འབྲིང་བ་འཇིགས་མེད།
༡༽ སྒྲ་རིག་པ་ནི་བརྡ་སྤྲོད་རིག་པ་སྟེ། ཚིག་གི་འཁྲུལ་པ་ཚར་གཅོད་བྱེད་སྒྲ་རིག་པ་ཞེས་གྲགས་ལ། རང་རེའི་སུམ་རྟགས་དག་གསུམ་སོགས་ནི་རང་རེའི་སྒྲ་རིག་པ་ཡིན་ནའང་། བོད་དུ་དར་བའི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གྱི་སྒྲ་རིག་པ་ནི་གཙོ་བོར་རྒྱ་གར་ལེགས་སྦྱར་སྐད་ཀྱི་བརྡ་སྤྲོད་རིག་པ་ལ་གོ་ཞིང་། རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཞེས་གསུངས་(དཔང་ལོ་ཆེན་པོའི་གསུང་ཡིན་པ་འདྲ།)པའང་ལེགས་སྦྱར་གྱི་སྒྲ་རིག་པའི་དབང་དུ་བྱས་པ་སྟེ། སྤྱིར་བརྡ་སྤྲོད་རིག་པའི་གཞུང་གི་བརྗོད་བྱ་ནི་མིང་ཚིག་ཡི་གེའི་ཚོགས་གསུམ་ཡིན་པ་དང་། ལེགས་སྦྱར་གྱི་བརྡ་སྤྲོད་རིག་པའི་ཐུན་མོང་མ་ཡིན་པའི་བརྗོད་བྱ་ནི་རང་བཞིན་རྐྱེན་རྣམ་འགྱུར་གསུམ་ཡིན་པའི་ཁྱད་པར་ཡོད་པ་ནི། ལུང་དུ་སྟོན་པར་བྱེད་པའི་བརྡ་སྤྲོད་པའི། །ཐུན་མོང་ཁྱད་ཆོས་མིང་ཚིག་ཡི་གེ་གསུམ། །ཐུན་མིན་རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྗོད་བྱར་གྱུར་གང་སྒྲ་ཡི་རིག་པ་འོ། །ཞེས་གསུངས་(རིག་པའི་ཁུ་བྱུག་གི་གསུང་ཡིན་ཟེར།)པ་ལྟར་རོ། །
༢༽ སྒྲ་རིག་པ་དེ་དར་ཚུལ་ནི། ཐོག་མར་ལྷ་ཡུལ་དུ་དར་བར་བཤད་ལ། དེ་ནས་རྒྱ་གར་དུ་དར། ལྷ་ཡུལ་དུ་སརྦ་ཛྙཱ་ན་དེ་ཝ་སྟེ་ཐམས་ཅད་མཁྱེན་པའི་ལྷ་ཞེས་པས་སརྦ་ཛྙཱ་ན་བྱཱ་ཀ་ར་ཎ་ཞེས་པའི་སྒྲའི་བསྟན་བཅོས་བརྩམས། དེ་ལས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསླབས་ཤིང་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པ་བརྩམས། བརྒྱ་བྱིན་གྱིས་ལྷའི་དྲང་སྲོང་ཕུར་བུ་ལ་བསླབས། ཕུར་བུས་ལྷ་རྣམས་ལ་བསླབས་པས་ཕུར་བུ་ལ་ལྷའི་བླ་མ་ཞེས་ཀྱང་ཐོགས།
རྒྱ་གར་དུ་བསྟན་པ་འདིའི་དབང་དུ་བྱས་པ་ན་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་ཚེའི་སྨད་ཙམ་ལ་བྱོན་པ་བྲམ་ཟེ་པཱ་ཎི་ནིས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་པ་བརྩམས་ཏེ་སྒྲ་པཱ་ཎི་པ་བྱུང་། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་རིང་ལ་རྒྱལ་པོ་བདེ་སྤྱོད་བཟང་པོའི་སྒྲའི་སློབ་དཔོན་བྲམ་ཟེ་སཔྟ་ཝརྨའམ་བདུན་པའི་གོ་ཆས་ཀ་ལཱ་པ་བྱཱ་ཀ་ར་ཎ་ཞེས་པ་བརྩམས་ཏེ་སྒྲ་ཀ་ལཱ་པ་བྱུང་།(འདི་ལ་བཤད་སྲོལ་གཞན་ཡང་ཡོད།) དཔལ་ལྡན་ཟླ་བ་གྲགས་པ་དང་སྐུ་ཐོག་མཉམ་པ་སློབ་དཔོན་ཙནྡྲ་གོ་མིས་ཙནྡྲ་བྱཱ་ཀ་ར་ཎ་ཞེས་པ་བརྩམས་ཏེ་སྒྲ་ཙནྡྲ་པ་བྱུང་། མ་ག་དྷའི་མཁས་པ་སྒོ་དྲུག་གི་སྐུ་དུས་ཙམ་ལ་བྱོན་པ་སློབ་དཔོན་ཨ་ནུ་བྷཱུ་ཏིའམ་སློབ་དཔོན་རྗེས་འབྱོར་རང་བཞིན་ལ་ལྷ་མོ་དབྱངས་ཅན་མས་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོ་གསུངས་པ་ལས་སྒྲ་དབྱངས་ཅན་མ་བྱུང་། དེ་དག་ལས་སྒྲ་ཀ་ལཱ་པ་ནི་གཙོ་བོར་རྒྱ་གར་ཤར་ཕྱོགས་དང་། ཙནྡྲ་པ་ནི་གཙོ་བོར་ལྷོ་ནུབ། དབྱངས་ཅན་མ་ནི་ཡུལ་ཐམས་ཅད་དུ་དར་ཆེ།
དབྱངས་ཅན་སྒྲ་མདོ་ལ་རྒྱ་འགྲེལ་གྲགས་ཆེ་བ་དྲུག་ཡོད་པ་ནི། པུཉྩ་རཱ་ཛ་(རྒྱལ་པོ་པཉྩ་རཱ་ཛ་ཞེས་པ་ཞིག་གི་ཆེད་དུ་བརྩམས་པས་མིང་ཡང་དེ་ལྟར་ཐོགས།)ཞེས་བྱ་བ་དང་། ཀཱ་མ་དྷེ་ནུ་སྟེ་འདོད་འཇོ། སཱ་ར་པྲ་དི་པེ་ཀ་སྟེ་ཡོངས་སུ་སྣང་བྱེད། མཎྜ་ནི་སྟེ་རྒྱན་དུ་གྱུར་པ། ཀཱ་ཤི་ནཱ་དི་སྟེ་གསལ་ལྡན་ཆུ་རྒྱུན། བཱ་སུ་དེ་བི་སྟེ་ནོར་ལྷའི་བུ་མོ་ཞེས་བྱ་བ་རྣམས་ཡིན་ལ། དང་པོ་གཉིས་ནི་ནང་པའི་པཎྜིཏ་སློབ་དཔོན་བི་མ་ལ་དཱ་ས་ཞེས་པས་བརྩམས། གསུམ་པ་ནི་བྲམ་ཟེ་ཞིག་དང་། ཐ་མ་གསུམ་ནི་ས་ནྱ་ཤི་ཞེས་པས་བརྩམས་པ་སྟེ་ཕྱི་མ་བཞི་ཀ་ཕྱི་ལུགས་ཀྱི་པཎྜིཏས་བརྩམས་པའོ། །དེ་དག་ལས་ཀྱང་གྲགས་ཆེ་ཞིང་དར་ཆེ་བ་ནི། སློབ་དཔོན་ཨ་ནུ་བྷུ་ཏི་རང་ཉིད་ཀྱིས་མཛད་པའི་འགྲེལ་པ་རབ་ཏུ་བྱ་བ་གསལ་ལྡན་ནོ། །
༣༽ དེ་དག་བོད་དུ་དར་ཚུལ་ནི། ཐོག་མར་བསྟན་པ་ཕྱི་དར་གྱི་སྐབས་ལྷ་བླ་མ་ཞི་བ་འོད་ཀྱིས་སྒྲ་ཀ་ལཱ་པའི་འགྲེལ་པ་པཎྜིཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ་ཞིག་བོད་དུ་བསྒྱུར། དེའི་རྗེས་ཤོང་སྟོན་ལོ་ཙཱ་བས་ཀ་ལཱ་པའི་མདོ་ཆ་ཚང་བོད་སྐད་དུ་བསྒྱུར། དེ་ལ་དཔང་ལོ་ཙཱ་བ་དང་། བུ་སྟོན་རིན་ཆེན་གྲུབ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའ་བཟང་པོ། སྟག་ཚང་ལོ་ཙཱ་བ། ཞྭ་ལུ་ལོ་ཆེན། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་མཛད་པའི་འགྲེལ་པ་མང་།
སྒྲ་ཙནྡྲ་པ་ནི། ཤོང་སྟོན་ལོ་ཙཱ་བས་བོད་དུ་ཐོག་མར་བསྒྱུར་ཅིང་། ཞྭ་ལུ་ལོ་ཆེན་དང་། ལོ་ཆེན་ཐུགས་རྗེ་དཔལ་སོགས་ཀྱིས་བརྩམས་པའི་འགྲེལ་པ་མང་། དེའི་འགྲེལ་པ་རྒྱས་ཤོས་ནི་སི་ཏུ་པཎ་ཆེན་གྱིས་མཛད་པའི་ཙནྡྲ་པའི་འགྲེལ་ཆེན་བརྡ་སྤྲོད་གཞུང་ལུགས་རྒྱ་མཚོར་འཇུག་ཅིང་ལེགས་བཤད་རིན་ཆེན་འདྲེན་པའི་གྲུ་གཟིངས་ཞེས་བྱ་བ་པོད་གསུམ་ཙམ་གྱི་བདག་ཉིད་ཅན་དེ་ཡིན།
སྒྲ་པཱ་ཎི་པ་ནི་རྒྱལ་དབང་ལྔ་པའི་སྐུ་རིང་ལ་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བོད་དུ་ཐོག་མར་བསྒྱུར་ཅིང་། པཱ་ཎི་པའི་འགྲེལ་པ་ནོར་གྱི་ཤིང་རྟ་ཞེས་བྱ་བའང་བརྩམས།
སྒྲ་དབྱངས་ཅན་མ་ནི། དུས་རབས་བཅོ་ལྔ་པའི་ནང་ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་ཐོག་མར་དེའི་རྩ་བ་ཕྱེད་ཙམ་བསྒྱུར། དེ་ནས་ཇོ་ནང་ཏཱ་ར་ནཱ་ཐས་དབྱངས་ཅན་སྒྲ་མདོ་འགྲེལ་པ་(སློབ་དཔོན་ཨ་ནུ་བྷཱུ་ཏིའི་འགྲེལ་པ།)དང་བཅས་པའི་བཤད་སྦྱར་མཆོག་ཏུ་གསལ་བ་ཞེས་བྱ་བ་མཛད། རྒྱལ་དབང་ལྔ་པའི་བཀས་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་དབྱངས་ཅན་སྒྲ་མདོ་དང་འགྲེལ་པ་གསལ་ལྡན་བཅས་ཆ་ཚང་བར་བསྒྱུར། དེ་རྗེས་སི་ཏུ་པཎ་ཆེན་གྱིས་བསྐྱར་དུ་འགྲེལ་པ་དེ་ཉིད་གསར་འགྱུར་མཛད་པ་ལ་མཚན་ཡང་མཚོ་ལྡན་མའི་བརྡ་སྤྲོད་པའི་རབ་བྱེད་ཅེས་བཏགས་ཤིང་། སི་ཏུའི་འགྱུར་དེ་ལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་(ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།)མཆན་འགྲེལ་མཛད་པ་ཞིག་ཀྱང་ཡོད་པ་སི་ཏུའི་བཀའ་འབུམ་ཁྲོད་དུ་བཞུགས། དེ་དག་ལས་འཕྲིན་ལས་རྒྱས་ཤོས་ནི་འདར་ལོའི་འགྱུར་དེ་བྱུང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ། ཨ་ཀྱཱ་ཡོངས་འཛིན་སོགས་སྔོན་གྱི་མཁས་པ་དང་། ཕྱིས་སུ་མཁས་དབང་དམུ་དགེ་བསམ་གཏན་དང་། མཁན་པོ་ཁྲོ་རུ་ཚེ་རྣམ་སོགས་ཀྱིས་མཛད་པའི་དབྱངས་ཅན་སྒྲ་མདོའི་འགྲེལ་པ་དང་། མཆན། ཟིན་བྲིས་སོགས་མང་དུ་བཞུགས།
༤༽ ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་སྡེ་དགེའི་བསྟན་འགྱུར་དཀར་ཆག་ཏུ་མདོ་དྲངས་པ་ལས། བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་སྒྲ་ལ་སློབ་པར་བྱེད་ཅེ་ན། སྒྲའི་ཚིག་ཡོངས་སུ་དག་པར་བྱ་བ་དང་། ཡོངས་སུ་མ་དག་པའི་ཚིག་གི་དོན་གསལ་བར་སྟོན་ནུས་པ་དང་། དོན་ཐམས་ཅད་ཤེས་ཤིང་ཁོང་དུ་ཆུད་པར་བྱ་བ་དང་། ཡང་དག་པའི་ཚིག་མི་ཉམས་པས་ང་རྒྱལ་གྱིས་མི་ཤིགས་པ་དང་། ངན་པར་ལྟ་བ་ལས་ལྡོག་ཅིང་སེམས་ཅན་འདུལ་བའི་ཐབས་དང་མཁས་པས་ཤེས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སྒྲ་རིག་པའི་བསྟན་བཅོས་ལ་སློབ་པར་བྱེད་དོ། ཞེས་དང་། ཇོ་ནང་ཏཱ་ར་ནཱ་ཐའི་སྒྲ་ཊཱིཀ་ཏུ། རིག་པའི་གནས་གཞན་དག་དཔྱིས་ཕྱིན་པར་གོ་བར་ནུས་པ་ཡང་ཕལ་ཆེར་རིག་པའི་གནས་འདི་ལ་ལྟོས་པ་ཡིན་ནོ། ཞེས་གསུངས་ཤིང་། སྒྲ་ཤེས་ན་དོན་ལ་མི་རྨོངས་ཞེས་གྲགས་པ་ལྟར། དགོས་པ་ཆེན་པོ་དང་ལྡན་པས་སྒྲའི་རིག་པ་འདི་ལ་ཅི་ནས་ཀྱང་སྦྱང་བར་བྱའོ།།
འདི་ནི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་དབྱངས་ཅན་སྒྲ་མདོའི་སློབ་ཁྲིད་སྐབས་སྔོན་འགྲོའི་གཏམ་གྱི་ཚུལ་དུ།
འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢ ལ།
བཀླགས་ཟིན། དེ་དེ་བཞིན་ནོ།།
ཁྱེད་ཀྱི་བསམ་དོན་ཅི་བཞིན་འགྲུབ་པའི་སྨོན་འདུན་ཞུའོ།།
འབྲིང་བ་འཇིགས་མེད་ལེགས་ཀྱིས་སྒྲའི་བསྟན་བཅོས་སྐྲ་ལ་ངོ་མཚར་ཅན་རྩོམ་ཡིག་བྲིས་པར་དགའ་བསུ་ཞུའོ།
པཱ་ཎི་ནི་འཇིག་རྟེན་ནི། ༢༤༠༠་ལ། ཀ་བུལ། ཨཕ་ག་ནི་སྟན་དུ་བྱུང། ཞེས་རྒྱ་གར་པ,་ཨམྲ་ཏྱ་སེན་གྱིས་བཤད།ལེགས་སྦྱར་སྒྲ་གཞུང་ཚད་ལྡན་བརྩམས། རྒྱ་གར་དུ།་ལེགས་སྦྱར་སྐད་སློབ་པ་དག་གིས་དིང་སང་ཡོངས་གྲགས་ཆེ། ༡༩༥༨་་སྐབས་སུ། གཞུང་མང་པོ་སྦྱང་མི་དགོས་པས། མཚམས་སྦྱོར་གྱི་ཚིག་འགའ་ཁོ་བོའི་བློར་ལུས་འདུག མཁས་པ་དེའི་སྒྲ་གཞུང་ལ་མ་སྦྱངས་པས། དེར་གཉེར་ཅན་འབྲིང་བ་འཇིགས་མེད་ལ་སོགས་པ་དག་གིས་སྦྱོང་མཛད་པར་སྨོན་ནོ།
སྒྲ་རིག་པའི་ལོ་རྒྱུས་འདི་དག་ནི་ཤིནད་ཏུ་ལྐོག་ཏུ་གྱུར་པ་དང་། སྒྲ་རིག་པ་འདི་དག་ནི། རྒྱ་གར་གྱི་ཡིག་ཐོག་ཏུ་ཡོད་པ་ཙམ་མ་ཟད། བོད་ཡིག་ཐོག་ཏུ་ཡང་བཞུགས་ཡོད་རེད། དིང་སང་ཨིག་ཡིག་ཏུ་ཡང་ཁྱབ་བཞིན་ཡོད་རེད། ཡིན་ན་ཡང་། མཐར་ཕྱིན་པ་སྦྱོང་མཁན་ནི་ཤིནད་ཏུ་དཀོན་པའི་གནས་སུ་གྱུརད་ཏོ།།
བཀླགས་ཟིན།
བཀུར་འོས་པའི་ཁ་བརྡའི་དྲ་གྲོགས་ཡོངས་ལ་ཆེད་ཞུ།
བདག་ལ་དྲི་བ་ཁག་ཅིག་ཡོད། ཐོག་མར་སུམ་རྟགས་གཉིས་ལ་འགྲེལ་བ་ཐོག་མར་སུས་བརྩམས་པ་དང་། དུས་རབས་ནམ་ཞིག་ནང་བརྩམས་པའི་ཁུངས་དག་ཅིག་གསུང་རོགས།
གཉིས་པ། བདག་སྒྲའི་སྐོར། པྲ་སི་གཉིས་དང་དེའི་ཡར་སྔོན་དུ་བྱོན་པའི་སུམ་འགྲེལ་མཁན་པོ་རྣམས་ཀྱིས་བོ་བདག་སྒྲའི་ཕྲད་ལ་མི་བཞེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་མེད་ཅིག་གསུང་རོགས་ཞུ།
རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ།
རང་བཞིན་དང་། རྣམ་འགྱུར་ཞེས་པའི་དོན་གང་ཡིན་ནམ།
རྐྱེན་ཞེས་པ་ནི་གོ་བའི་ཚོད་ཡིན། བུ་དྡྷ། ཞེས་པའི་སྒྲ་ལ། རྐྱེན་སུཔ་གཅིག་ཚིག གཉིས་ཚིག མང་ཚིག་བཅས་པ་ལ། སུཔ་བྱིན་པས། བུ་དྡྷ། ཞེས་པའི་སྒྲ། རྣམ་དབྱེ་མཐའ་ཅན་ཉི་ཤུ་རྩ་གཅིག་ཏུ་འགྱུར། དེས་ན། སུཔ་དང་ཏིང་གི་མཐའ་ཅན་ནི་ཚིག་གོ ཞེས་དང་། བོད་འགྱུར་སྒྲའི་གཞུང་ཞིག་ན། རྣམ་དབྱེ་མཐའ་ཅན་ནི། ཚིག་གོ ཞེས་པ་དྲན་ནོ།
སུམ་རྟགས་ཀྱི་འགྲེལ་བ་ཐོག་མར་མཛད་མཁན་ནི་ས་པཎ་ཡིན་པ་འདྲ།
ས་པཎ་གྱི་ཡི་གེའི་སྦྱོར་བ་ནི་སུམ་རྟགས་ཀྱི་དོན་འགྲེལ་ཡིན་པ་དང་།
དེ་ལ་རྟེན་ནས་སུམ་རྟགས་རྩོམ་པ་པོ་ཡང་ས་པཎ་ཡིན་ཟེར་བ་དང་།
དེའི་ནོར་ས་ཡང་འདི་ཡིན་ནོ།།
ཡི་གེའི་སྦྱོར་བ་ནི་སུམ་རྟགས་ཀྱི་འགྲེལ་བ་སྔ་ཤོས་དེ་རེད་ཅེས་ལབ་ཆོག་གོ།
ས་པཎ་ཀུན་དགའ་རྒྱལ་མཚན(༡༡༨༢་་་་་༡༢༥༡)
། བརྡ་སྤྲོད་རིག་པས་མ་དཔྱད་ན །
། བོད་ཡིག་ཐམས་ཅན་ཐུན་མིན་ཏེ།
། གནམ་གྲུའི་ཁ་པར་ལ་སོགས་པ །
།ལེཊ་སྦྱར་ཁུངས་ལུང་སུ་ཡི་་སྟོན །།
བཀློགས་ཟིན
སུམ་རྟགས་གཉིས་ས་པཎ་གྱི་ཡི་གེའི་སྦྱོར་བ་ལས་བྱུང་བར་མ་ཟད། ས་པཎ་གྱིས་བོད་སྐད་ལ་ཉེ་བར་མཁོ་བའི་བསྟན་མེད་པར་གསུངས་སོ།
་་་་་་་་་་་་་་ སུམ་རྟགས་གཉིས་ས་པཎ་གྱི་ཡི་གེའི་སྦྱོར་བ་ལས་བྱུང་བར་མ་ཟད། ་་་་་་་་་་་ ཟེར།
་
སུམ་རྟགས་གཉིས་ས་པཎ་གྱི་ཡི་གེའི་སྦྱོར་བ་ལས་བྱུང་བར་འདོད་ན། བོད་རྒྱལ་སྲོང་བཙན་ཕར་ཞོག བོད་རྒྱལ་ཁྲི་སྲོང་དང་། ཁྲི་རལ་སྐབས་ལ། སུམ་རྟགས་མེད་པར་བཀའ་བསྟན་བསྒྱུར་ཟིད་པ་ནི། དེ་བས་ཀྱང་ཡིན་པ་མི་སྲིད་པའི་ཤེས་བྱའོ།།
རྒན་ལ་དྭགས་པར་དྲི་བ་ཞིག་ཡོད། ལེགས་སྦྱར་སྒྲ་གཞུང་ནང་གི་སྐྱེས་པའི་རྟགས་དང་། བུད་མེད་རྟགས། མ་ནིང་གི་རྟགས་ཅེས་པ་རྣམས་བོད་པའི་སུམ་རྟགས་ནང་གི་ཕོ་མོ་མ་ནིང་གི་རྟགས་ཀྱི་འཇུག་པ་བཤད་པ་དང་འཇོག་སྟངས་གཅིག་པ་ཡིན་ནམ་མིན། ལན་གསུངས་པར་ཞུ།
མྱི་དཀར་ལེགས་ལ་ལན། ལེགས་སྦྱར་སྐད་དུ། མིང་ཐམས་ཅད་ཕོ་དང་། མོ། མ་ནིང་བཅས་གསུམ་དུ་དབྱེ། བོད་སྐད་དུ། ཀ་ཅ་ཏ་པ་ཙ་རྣམས་ཕོ། ཞེས་སོགས་ཡི་གེ་རྣམས་ཕོ་མོ་མ་ནིང་དུ་དབྱེ་བའི་ཚུལ་མཆིས་སོ།
ལ་དྭགས་པ་ཐུགས་རྗེ་ཆེ། མིང་ལ་ཕོ་མོ་མ་ནིང་ཕྱེ་སྟངས་ག་འདྲ་རེད། མིང་གི་འཇུག་ཡུལ་ཕོ་མོའི་ཁྱད་པར་གྱིས་ཕྱེས་པ་རེད་དམ། ཅུང་ཟད་ཞིབ་ཏུ་གསུངས་རོགས་གནང་།
དཔལ་ལྡན་ལགས་སུ། སུམ་རྟགས་ཀྱི་འགྲེལ་པ་ཐོག་མ་གང་ཡིན་ནི་ད་དུང་དཔྱད་གཞི་རེད། ས་པཎ་གྱི་ཡི་གེའི་སྦྱོར་བ་དེ་སུམ་རྟགས་ཀྱི་དོན་འགྲེལ་དུ་བརྩིས་ན་ད་ལྟའི་ཆར་དེ་སྔ་ཤོས་ཡིན་ཀྱང་། ཞ་ལུ་ལོ་ཆེན་གྱི་རྟགས་འཇུག་འགྲེལ་པར། “སུམ་པ་ལོ་ཙཱ་བས། བས་ཇ་འཕུལ་བ་དང་། ཀླུ་མེས་དབང་ཕྱུག་གྲགས་ཀྱིས། བས་ཉ་འཕུལ་བར་བཞེད་པ་ནི་སྔོན་གྱི་མཁན་པོ་རྣམས་ཀྱི་ལུགས་ལས་གཞན་ཡིན་ནོ་ཞེས་དབུས་པ་བློ་གསལ་གྱིས་སུམ་ཅུ་པའི་འགྲེལ་པར་བཀག་པ་ལྟར་རོ།” ཞེས་གསུངས་པར་གཞིགས་ན་ས་པཎ་གྱི་སྔོན་དུ་བྱོན་པའི་མཁས་པ་དེ་དག་གིས་མཛད་པའི་སུམ་རྟགས་འགྲེལ་པ་རེའང་ཡོད་བཟོ་འདུག་པས་ད་དུང་དཔྱད་དགོས།
བོ་ཡིག་བདག་སྒྲར་མི་བཞེད་པའི་རྒྱུ་མཚན་ནི། སི་ཏུ་ལྟར་ན་དེ་པུ་ལིངྒའི་སྒྲ་སྟེ་ཕོ་སྒྲ་མིན་པའི་རྒྱུ་མཚན་གྱིས་ཡིན། བདག་སྒྲའི་སྐོར་སྨྲ་སྒོ་རྩ་འགྲེལ་ལ་ཁུངས་གཙོ་བོར་གཏུག་མཁན་དག་གིས་ནི་དེར་བོ་ཡིག་བདག་སྒྲར་འཇུག་པ་གསུངས་མེད་པའི་རྒྱུ་མཚན་གྱིས་ཡིན་སྲིད།
ལ་དྭགས་འཇམ་དཔལ་ལགས་སུ།
རང་བཞིན་ནི་བྱིངས་དང་མིང་གི་སྐོར། རྐྱེན་ནི་བྱིངས་ལས་མིང་སྒྲུབ་བྱེད་ཀྲྀཏའི་རྐྱེན། མིང་གཞན་སྒྲུབ་བྱེད་དེ་ཕན་གྱི་རྐྱེན། བྱིངས་ལས་ཚིགཏུ་སྒྲུབ་བྱེད་ཏིང་སོགས། མིང་ལས་ཚིག་ཏུ་སྒྲུབ་བྱེད་སི་སོགས་ཏེ། ཏིང་སོགས་དང་སི་སོགས་ནི་རྣམ་དབྱེ་ཡིན། རྣམ་འགྱུར་ནི་ཡི་གེ་བསྒྱུར་བའམ་འགྱུར་བ་དང་། དབྱི་བ། མཚམས་སྦྱོར་བ། ཚིག་སྡུད་བཅས་ཀྱི་སྐོར་ཏེ་ཆེས་རགས་པ་ཙམ་དེ་ལྟར་རོ།།
ལེགས་སྦྱར་སྐད་དུ། མིང་ལ་ཕོ་མོ་མ་ནིང་གསུམ་དབྱེ་བ་ཡོད་ཀྱང་། རྒྱ་མཚན་བཤད་པ་ཞིག་ད་བར་མ་མཐོང་ལགས། དཱ་ར། ཞེས་པའི་སྒྲ་དེ་བུད་མེད་ལ་འཇུག་ཀྱང་། རྣམ་དབྱེ་སྒྲོ་སྟངས་ནི། ཕོ་སྒྲ་བཞིན་དགོས་སོ།
རྒན་ལ་དྭགས་པར་ཐུགས་རྗེ་ཆེ།