ་གྱི་འདུག་ག སྣར་ཐང་པར་གཞི་ཟེར་ནས་སྤྱི་ལོ་༡༣༡༢ ནས་བོད་ལ་པར་སྐྲུན་གྱི་རིག་པ་ཡོད་པ་རེད་དམ། པར་གཞི་དང་པར་རྙིང་སོགས་ཟེར་ན་པར་དུ་བཏབ་པ་ཞིག་ལ་གོ་དགོས་པ་མ་རེད་དམ།
༡༤༡༠ གོང་མ་ཡུང་ལོའི་སྐབས་བཞེངས་པའི་ནན་ཅིང་པར་མ་ཞེས་གྲགས་པ་དེ་དུང་དཀར་ཚང་གིས་བོད་ཡིག་གི་བཀའ་འགྱུར་པར་སྐྲུན་གྱི་ཐོག་མ་ཡིན་པར་གསུངས། བཀའ་འགྱུར་པར་མ་འདིའི་པར་ཕུད་རྒྱ་ནག་རོ་བོ་རྩེ་ལྔ། བོད་དུ་མཚུར་ཕུ་ཀརྨ། རྗེ་རིན་པོ་ཆེ་བཅས་ལ་འཚམས་རྟེན་དུ་ཕུལ་བ་ནས་དཔེ་ཆ་མང་པོ་ཤིང་པར་དུ་བསྐྲུན་པའི་སྒོ་འབྱེད་ཐུར་པར་གསུངས། ཡིན་ནའང་། བོད་དུ་བཀའ་འགྱུར་པར་སྐྲུན་གྱི་སྲོལ་དེ་འཇང་རྒྱལ་པོ་བསོད་ནམས་རབ་བརྟན་གྱིས་སྦྱིན་བདག་གིས་ ༡༦༠༩ ལོ་ནས་བཞེངས་པ་དེ་བར་དུ་མེད་པ་འདྲ། དེ་ནི་བོད་དུ་བཀའ་འགྱུར་པར་སྐྲུན་བྱས་པ་ཐོག་མ་ཡིན་གསུངས།
རབ་བརྟན་ཀུན་བཟང་འཕགས་ཀྱིས་༡༤༣༡ ལོར་བཞེངས་པའི་བཀའ་འགྱུར་གསེར་བྲིས་ ་་རྒྱལ་རྩེ་ཐེམ་སྤང་མ་་ ཟེར་བའི་བཀའ་འགྱུར་དེ་གོང་གསལ་གྱི་བཀའ་འགྱུར་བྲིས་པར་གྱི་ཐོ་ནང་མི་འཇོག་དོན་ཅི་རེད།
ཕྲན་གྱིས་ཀྱང་འདིར་ཚིག་སྣོན་འགའ་འདེབས་ཀྱི་ཡིན། དེ་ནི་པར་མའི་སྐོར་ཡིན། པར་མའི་ལོ་རྒྱུས་ཤིག་ཅིག་ནས་མཇལ་ཡང་ད་དྲན་ཡུལ་ན་མི་འདུག འགྲོ་མགོན་འཕགས་པ་འདས་མ་ཐག་ཡིན་ནམ་ཅིག་ལ་ དུས་འཁོར་གྱི་རྒྱུད་པར་འདེབས་བྱས་འདུག སྔོན་མ་པེ་ཅིན་གྱི་བཀའ་འགྱུར་དེ་པར་མ་དང་པོའི་གྲས་ཡིན་པ་ཡོད་བསམས་པ་རེད། ད་དེ་མིན་པ་འདྲ། འགོས་ལོའི་དེབ་སྔོན་བརྩམས་ནས་ལོ་གཅིག་གཉིས་ཀྱི་ནང་ཚུད་ལ་པར་འདེབས་བྱས་འདུག རྗེ་རིན་པོ་ཆེའི་གསུང་འབུམ་ཡང་སྐུ་ཚེའི་མཇུག་ཙམ་དང་ཡང་དེ་ནས་མི་རིང་བར་པར་འདེབས་བྱས་འདུག སྐབས་དེ་ལ་ས་སྐྱའི་བཀའ་འབུམ་ཡང་བསྡུ་སྒྲིག་གིས་པར་འདེབས་བྱས་འདུག ད་སྐད་ཆ་འདི་ཚོའི་ཁུངས་ལུང་དེ་གང་ཡིན་བཙལ་ནས་ཕུལ་ཆོག་པ་ཞུ། བྲིས་མ་དེ་འཆད་སྐབས་དཀར་ཆག་འཕང་ཐང་མ་དང་ལྷན་དཀར་མ་ཟེར་བ་དེ་ཚོ་ཡང་བརྗེད་མི་རུང་བ་རེད།
འགོས་ལོ་རྗེ་རིན་པོ་ཆེའི་རྗེས་ལ་རེད། ཡོངས་གྲགས་ལྟར་བྱས་ན། དེ་སྐབས་པར་སྐྲུན་གྱི་རིག་པ་ཡོངས་སུ་དར་ཡོད་པ་རེད། འགྲོ་མགོན་འཕགས་པའི་སྐབས་པར་འདེབས་བྱས་ཡོད་ན་དེ་ཐ་དད་རེད། དེ་དོ་སྣང་བྱེད་དགོས་པའི་དོན་ཞིག་ཏུ་འཁུམས།
ངེས་དགོས་པ་ནི།
བཀའ་བསྟན་བོད་དུ་འགྱུར་པའི་དུས་ཐོག་མ་ཕྱི་ལོ་དུས་རབས་བདུན་པའི་སྐབས།
བཀའ་བསྟན་བོད་དུ་བསྒྱུར་མཁན་ཐོག་མ་ནི་སློབ་དཔོན་ཐོན་མི་སམ་བྷོ་ཊ།
བཀའ་བསྟན་བོད་དུ་འགྱུར་པའི་བསྒྱུར་ཆོས་ཐོག་མ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག
བཀའ་བསྟན་ཆ་ཚང་ཕྱོགས་བསྒྲིགས་ཐོག་མ་སྤྱི་ལོ་དུས་རབས་བདུན་པའི་སྐབས།
བཀའ་བསྟན་དཀར་ཆག་ལེགས་བསྒྲིགས་ཐོག་མ་སྣར་ཐང་བཀའ་བསྟན།
བཀའ་བསྟན་དཔར་དུ་བསྐོས་པའི་ཐོག་མ་པེ་ཅིང་བཀའ་བསྟན།
བཀའ་བསྟན་དཔར་དུ་བསྐོ་པའི་སྦྱིན་བདག་ཐོག་མ་གོང་མ་ཁང་ཤི།
དགོངས་དག
ཕྱོགས་བསྒྲིགས་ཐོག་མ་དུས་རབས་བཅུ་གསུམ་པའི་སྐབས།
མགོན་ཕྱག་ལགས།
དེ་རིང་ཡིག་ཆ་དེ་བཙལ་ཀྱང་རྙེད་མ་སོང་། ད་ཁུངས་གཅིག་རྙེད་སོང་། དེ་ནི་བོད་ཀྱི་ནང་བསྟན་དཔེ་ཚོགས་(www.tbrc.org) ནས་རེད། དེ་ན་འདི་ལྟར་བྲིས་འདུག
” དུས་འཁོར་རྒྱུད་ཀྱི་པར་མ་འདི་ནི་བོད་ཡིག་གི་གསུང་རབ་ཤིང་པར་དུ་བརྐོས་པའི་ནང་ནས་སྔ་ཤོས་ཀྱི་གྲས་ཏེ། སྤྱི་ལོ་༡༢༩༤ལོར་སེ་ཆེན་རྒྱལ་པོའི་དགོངས་རྫོགས་སུ་དེའི་ཡུམ་སྲས་གཉིས་ཀྱིས་གྲུབ་ཆེན་ཨུ་རྒྱན་པ་གདན་ཞུས་མཛད་དེ་བཞེངས་པའོ༎” དྲ་ཐག་འདི་ན་ཡོད་དོ།
http://tbrc.org/#library_work_Object-W4CZ75
གསང་སྔགས་གསར་མའི་ལོ་ཙཱ་བ་དང་པོ་རིན་ཆེན་བཟང་པོ་ཡིན། འདུལ་བ་དང་མདོ་སྡེ་རྒྱུད་སོགས་མང་པོ་ཞིག་བོད་བསྒྱུར་མཛད་ལ་ཁོང་གིས་ཆོས་ལོག་མང་པོ་ཞིག་ལ་སུན་འབྱིན་ཀྱང་མཛད་པར་གྲགས། ལྷག་པར་འདུལ་བའི་འགྱུར་དེ་ལ་སྔ་ཕྱིའི་མཁས་པ་མང་པོས་མཛད་པ་ངོ་མཚར་ཅན་དུ་འཛིན། ཇོ་བོ་རྗེ་བོད་ལ་བྱོན་དུས་ལོ་ཙཱ་བ་དང་མཇལ་ཕྲད་གནང་སྐབས། ཇོ་བོ་རྗེས། ཁྱེད་ལྟ་བུའི་ལོ་ཙཱ་བ་བོད་ལ་བཞུགས་ན་ང་བོད་ལ་ཡོང་དགོས་ཅི་ཡོད། ཅེས་གསུངས་པ་ཡང་རྣམ་ཐར་ན་ཡོད་པ་དེ་རེད། མར་བ་ལོ་ཙཱ་བ་དང་དང་དུས་མཚུངས་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱིས་ཀྱང་རྒྱ་གར་དུ་ཐེངས་གསུམ་ཕེབས་ཤིང་བླ་མ་བདུན་ཅུ་ཙམ་ལ་ཆོས་གསན། དེ་དུས་ཁོང་གིས་མ་གསན་པའི་ཆོས་མེད་ཅེས་གསུངས། ཆོས་ལོག་མང་པོར་སུན་འབྱིན་མཛད་པ་དང་གསང་སྔགས་མང་པོ་བསྒྱུར། མར་བ་ལོ་ཙཱ་བ་དང་འགོས་གཉིས་ཀ་ཇོ་བོའི་སློབ་མ་ཡིན། མར་བ་ལོ་ཙཱ་ཆོས་ཀྱི་བློ་གྲོས་ཐེངས་གསུམ་པ་རྒྱ་གར་དུ་ཕེབས་དུས་ཇོ་བོ་རྗེ་བོད་ལ་ཕེབས་པ་དང་མཇལ་ཕྲད་བྱུང་། གཙང་སྨྱོན་ཧེ་རུ་ཀས་མཛད་པའི་མར་བའི་རྣམ་ཐར་དུ་མར་བའི་ཡོངས་གྲགས་བླ་མ་བཅུ་གསུམ་བགྲང་བའི་སྐབས་ཇོ་བོ་རྗེ་གཅིག་ལ་བགྲང་འདུག ། ལྷག་པར་གསང་འདུས་ལ་མར་འགོས་གཉིས་ཞེས་ཡོངས་སུ་གྲགས་པ་ལྟར་མན་ངག་དང་གཞུང་བཤད་ཀྱི་བརྒྱུད་པ་རྗེ་ཙོང་ཁ་བ་དང་རྗེ་ཤེས་རབ་སེངྒེ་ནས་བརྒྱུད་དེང་སང་རྒྱུད་གྲྭ་སྟོད་སྨད་ཀྱི་ཡིག་ཆག་ཁག་དང་། གར་ཐིག་དབངས་གསུམ་དང་ཆོ་ག་ཕྱག་ལེན་མ་ཉམས་པར་ཡོད་པ་དེ་རེད། འགོས་ལོ་ཙཱ་བ་ཆོས་འགྲུབ་ནི་མངའ་བདག་ཁྲི་རལ་བ་ཅན་གྱི་སྐུ་དུས་སུ་བྱོན་པ་དང་མདོ་ལང་ཀར་གཤེགས་པ་དང་མདོ་མཛངས་བླུན་སོགས་བསྒྱུར་བར་གྲགས། འགོས་ཙཱ་བ་གཞོན་ནུ་དཔལ་ནི་དུས་རབས་བཅུ་བཞི་པའི་ནང་བྱོན་པ་དང་ཐང་སག་པ་དང་ཀརྨ་དེ་བཞིན་གཤེགས་པ་དང་རྗེ་ཙོང་ཁ་བ་སོགས་རིས་མེད་ཀྱི་བླ་མ་མང་པོ་བསྟེན། དུས་འཁོར་གྱི་འགྲེལ་བ་དང་དེབ་ཐེར་སྔོན་པོ་སོགས་གསུང་པོད་བཅུ་གཅིག་ཙམ་ཡོད་པར་བཤད་ཀྱང་དཔེ་རྒྱུན་ཧ་ཅང་དཀོན་པོར་གནས།
ངས་ལོ་ཙཱ་བ་རིན་བཟང་དང་ཇོ་བོའི་རྣམ་ཐར་མཇལ་དུ་མ་བྱུང་། འོན་ཀྱང་རྙིང་མ་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བརྒལ་ལན་རྣམས་སུ་ལོ་ཙཱ་བ་རིན་བཟང་གིས་སྔ་འགྱུར་རྙིང་མའི་རྒྱུད་སྡེ་རྣམས་རྒྱ་གར་དུ་མཐོང་རྒྱུ་མིན་འདུག་གསུངས་ཡོད་པར་གྲགས་ལ། དེས་རྐྱེན་ཏེ་རྗེས་སུ་བཀའ་བསྟན་ཕྱོགས་བསྒྲིགས་བྱས་དུས་ཀྱང་རྙིང་ཕྱོགས་ཀྱི་རྒྱུད་སྡེར་གཏོགས་པ་རྣམས་བཀའ་བསྟན་གྱི་གྲལ་དུ་མ་བཙུད་པ་རེད་ཟེར། དེ་དག་ད་ལྟ་རྙིང་མ་རྒྱུད་འབུམ་དུ་གྲགས་པ་དེར་བཞུགས་ཡོད་འདུག
དེ་ནས་ཇོ་བོ་དང་ལོ་ཙཱ་བ་རིན་བཟང་གཉིས་ཆོས་ཀྱི་གླེང་སློང་མང་དུ་བྱས་པའི་མཐར་ཇོ་བོས་ཁྱོད་ལྟ་བུའི་ལོ་ཙཱ་བ་བཞུགས་ཡོད་ན་ང་བོད་དུ་ཡོང་དགོས་མིན་འདུག་ཅེས་གསུངས་ཡོད་ཀྱང་། ཕྱིས་སུ་བསམ་ཡས་ཀྱི་གཙུག་ལག་ཁང་ཡིན་ནམ་གཅིག་ལ་ཕེབས་དུས་རྒྱུད་སྡེ་བཞིའི་ལྷ་ཚོགས་རྣམས་མཇལ་བས། ཇོ་བོས་རིན་བཟང་ལ་ཁྱེད་ཀྱིས་རྒྱུད་སྡེ་བཞི་རྣམས་སྟན་ཐོག་གཅིག་ཏུ་ཉམས་ལེན་ཇི་ལྟར་བྱེད་ཅེས་དྲིས་པས། ལོ་ཙཱ་བས་སྔ་དྲོར་རྒྱུད་སྡེ་འོག་མ་རྣམས་ཉམས་ལེན་བྱེད་ཅིང་། ཕྱི་དྲོ་རྒྱུད་སྡེ་གོང་མ་རྣམས་ཉམས་ལེན་བྱེད་ཅེས་ཞུས་པས། ཨ་ཁ་ཁ་ང་བོད་ལ་ཡོངས་དགོས་པ་འདུག་གསུངས་པ་རེད་ཟེར་བ་ཐོས།