འབྲིང་བ་འཇིགས་མེད་ཀྱིས།
༄༅།། བློ་བཟང་རྒྱལ་བའི་རིང་ལུགས་པདྨའི་ཚལ། །འཆད་རྩོད་རྩོམ་པའི་འོད་ཀྱིས་གྲོལ་དང་ལྷན། །ལྔ་བདོའི་རྒུད་པའི་མུན་པ་མཐར་བྱེད་པའི། །བཤེས་གཉེན་སྨྲ་བའི་ཉི་མར་གུས་ཕྱག་འཚལ། །
དེའང་གངས་ཅན་བོད་ཀྱི་སློབ་གསོ་བ་ཆེན་མོ་དགེ་བའི་བཤེས་གཉེན་དམ་པ་མཛོད་དགེ་ཨ་ཁུ་ཉི་མ་མཆོག་གི་ཆོས་སྲིད་རིག་གནས་ཀྱི་མཛད་པ་རྣམ་ཐར་རྒྱ་མཚོ་ལྟ་བུའི་ནང་། བོད་ལུགས་ཕྱུགས་ནད་གསོ་བའི་རིག་པ་གསར་བཏོད་དང་། ཉི་མའི་སློབ་གསོའི་ཐབས་ལམ་ཞེས་པ་གསར་བཏོད་མཛད་པ་སོགས་གསར་བཏོད་ཀྱི་མཛད་པ་མང་པོ་ནོར་བུའི་ཕྲེང་བ་བཞིན་ཚར་དུ་དངར་བ་ལས། འདིར་ལྷ་རམས་དམ་བཅའ་དང་མཉམ་དུ་རིག་གནས་ཆེ་ཆུང་བཅུའི་དམ་བཅའ་འཇོག་པའི་སྲོལ་བཟང་གསར་བཏོད་མཛད་པའི་སྐོར་མདོ་ཙམ་གླེང་བ་ལ། བཤེས་གཉེན་དམ་པ་གང་ཉིད་དགུང་གྲངས་ ༦༥ བཞེས་པ་ཕྱི་ལོ་ ༡༩༩༠ ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་ལྔ་ནས་བདུན་བར་ཉིན་གསུམ་རིང་། མདོ་སྨད་ཀྱི་གདན་ས་ཆེན་པོ་སྟག་ཚང་དཔལ་གྱི་ལྷ་མོ་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་དུ་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁས་མང་ལི་ཁྲིའི་རྒྱ་མཚོ་འཁྱིལ་བ་ལྟ་བུའི་དབུས་སུ། ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་བཞག་པ་དང་ལྷན་དུ། སྒྲ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། རྩིས་རིག་བཅས་མདོར་ན་སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་བཅས་རིག་གནས་ཆེ་བ་ལྔ་དང་། སྙན་ངག་མངོན་བརྗོད་སོགས་རིག་གནས་ཆུང་བ་ལྔ་བཅས་རིག་པའི་གནས་བཅུ་ལ་མཁས་པའི་རྒྱལ་ཐབས་ཡོངས་སུ་ཟིན་པའི་དན་རྟགས་སུ། རིག་གནས་ཆེ་ཆུང་སོ་སོའི་ཐད་དམ་བཅའ་བཞག་གནང་བ་འདི་ནི་གཞན་ལས་ལྷག་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཏུ་དཔྱོད་ལྡན་རྣམས་ཀྱིས་བགྲང་བཞིན་ཡོད།
བོད་ཀྱི་ལོ་རྒྱུས་ལ་ཕྱིར་རྟོག་བྱས་ན། སྔོན་ཆད་གདན་ས་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་གསང་བདེ་གུང་གསུམ་དང་། དགའ་སྐྱོར་ཟུལ་གསུམ་བཅས་གདན་ས་ཆེན་པོ་དྲུག་ཏུ་གྲགས་པ་རྣམས་ནས་ཕར་ཕྱིན་ཙམ་སྦྱངས་པ་ཐོན་པའི་དགེ་བཤེས་ལ་རབ་འབྱམས་པ་དང་། དབུ་ཕར་མཛོད་འདུལ་བཞི་ཀ་ལ་སློབ་གཉེར་ཐོན་པའི་དགེ་བཤེས་ལ་དཀའ་བཞི་པ། དབུ་ཕར་མཛོད་འདུལ་ཚད་མ་བཅས་གཞུང་ཆེན་བཀའ་པོད་ལྔའི་ཐོག རྩ་བ་ཤེས་རབ། དབུ་མ་བཞི་བརྒྱ་པ། དབུ་མ་འཇུག་པ། རྒྱུད་བླ་མ། གསང་བ་འདུས་པ་བཅས་པོ་ཏི་བཅུ་ལ་སྦྱངས་པ་མཛད་དེ་དམ་བཅའ་བཞག་པའི་དགེ་བཤེས་ལ་དཀའ་བཅུ་པ་ཞེས་འབོད་སྲོལ་བྱུང་། དཀའ་བཅུ་པའི་སྲོལ་གསར་དུ་གཏོད་མཁན་ནི་རྒྱལ་ཚབ་དར་མ་རིན་ཆེན་ཡིན་པར་གྲགས། གདན་ས་སེ་འབྲས་དགེ་གསུམ་བྱུང་རྗེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དགའ་ལྡན་ཁྲི་ཚབ་གནང་བའི་སྐབས། གདན་ས་གསུམ་གྱི་དགེ་བཤེས་སློབ་གཉེར་བཟང་གྲས་ནས་ལྷ་ས་སྨོན་ལམ་ཆེན་མོའི་རིང་དགེ་འདུན་ཁྲི་ཕྲག་འཛོམས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔར་དམ་བཅའ་འཇོག་པའི་སྲོལ་གསར་དུ་བཏོད་པ་ནས་བཟུང་། དེའི་ལམ་ནས་ཐོན་པའི་དགེ་བཤེས་རྣམས་ལ་ལྷ་ལྡན་རབ་འབྱམས་པ་སྟེ་ཚིག་བསྡུས་པས་ལྷ་རམས་པ་ཞེས་འབོད་སྲོལ་བྱུང་ཞིང་། ༸གོང་ས་ལྔ་པ་ཆེན་པོའི་དགོངས་རྫོགས་ཆེད་ཚུགས་པ་ཚོགས་མཆོད་ཆེན་མོའི་སྐབས་དེ་ལྟར་དམ་བཅའ་འཇོག་མཁན་ལ་ཚོགས་རམས་པ་ཞེས་ཐོགས། དེ་བཞིན་གདན་ས་སོ་སོའི་ནང་དུ་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་འཇོག་མཁན་ལ་གནས་ཚད་མཐོ་དམན་མི་འདྲ་བ་ཡོད་པས་མཚན་འདོགས་སྲོལ་ཡང་མི་འདྲ་བ་དུ་མ་བྱུང་ཡོད་དེ། གདན་ས་བཀྲ་ཤིས་ལྷུན་པོ་ནས་དཀའ་ཆེན་དང་། དྲུང་རམས་པ། ཚོགས་གསོག་པ་ཞེས་གསུམ་དང། གདན་ས་སེ་འབྲས་དགེ་གསུམ་སོ་སོ་ནས་གོང་གསལ་ལྷ་རམས་པ་དང་ཚོགས་རམས་པའི་ཐོག རྡོ་རམས་པ་དང་། གླིང་བསྲེ་བ། བཀའ་བཅུ་པ། རིགས་རམས་པ་སོགས་དང་། སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨོན་ལམ་རམ་འབྱམས་པ་དང་། བཤད་རམས་པ། རྡོ་རམས་པ་སོགས་དགེ་བཤེས་ཀྱི་མཚན་གནས་མི་འདྲ་བ་མང་། འོན་ཀྱང་དེ་དག་ཐམས་ཅད་ལ་མཚན་ཉིད་ཀྱི་གཞུང་ཤ་སྟག་མ་གཏོགས་ཐུན་མོང་རིག་གནས་སྐོར་གྱི་དམ་བཅའ་འཇོག་སྲོལ་མེད། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་ལྷ་རམས་དམ་བཅའི་སྔོན་འགྲོར་ནོར་བུ་གླིང་གར་རྩོད་རྒྱུགས་བཞེས་སྲོལ་ཚུགས་ཏེ་ལྷ་རམས་དམ་བཅའི་སྒྲིག་སྲོལ་ཇེ་ལེགས་སུ་བཏང་ཡོད་ནའང་རིག་གནས་སྐོར་གྱི་དམ་བཅའ་འཇོག་སྲོལ་བྱུང་མེད། ཕྱིས་སུ་རྒྱ་གར་ནང་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་ལམ་སྲོལ་གསར་དུ་ཚུགས་སྐབས་གཞུང་ཆེན་བཀའ་པོད་ལྔའི་ཐོག་བརྡ་སྤྲོད་དང་ཆོས་འབྱུང་གང་འཚམས་བསྣན་པ་མ་གཏོགས་རིག་གནས་ཆ་ཚང་བའི་རྒྱུགས་འབུལ་བཞེས་གནང་སྲོལ་ནི་ད་ལྟའང་མེད།
དེས་ན་བཤེས་གཉེན་དམ་པ་ཁོང་གིས་གཞུང་ཆེན་བཀའ་པོད་ལྔའི་དམ་བཅའ་དང་མཉམ་དུ་རིག་གནས་ཆེ་ཆུང་བཅུའི་དམ་བཅའ་འཇོག་གནང་མཛད་པ་འདི་ནི་སྔར་མེད་གསར་བཏོད་ཀྱི་མཛད་བཟང་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། གདན་ས་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་ལས་སྣེ་འདུས་མང་ཐུན་མོང་ནས་སྐབས་དེར་ཁོང་ལ་དགེ་བཤེས་རབ་འབྱམས་པ་ཞེས་པའི་མཚན་གནས་དང་འབྲེལ་བའི་ཕྱག་འཁྱེར་དམ་ལྡན་འབུལ་བཞེས་གནང་བའི་འདྲ་བཤུས་འདི་ལྟར་ཏེ།
ཕྱག་འཁྱེར་ཐོག་འཁོད་པའི་གཟེངས་བསྟོད་ཀྱི་རྗོད་ཚིག་ཡི་གེ་རྣམས་འདྲ་པར་དབང་གིས་དེ་ཙམ་མི་གསལ་བས་འདིར་གསལ་བར་བཀོད་ན།
༄༅།། མཁས་གྲུབ་སྨྲ་བའི་ཉི་མའི་ཞལ་ནས། །ཁྱོད་ནི་རྣམ་དཔྱོད་ལུས་མཛེས་ཤིང་། །དར་དིར་ལེགས་བཤད་མགྲིན་པའི་དབྱངས། །མ་ལུས་མཁས་པའི་ཡིད་འཕྲོག་པ། །རིན་ཆེན་རིགས་པའི་དོ་ཤལ་འཕྱང་། ། སྐྱེས་སྟོབས་དང་སྦྱངས་སྟོབས་ཀྱི་ལུས་སྟོབས་ཡོངས་སུ་རྫོགས་པའི་གནས་བརྟན་དགེ་བའི་བཤེས་གཉེན་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་ཕྱུག་ཆེན་པོ་ཉིད་ནས་སྡེ་སྣོད་གསུམ་དང་གྲུབ་མཐའ་བཞིས་བསྡུས་པའི་གསུང་རབ་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་ལེགས་པར་བྱས་ཏེ་སྒྲོ་འདོགས་བཅད་པའི་འབྲས་རྟགས་སུ། སྟག་ཚང་ལྷ་མོ་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་རིག་པ་དང་གྲོལ་བར་སྨྲ་བའི་འཕགས་ཆེན་མཁས་མང་འདུས་ཚོགས་ལི་ཁྲིའི་རྒྱ་མཚོའི་རྦ་རླབས་གཡོ་བ་ལྟ་བུའི་དབུས་སུ་དྲི་མ་མེད་པའི་ལུང་དང་རིགས་པས་དམ་བཅའི་ང་རོ་ཡོངས་སུ་བསྒྲགས་ཤིང་། རྟོག་གེའི་རིགས་ལམ་ལ་སྦྱངས་པའི་རིགས་པ་སྨ་བའི་ཚོགས་རྣམས་ནས་ཀྱང་བཅུ་ཕྲག་རིག་པའི་དཀའ་གནད་ལས་བརྩམས་པའི་ལུང་རིགས་ཀྱི་འཕྲེང་བ་མང་པོ་མཆོད་པའི་སྤྲིན་དུ་སྤྲོས་ཏེ། སྔ་རྒོལ་ཕྱི་རྒོལ་མཐའ་དག་ལེགས་པར་དཔྱད་པའི་དགའ་སྟོན་ལ་ཚིམས་པར་ལོངས་སུ་སྤྱོད་པ་འདིས་རིགས་སྨྲ་ཡོངས་ཀྱི་ཡིད་ཀྱི་བརྟན་པ་འཕྲོག་པ་ལས་ཀྱང་འཕྲོག་པའི་ཚུལ་འདིས་ཁོང་ལ་རྗེས་སུ་ཡི་རངས་དང་དགེ་བཤེས་རབ་འབྱམས་པའི་གྲལ་མཚམས་དང་མཚན་གྱིས་མངོན་པར་བསྟོད་པ་ལ། ཚོགས་ཆེན་ཁྲི་པས་གཙོས་ཁྲི་པ་རྣམ་གསུམ་དང་། འཛིན་གྲྭ་སོ་སོའི་འཐུས་མི། དགོན་གྱི་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ནས་ཡིད་མཐུན་གཟེངས་བསྟོད་ཀྱི་འཛིན་ཡིག་འདི་རབ་རྒྱན་ལྕགས་རྟ་ལོའི་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་བཟང་པོ་གཉིས་པར་ཕུལ་བ་དགེའོ།། ༡༩༩༠ ལོའི་ཟླ་ ༢ པའི་ཚེས་ ༢ ལ།
ཞེས་སོ།།
དེས་ན་ཚུལ་འདི་ནི། ཇི་སྐད་དུ་རྗེ་བཙུན་མི་ཕམ་མགོན་པོས། རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་བས་གཞན་དག་ཚར་གཅད་རྗེས་སུ་གཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་པའི་དོན་ཐུགས་ཉམས་སུ་བསྟར་ཏེ་རིག་པའི་གནས་ཆེན་པོ་ལྔ་ལ་མཁས་པར་མཛད་པའི་སྒོ་ནས་རང་གཞན་གྱི་དོན་གཉིས་རྒྱ་ཆེན་པོ་མཛད་པའི་རྣམ་ཐར་འགངས་ཆེ་བ་ལགས་ལ། གཞན་ཡང་། ཆོས་དང་རིག་གནས་གཉིས་ཀའི་དམ་བཅའ་བཞག་པས་ཆོས་ཕྱོགས་ནས་གཞུང་བཀའ་པོད་ལྔར་ཐོས་བསམ་སྒོམ་གསུམ་བརྒྱུད་བསྟན་པ་ལ་བྱ་བ་རླབས་ཆེན་པོ་མཛད་པ་ཞིག་དང་། རིག་གནས་ཕྱོགས་ནས་བོད་རང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་ཙམ་དུ་མ་ཟད། མཁས་མང་ཚོགས་པའི་དབུས་སུ་རིག་གནས་སོ་སོའི་དམ་བཅའ་འཇོག་པའི་སྲོལ་བཟང་གསར་བཏོད་མཛད་པ་འདིས། དེང་དུས་ཀྱི་ཤེས་ཡོན་ལམ་སྲོལ་ནང་སློབ་གྲྭ་ཆེན་མོ་ཁག་ཏུ་ཞིབ་འཇུག་པ་དང་འབུམ་རམས་པ་སོགས་ཀྱི་དམ་བཅའ་འཇོག་བཞིན་པའི་ལམ་སྲོལ་དེ་ཁོ་ན་ཙམ་ལ་བརྟེན་མི་དགོས་པར། སྲོལ་རྒྱུན་རིག་གནས་ཆེ་ཆུང་ཁག་ལ་བོད་རང་གི་ལུགས་ལྟར་དམ་བཅའ་འཇོག་འོས་ཚུལ་དང་། དེ་ནི་སྲོལ་རྒྱུན་རིག་གནས་མི་ཉམས་རྒྱུན་འཛིན་བྱེད་པའི་ཐབས་ཚུལ་གསར་པ་ཞིག་ཡིན་པ། ཐུན་མོང་རིག་གནས་དག་ལའང་ཚད་མ་རིག་པའི་རྩོད་སྲོལ་རྟགས་གསལ་གཏོང་བའི་ལམ་ནས་བགྲོ་གླེང་བྱེད་ཐུབ་པ་དང་བྱེད་དགོས་པ། ཐུན་མོང་རིག་གནས་རྣམས་ནང་དོན་རིག་པའི་ཡན་ལག་ཏུ་འཁྱེར་ཤེས་ན་བསྟན་པ་ལ་བྱ་བ་བྱེད་པའི་ཐབས་དམ་པར་འགྱུར་བ། བོད་ཀྱི་བཅུ་ཕྲག་རིག་པའི་གནས་རྣམས་ནི་རིགས་པའི་ལམ་ནས་བགྲོ་གླེང་དང་ཉམས་ཞིབ་བྱས་ཏེ་བརྡར་ཤ་བཅད་པའི་རིགས་པའི་གཞུང་ལུགས་དང་ལྡན་པ་ཞིག་ཡིན་པ། དེ་བཞིན་སློབ་སྦྱོང་དང་། བགྲོ་གླེང་། ཞིབ་འཇུག ཡང་ན། འཆད་པ། རྩོད་པ། རྩོམ་པ་སོགས་བྱེད་ཐབས་ཅི་རིགས་ཀྱིས་ནང་དོན་སྔོག་འདོན་ཅི་ཙམ་བྱས་ན་དེ་ཙམ་གྱིས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་འགྲོ་བའི་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ཡིན་ཚུལ་སོགས་ཀྱི་གནས་ལུགས་དུ་མ་གསལ་སྟོན་མཛད་ཡོད་པ་དང་། ལྷག་པར་དུ་ཁོང་གིས་ཆོས་དང་རིག་གནས་གཉིས་ཀའི་དམ་བཅའ་ལྷན་དུ་འཇོག་གནང་མཛད་པ་འདིས་ཕྱི་རབས་པ་རྣམས་ཆོས་དང་རིག་གནས་གཉིས་ཀའི་ཤེས་ཡོན་གྱི་འདབ་གཤོག་གཉིས་ལྡན་ཡོང་བ་ལ་འབད་དགོས་པའི་བསླབ་བྱ་ཟབ་མོ་བསྟན་གནང་ཡོད་པས། གསར་བཏོད་ཀྱི་མཛད་བཟང་རླབས་པོ་ཆེ་འདི་ནི་བདག་ཅག་གིས་མངོན་པར་བསྟོད་པ་དང་ལྷན་དུ་ཆ་ཤས་ཙམ་ལས་མ་བྱུང་ནའང་རྗེས་སུ་སློབ་དགོས་པའི་གནས་དམ་པ་ལགས་ལ། དེ་ལྟ་བུའི་ཕྱག་སྲོལ་བཟང་པོ་གསར་བཏོད་མཛད་པའི་བཀའ་དྲིན་ནི་ནམ་ཡང་གཞལ་ཐབས་མ་མཆིས་སོ་སྙམ་དུ་བཀའ་དྲིན་དྲན་བཞིན་སྐབས་དེའི་མཛད་པ་རྣམས་རྗེས་སུ་དྲན་པ་ན། ཇི་སྐད་དུ། རྗེ་ཙོང་ཁ་པ་ཆེན་པོས། འདི་ནི་འདི་ལྟར་གསུང་སྙམ་དུ། །ཡིད་ལ་ཐུབ་པའི་གཟུགས་བརྙན་ནི། །ཤར་བ་ཙམ་ཡང་ཚ་བ་ཡིས། །གདུང་ལ་ཟླ་ཟེར་བཞིན་དུ་སྨན། །ཞེས་གསུངས་པ་དང་གཉིས་སུ་མ་མཆིས་པའི་འཆར་སྣང་གིས་ཡིད་ཁམས་བརྟས་པར་མ་ཟད། ཁོང་གི་དམ་བཅའ་དེའི་སྐབས་སུ་རང་ཉིད་ཀྱང་རིག་གནས་སྐོར་གྱི་རྟགས་གསལ་འབུལ་མཁན་གྲས་སུ་ཞུགས་རྒྱུའི་སྐལ་བཟང་ཐོབ་པས། ཇི་སྐད་དུ་མཁས་གྲུབ་སྨྲ་བའི་ཉི་མས། དེ་ཕྱིར་ཕན་བདེའི་རྩ་ལག་མཆོག །བློ་ལྡན་ཐར་ལམ་སྟོན་པའི་མིག །འགྲོ་བའི་མཛའ་བཤེས་དམ་པའི་ཕུལ། །ཁྱོད་ལྟའི་མགོན་བཅས་སྐལ་བ་བཟང་། །ཞེས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་སྤྱི་བོར་བསྟེན་པའི་གོ་སྐབས་ཅུང་ཟད་ཐོབ་པ་ནི་ཨེ་མ་སྐལ་བ་བཟང་ཞེས་རང་ཉིད་ལ་སྤྲོ་བ་བསྐྱེད་པ་དང་བཅས་རེ་ཞིག་འབྲི་མཚམས་གཞག་པར་བྱ་སྟེ། ཁོང་གིས་གཞུང་ཆེན་བཀའ་པོད་ལྔ་དང་ལྷན་དུ་རིག་གནས་ཆེ་ཆུང་སོ་སོའི་དམ་བཅའ་ཇི་ལྟར་བཞག་པའི་ཚུལ་ཞིབ་པར་ནི་རྣམ་ཐར་ཁག་ཏུ་མི་གསལ་ལ། རང་གིས་ཀྱང་ཇི་བཞིན་པར་མི་དྲན་པས་ཞིབ་ཏུ་འབྲི་བའི་རྔོ་མ་ཐོགས་ནའང་། རིམ་པས་གནས་ཚུལ་ཞིབ་རྒྱས་ལག་སོན་བྱུང་ཚེ་ཁ་བསྐངས་ཏེ་བྲི་འདུན་དང་བཅས། མགོན་པོ་བཀའ་དྲིན་ཅན་གང་ཉིད་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༢༨ ལོན་པའི་དུས་དྲན་ཉིན་མོ་སྟེ་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༨ ཉིན། གང་གི་སློབ་བུའི་གྲལ་མཐར་འཁོད་པ་འབྲིང་བ་འཇིགས་མེད་ཀྱིས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་བྲིས་པའོ། །
འབྲིང་པ་འཇིགས་མེད་ལེགས་ཀྱིས་གསུང་བཤད་བྲིས་མ། བློ་གྲོས་འཕེལ་བའི་ཐབས་བཟང་པོར། ལ་དྭགས་ཡུལ་ལྗོངས་ནས་དགའ་བསུ་ཞུ།
“གསང་བདེ་གུང་གསུམ་དང་། དགའ་སྐྱོར་ཟུལ་གསུམ་བཅས་གདན་ས་ཆེན་པོ་དྲུག་ཏུ་གྲགས་”
གོང་གསལ་གདན་ས་དྲུག་པོ་དག་གི་མཚན་གང་པོ་འབྲི་དགོས་པར་སྣང་། སྔོན་དུས་གདན་ས་ཆེན་པོ་དེ་དག་ཏུ། གྲྭ་པ་ཇི་ཙམ་བཞུགས་པ་དང་། གདན་ས་དེ་དག་བོད་ཡུལ་གང་དུ་ཡོད་པ་སོགས་སོ།
་
རྟགས་བསལ་དང་། རྟགས་གསལ།
་
དམ་བཅའ་འཇོག་མཁན་དང་། རྟགས་བསལ་གཏོང་མཁན་གཉིས་ལས། དམ་བཅའ་འཇོག་མཁན་གྱི་དམ་བཅའ་བསལ་བར་བྱ་བས་ན། རྟགས་བསལ། ཞེས་དཔེ་དག་པ་རྣམས་སུ་གསལ་ལོ།
་
སེལ། བསལ། བསལ། སེལ་ཅིག
་
ཡོང་བ་ཞེས་ཕལ་སྐད་མ་ཡིན་པར་འོང་བ། ཞེས་འབྲི་བ་ནི། ལེགས་པར་མངོན་ནོ།
རིག་གནས་བཅུའི་དམ་བཅའ་ཟེར་བ་ཞིག་གོ་མ་མྱོང་ཡ་ཚན་པ་འདྲ་རེད་ ་་་
ལ་དྭགས་འཇམ་དཔལ་ལགས།
༡ གསང་བདེ་གུང་གསུམ་སོགས་གདན་ས་ཆེན་པོ་དྲུག་ཕལ་ཆེ་བའི་ངོ་སྤྲོད་རེ་་དཀར་ཚིག་མཛོད་དུ་ཡོད་ལ། དེ་ལས་ཅུང་ཆ་ཚང་བ་ཞིག་དྲ་ཐག་འདི་ན་གསལ། http://www.trikaculture.com/zongjiao/siyuan/2017-09-30/11413.html
༢ རྟགས་བསལ་ཞེས་བས་འཕུལ་ཅན་དུ་འབྲི་བ་ནི་ཡིག་ནོར་ཡིན་པས། ག་གསལ་དུ་འབྲི་དགོས་ཚུལ་མཁས་དབང་དམུ་དགེ་བསམ་གཏན་གྱིས་དྲིས་ལན་གཏེར་གྱི་ཁ་བྱང་དུ་གསལ་པོར་གསུངས།
རྒྱ་ཞིང་མྱི་དཀར་ལགས། དམ་བཅའ་འཇོག་སྲོལ་འདི་སྔར་མེད་གསར་པ་ཡིན་པས་གོ་མྱོང་ཡོད་རྒྱུ་མ་རེད།
བདེན་པ་རེད་གོ་མ་མྱོང་ཡིན་ན་ཡང་དམ་བཅའ་བཞག་ནས་མི་ལོ་ཉི་ཤུ་ལྷག་འགྲོ་འདུག་སྔར་མེད་པའི་གསར་བཏོད་འདི་ད་བར་དུ་མ་གོ་བ་འདི་ཡང་ཁན་ཚ་འདྲ་རེད་་་སྲོལ་བཏོད་ལ་སྲོལ་འཛིན་མེད་པས་མེད་ནམ་སྙམ།