(ཀླུ་སྨྱོན་འགྲན་རྩོམ།)
གཡུ་དྲུག་དཀར།
གྲམ་པའི་ནང་གི་རིག་གནས་སྣང་ཚུལ།
རྒྱ་གར་ནི་ཤར་ཕྱོགས་རིག་གནས་ཀྱི་འབྱུང་ཁུངས་ཡིན་རབས་གོ་ཐོས་བྱུང་བར་གཞིགས་ན། ཡུལ་ཁམས་འདིར་སྔར་གྱི་ལྟ་བ་སྣ་མང་དང་ལོ་རྒྱུས་སྣ་མང་གི་ཤུལ་བཞག་ལྟ་བུའི་རིག་གནས་སྣང་ཚུལ་ཅི་རིགས་ཤིག་གམ། འཛམ་བུ་གླིང་འདིར་ཆེས་རྩ་ཆེན་འགངས་ཆེན་དུ་གྱུར་བའམ། ཁ་ཚ་དགོས་གཏུགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་པ་ཞིག་མྱོང་གྲུབ་ཏུ་ཡོད་པ་གདོན་མི་ཟ་ཡང༌། རང་ཉིད་ཡུལ་འདིར་སླེབས་ནས་མི་ལོ་ཧྲིལ་བོ་བཅུ་འདས་རིང༌། རང་ངོས་ནས་ཡུལ་འདིའི་རིག་གནས་ཀྱི་མཐོ་ས་ལ་རྟོག་ཞིབ་དང་མྱོང་རྒྱུས་ཅི་ཡང་མ་ལོན་ཡང༌། ནམ་རྒྱུན་འགྲོ་ས་འདུག་ས་ནས་རང་ཉིད་དང་ཕྱོགས་ཀུན་ནས་མི་འདྲ་བའི་ཡུལ་འདིའི་བྱ་སྤྱོད་རེ་འགའ་མཐོང་དུས། སེམས་ལ་རང་བཞིན་གྱིས་མཚར་སྣང་ཆེན་པོ་རེ་འབྱུང་བས། དེ་དག་རེ་རེ་ལ་ཞིབ་ཏུ་བསམ་བློ་རེ་གཏོང་ཁུལ་མི་བྱེད་ཐབས་མེད་རེད། རྒྱུ་མཚན་ནི་ཆེས་སྤྱིར་བཏང་གི་བྱ་སྤྱོད་འདི་དག་མི་རིགས་འདིའི་སྲོལ་རྒྱུན་གྱི་བག་ཆགས་མཐུག་པོ་ཞིག་རེད་འདུག་པས། མི་རིགས་འདིའི་ངོ་མཚར་བའི་རིག་གནས་ཀྱི་ཆ་ལག་ཅིག་ཏུ་བརྗོད་སྤོབས་པས་སོ།།
དེ་བས། འདིར་གླེང་བསམ་པའི་ནང་དོན་ནི་ས་འདིའི་གྲམ་པའི་ནང་གི་རིག་གནས་སྣང་ཚུལ་སྐོར་ཡིན། ལར་གྲམ་ཀྱོག་སྐམ་པོའི་ནང་ན་གླེང་རན་ཡོད་པའི་རིག་གནས་སྣང་ཚུལ་ཅི་ཞིག་ཡོད་ཨང་ཞེས་འགྲོགས་ཆོག་ནའང༌། མི་རིགས་སོ་སོར་རང་རང་གི་རང་བྱུང་ཁོར་ཡུག་གི་གནས་སྟངས་དང་སྤྱི་ཚོགས་ཀྱི་སྐྱེ་ཁམས་མི་འདྲ་བ་ལས་གྲུབ་པའི་ཡུལ་ལུགས་དང་འཚོ་བའི་གོམས་གཤིས་མི་འདྲ་བ་རེ་བདོ་ལ། འཛམ་གླིང་རིག་གནས་བང་མཛོད་སྣ་མང་སྣེ་མང་གི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྲུབ་པའང༌། འདི་ལྟ་བུའི་མི་རིགས་བྱེ་བྲག་པའི་རིག་གནས་ཀྱི་རྨང་རྡོའི་སྟེང་བཞེངས་གྲུབ་པ་རེད། དེས་ན་རང་རེའི་ཕ་ཡུལ་བོད་ལྟ་བུར་མཚོན་ནའང་གྲམ་པའི་ནང་ན་སྐམ་ལ་ཉེ་བའི་ཆུ་ཕྲན་ཆུང་ཆུང་རེ་དང་རྡོ་ཀྱོག་སྐམ་པོ་དེ་དག་ལས་ཅི་ཡང་མི་སྣང་བ་མིན་ལ། ལྷག་པར་དུ་ཡུལ་རྒྱ་གར་ཞེས་པའི་ས་འདིར། དུས་རྒྱུན་གྲམ་པའི་ནང་ན་ཕ་ཡུལ་དང་མི་འདྲ་བའི་མཐོང་ཐོས་སྣ་ཚོགས་ཤིག་འདུག་ལ། དེ་དག་ལས་གཅིག་ནི་རྒྱ་གར་བ་ཚོ་ཞོགས་པ་སྔ་པོ་གྲམ་པའི་ནང་ལ་ཡོང་ནས་ས་ལ་འདུག་པ་(ཨ་མདོའི་འབྲོག་སྐད་དེ་ཕྱི་ས་ཕོ་བའི་དོན།)འདི་ཡིན། སྤྱིར་འཛམ་གླིང་གི་སྤྱི་སྲོལ་ལྟར་བྱས་ན་ཞོགས་པ་སྔ་པོའི་དུས་སུ་མི་རྣམས་སྐྱ་རེངས་དང་ལྷན་དུ་ལུས་རྩལ་སྦྱོང་བརྡར་དང་སེམས་ཁམས་བག་ཕེབས་ཀྱི་ཕྱིར་དུ་གཞུང་ལམ་གཡས་གཡོན་དང་སྤང་ཐང་སོགས་ས་ཆ་ཁུ་སིམ་པ་དང་ཁ་རླུང་གཙང་བའི་གནས་དག་ཏུ་འཚང་ཁ་རྒྱག་བཞིན་གདའ་ཡང༌། རྒྱ་གར་ཡུལ་མི་ཚོ་དེ་ལས་ལྡོག་སྟེ། ཞོགས་པ་སྔ་པོ་ཡར་ལངས་པ་དང་གྲམ་པའི་ནང་རྒྱུག་འགྲོ་བ་དང༌། དེའང་ཕལ་ཆེར་ཡུལ་འདིའི་སྲོལ་རྒྱུན་དུ་གྱུར་བའི་སྤྱི་སྲོལ་ལྟ་བུ་ཞིག་ཏུ་མཐོང་སྟེ། ཡུལ་མི་ཚོས་སྐྱ་རེངས་ཤར་བ་དང་མཉམ་དུ་ལག་ལ་ཆུ་སྣོད་རེ་ཐོགས་ཏེ་གྲམ་པའི་ནང་སོང་ནས་ གཅིན་སྐྱག་གཏོང་བར་འཚང་ཁ་འཐེབས་འདུག་པའི་དུས་རྒྱུན་གྱི་ལྟད་མོ་དེས་སོ།།
རྒྱ་གར་ཡུལ་མི་ཚོར་ཁྱིམ་དུ་གསང་སྤྱོད་ཡོད་མེད་ཅི་ལྟར་ཡང༌། ཕྱི་ས་གྲམ་པའི་ནང་དུ་གཏོང་བ་ནི་ཡོངས་ཁྱབ་ཀྱི་སྤྱོད་ལམ་ཞིག་རེད་འདོད་ལ། གྲམ་པའི་ནང་རྡོ་ཆེན་པོ་དག་གི་འགྲམ་དང་ས་ཅུང་ཁུག་ཀྱོག་དག་ལ་ཕྱི་ས་ཕུང་གསོག་བརྒྱབས་ཡོད་པ་མཐོང་དུས། ཕལ་ཆེར་ཁོང་ཚོར་ཁྱིམ་དང་ཐག་མི་རིང་བའི་གྲམ་པའི་ནང་མི་རེར་གཏན་འཁེལ་ལམ་ལོབས་ཕྱོགས་ལྟ་བུར་བདག་བཟུང་བྱས་པའི་འདུག་ས་རེའང་ཡོད་པར་འདོད་ཅིང༌། རྒྱ་གར་གྱི་ཡུལ་མི་ཚོས་དུས་རྒྱུན་གཅིན་སྐྱག་གྲམ་པའི་ནང་གཏོང་བས། ཁོང་ཚོའི་འཕོངས་ཕྱིས་ཀྱང་རྡོ་དང་ཤོག་བུ་མིན་པར། ཆུ་ཁྱོར་བ་ཁ་ཤས་རེད། ཁོང་ཚོས་མཚམས་རེར་རང་གིས་ཆུ་སྣོད་ཅིག་གི་ནང་འཁྱེར་ཡོང་བའི་ཆུ་དང༌། སྐབས་རེར་གྲམ་པའི་ནང་གི་ཆུ་ཡིས་འཕོངས་སྒོ་འཁྲུ་བ་རེད། དེའང་ཡུལ་འདིའི་ཚ་སྡུག་ཆེ་བའི་གནམ་གཤིས་དང་འབྲེལ་བའི་ཡུལ་མིའི་གཙང་སྦྲ་བྱེད་སྟངས་ཤིག་ལ་འབྲེལ་བ་ཡོད་པ་འདྲ།
རྒྱ་གར་གྱི་གྲམ་པ་ཕྱི་ས་གཏོང་ས་ལྟ་བུ་ཡིན་པས། ས་འདིར་རང་རེའི་ཕ་ཡུལ་ལྟར་གྲམ་པའི་ནང་གི་ཆུ་འཐུང་ཆུ་ཡིན་ཁྱབ་མཉམ་མིན་པར། རྒྱ་གར་གྱི་གྲམ་པའི་ནང་གི་ཆུ་ནི་འཐུང་ཆུ་མིན་ཁྱབ་ཏུ་བསྙད་ཆོག་ཅིང༌། གལ་སྲིད་ཁྱོད་ཀྱི་ཁོག་ནས་སྐོམ་པའི་མེ་འབར་བཞིན་གྲམ་པ་ཞིག་གི་ནང་དུ་སླེབས་ནའང༌། གཡས་གཡོན་གང་སར་མཐོང་རྒྱུ་ཡོད་པའི་ཕུང་གསོག་ཆེན་པོ་དེ་དག་དང༌། རླུང་ལ་ཞོན་པའི་འདམ་དྲི་དང་སྐྱག་དྲི་འདྲེས་མ་དེས་ཁྱོད་ཀྱི་སྐོམ་པའི་ཡུ་ག་འགག་པར་བྱེད་ཅིང༌། རྒྱ་གར་དུ་འཐུང་ཆུ་ཧ་ཅང་དཀོན་པའམ། ས་ཆ་ཐག་རིང་པོ་ནས་འགྲོ་སོང་ཆེན་པོ་བཏང་སྟེ་ལྕགས་སྦུག་ནང་འདྲེན་དགོས་པའང༌། ཕྱོགས་གཅིག་ནས་ཁོང་ཚོས་རང་གི་ཐག་ཉེ་ན་ཡོད་པའི་ཡུལ་ཆུའམ། གྲམ་ཆུ་ཁག་འདི་ལྟར་གཙོག་བསྒྱུར་བྱས་པས་ལན་པ་ལོས་ཡིན། གཞན་རྒྱ་གར་གྱི་གྲགས་ཆེ་བའི་ཆུ་བོ་གངྒཱ་ཟེར་བ་དེའང་དོན་ངོ་མར་ལྷ་ཡི་བྱིན་རླབས་དང་དངོས་གྲུབ་ཅིག་ཡིན་ན་མ་གཏོགས། ལྟོས་ཚུལ་ལ་མདོག་ནག་ཅིང་སྙོག་ལྡུར་ཞིག་འདུག་པས། གྲམ་ཆུ་དང་གཅིག་མཚུངས་རེད་ཨང་སྙམ་པ་ཞིག་འདུག་ལ། གྲམ་ཆུ་དང་འབྲེལ་བའི་གྲམ་པའི་ནང་གི་རིག་གནས་སྣང་ཚུལ་འདི་ནི་ཕལ་ཆེར་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་བྱ་སྤྱོད་ཅིག་དང༌། གནས་སྟངས་ཤིག་མཚོན་པའི་རིག་གནས་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་འདྲའོ།།
རྒྱ་གར་གྱི་གྲམ་པའི་ནང་རང་ཉིད་ལ་མཚར་སྣང་ཆེན་པོ་སྟེར་བའི་དོན་དག་གཞན་ཞིག་མཆིས་པ་ནི། ཚེ་འདས་ཚོའི་ཕུང་བོ་མེར་བསྲེགས་སའི་སྲེག་གནས་ཁང་པ་གྱན་གང་ལྟ་བུ་ཞིག་བསླངས་འདུག་པ་དེ་རེད། རང་ཉིད་བསྐྱོད་མྱོང་བའི་ས་ཁུལ་ཁག་གི་གྲམ་པའི་ནང་ན་ཕུང་བོ་བསྲེགས་སའི་ཁང་པ་འདི་མེད་ས་ཞིག་མི་འདུག་པས། རྒྱ་གར་ལ་རང་རེ་དང་འདྲ་བར་ཕུང་བོ་དུམ་བུར་དགོས་ཏེ་བྱ་ལ་གཡེང་བའི་ཤི་ཆོག་སྒྲུབ་སྲོལ་ཕལ་ཆེར་མེད་པ་འདྲ་ཞིང༌། སྤྱིར་རོ་ལས་བྱེད་སྟངས་ཀྱི་ལས་ཀ་གལ་ཆེན་འདིའང་མི་རིགས་སོ་སོའི་རང་བྱུང་ཁོར་ཡུག་གི་གནས་བབ་དང་འབྲེལ་བ་དམ་པོ་ཡོད་པ་མ་ཟད། ཆོས་ཕྱོགས་ཀྱི་ཤན་ཤུགས་ངེས་ཅན་འཐེབས་པར་སོང༌། རྒྱ་གར་ཡི་ཤུ་བ་ཚོས་རོ་སྒམ་ནང་དུ་བཅུག་སྟེ་ས་འོག་ཏུ་སྦེད་པ་དང༌། གཞན་མང་པོ་ཞིག་གིས་ཁོད་ཚོས་ལྷ་ཆེན་ཚངས་པའི་རལ་བའི་ནང་ནས་མི་ཡུལ་དུ་བབས་པར་གྲགས་པའི་རྩ་ཆེན་འགངས་ཆེན་གྱི་ཆུ་བོ་གངྒཱའི་ནང་བཤགས་ཀྱིན་པ་ལྟར་ཡང༌། ཡུལ་གྲོང་ཁག་གི་གཡས་གཡོན་གྱི་གྲམ་པའི་ནང་དུ་སླེབས་མ་ཐག ཆེས་ཐོག་མར་མཐོང་ཡུལ་དུ་འགྱུར་བ་ནི་མིའི་ཕུང་བོ་བཞུ་སའི་ཁང་པ་གཅིག་པོ་དེ་ཡིན་ལ། བོད་ནས་གསར་དུ་འབྱོར་མཁན་གྱི་མི་རྒྱུས་མེད་ང་ལྟ་བུས་ཁང་པ་དེ་དག་ཐོག་མར་མཐོང་དུས། ཕ་ཡུལ་གྱི་གྲམ་གཞུང་ན་ཡོད་པའི་མཆིག་(རང་འཐག)འདྲ་བ་ཞིག་ལོས་ཡིན་སྙམ་པ་ལས། དུར་ཁང་ཞིག་ཡིད་ལ་འཆར་མི་སྲིད་མོད། ཞིབ་ཏུ་བལྟས་ན་དེ་གཉིས་ལ་ཁྱད་པར་ཧ་ཅང་ཆེན་པོ་འདུག་སྟེ། ཕ་ཡུལ་གྱི་རང་འཐག་ཁང་པའི་མཐའ་སྐོར་དུ་རྩམ་པ་དཀར་བོང་བོང་མཐོང་རྒྱུ་ཡོད་པ་དང༌། རྒྱ་གར་གྱི་གྲམ་གཞུང་ན་ཡོད་པའི་རོ་ཁང་ཁག་གི་མཐའ་སྐོར་དུ་རོ་ཁེབས་སྣ་ཚོགས་རྡོ་ཕ་བོང་དག་གི་ངོས་སུ་གཡེང་འདུག་ལ། དེ་ཡང་ཁ་དོག་དམར་སེར་གཉིས་མང་ཙམ་མཐོང་རྒྱུ་འདུག་པས། དེ་གཉིས་ཀྱི་ཁ་དོག་ཙམ་ལས་ཀྱང་ཁྱད་པར་ཆེན་པོ་མཐོང་ཐུབ་ཅིང༌། རྒྱ་གར་གྱི་རོ་ཁང་དག་གི་མཐའ་སྐོར་ན་གཡེང་འདུག་པའི་རོ་ཁེབས་འདི་དག་མཐོང་ན་སྔར་བདག་ཅག་གི་སྟོན་པའི་ངུར་སྨྲིག་གི་ན་བཟའ་“སྐབས་དེ་དུས་ཁོང་གིས་དུར་ཁྲོད་དང་ཡང་ན་གས་སྙིགས་སྤུངས་པའི་ཁྲོད་ནས་རྙིང་རལ་དང་རྩབ་རལ་དུ་ཕྱིན་པའི་གྱོན་གོས་རྣམས་བསྒྲུགས་ཏེ་མནབས།’’(སྟོན་པའི་མཛད་རྣམ་གསལ་བའི་མེ་ལོང་གི་ཤོག་གྲངས་ཞེ་ལྔའི་སྟེང་གསལ།)ཞེས་གྲགས་པའི་ལོ་རྒྱུས་མངོན་སུམ་དུ་སྣང་བར་སྙམ་ཞིང༌། གྲམ་པའི་ནང་ནས་རོ་ལས་བྱེད་སྟངས་འདིའང་ཕལ་ཆེར་རྒྱ་གར་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣང་ཚུལ་ཞིག་ཡིན་ཤས་ཆེ།
རྒྱ་གར་གྱི་གྲམ་པའི་ནང་སྐྱོ་སྣང་ཆེན་པོ་ཞིག་ཏུ་ཚོར་བའི་དོན་དག་ཅིག་མཆིས་པ་ནི། དབུལ་བོ་རུ་ཡོང་སྐོར་ཞིག་ཡོད་པ་འདི་དག་རེད། འདི་དག་ནི་མི་གཅིག་དང་གཉིས་ཙམ་མིན་པར། ནང་མི་དང་ཁྱིམ་ཚང་གིས་གྲུབ་ཡོད་ཅིང༌། ཁོང་ཚོ་ཡོང་སྟངས་དང་སྡོད་སྟངས་ལ་བལྟས་ན། བོད་དང་སོག་པོའི་རྩྭ་ཐང་གི་འབྲོག་སྡེ་ཞིག་དང་འདྲ་བར། གློ་རྡེག་ཏུ་ཡོང་ཞིང༌། གློ་རྡེག་ཏུ་ཐོན་འགྲོ་བས། ཁོང་ཚོར་གཏན་འཇགས་ཀྱི་རྣམ་པ་ཞིག་ཡེ་ནས་མི་འདུག་ལ། ཁོང་ཚོས་རྒྱུག་པ་འགའ་ཤས་ཡར་བསླངས་པའི་རྩེ་ལ་འགྱིག་ཤོག་(ཕལ་ཆེ་བ་ནག་པོ་ཡིན།)རེ་གཡོགས་ནས་ཧ་ཅང་སྟབས་བདེའི་སྡོད་ཁང་འདྲ་ཞིག་བཟོ་སྟངས་ནི་དེ་བས་ཀྱང་འབྲོག་པས་སྦྲ་གུར་ཕིབས་སྟངས་དང་ཡོངས་སུ་འདྲ་མོད། ཁོང་ཚོ་འབྲོག་པ་ལྟར་མི་མཐོང་བ་ནི་སྒོ་ན་རྒྱུ་མེད་པས་རེད། ཁོང་ཚོ་འདི་འདྲའི་ཧ་ཅང་སྟབས་བདེ་ཞིག་ཡིན་པའང་གྲ་རྒྱས་པོ་བྱེད་སྤྱད་ཀྱི་རྒྱུ་མེད་སོང་བ་རེད་མ་གཏོགས། འབྲོག་པ་ལྟར་ཡོད་བཞིན་དུ་སྟབས་བདེའི་ཕྱིར་གྲ་རྒྱས་པོ་མི་བྱེད་པ་དེ་འདྲ་མ་རེད། ཁོང་ཚོར་སྒོ་ན་རྒྱུ་མེད་པ་མ་ཟད། གཙང་སྦྲ་འཕྲོད་བསྟེན་ཀྱང་མི་འདུག ཁོང་ཚོའི་མགོ་ཡི་སྐྲ་དང་ལུས་ཀྱི་ལྭ། ཤ་ཡི་མདངས་དང་ལུས་ཀྱི་ཉམས། ཟ་ཆས་འཐུང་ཆས་དང་ཉེར་སྤྱོད་ཅ་ལག་སོགས་ཕྱོགས་གང་ལ་བལྟས་ནའང་དབུལ་འཕོངས་ཀྱི་མདོག་ཐོན་ཅིང་དབྱིབས་སུ་གྲུབ་འདུག ཁོང་ཚོའི་ཁྱིམ་ན་ཁྱིམ་ཆས་ལས་བུ་ཕྲུག་མང་ཚོད་རེད། ཁོང་ཚོ་ཡོད་ས་ན་ཕྲུ་གུ་མང་པོས་ལག་ཏུ་ལྕགས་སྐོ་རེ་བཟུང་ནས་ཐ་ར་ར་བྱེད་ཀྱིན་ཡོད་ལ། ང་ཚོ་ནམ་རྒྱུན་ཡར་འགྲོ་མར་འགྲོ་བྱེད་སྐབས་ཁོང་ཚོའི་འདི་ལྟ་བུའི་རྣམ་པར་བལྟས་ཏེ་སློང་མོ་བའི་བཟོ་གྲྭ་ཞེས་འབོད་ཀྱིན་ཡོད། ཁོང་ཚོའི་ཕ་མ་དག་གིས་རང་གི་ཁ་གསོ་ཐུབ་ཀྱི་མེད་པའི་སྒང་ལ་བུ་གུ་འདི་འདྲ་མང་པོ་འདོན་ཐུབ་ཀྱི་ཡོད་པར་བསམ་ན། ཁོང་ཚོའི་ལུས་ལ་བཅུད་དང་ཤེད་ཤུགས་འཛོམས་ཡོད་པ་ཁོ་ཐག་རེད། འོན་ཀྱང༌། ཁོང་ཚོས་ངལ་རྩོལ་ལ་བརྟེན་ནས་རང་ཁ་རང་གསོ་བྱ་ཐབས་མི་བྱེད་པར་སློང་མོ་བའི་གཞན་བརྟེན་གྱི་འཚོ་བར་གོམས་འདུག་པར་ཅི་ཞིག་ལན་སོང་ཨང༌། ཁོང་ཚོ་འདི་ལྟར་སྒྱིད་ལུགས་དང་ལེ་ལོ་ཡི་སྒྱེ་མོ་ཆེན་པོ་ཞིག་གི་ནང་དུ་འཛུལ་ནས་རང་ཉིད་ལ་ཅི་ཡང་མེད་པ་བྱས། བྲང་ཁ་ཉི་མར་ལྡེ་བ་ལས་འགན་ཅི་ཡང་མེད་པའི་ཁོང་ཚོ་གྲམ་པའི་ནང་ལ་ཡོང་ནས་རྡོ་ཀྱོག་སྐམ་པོ་དེ་དག་གི་གསེང་ནས་ཅི་ཞིག་འཚོལ་ལམ། ཅི་ཞིག་ཐོབ་བམ། གཡས་གཡོན་གྱི་ཆུ་རྙོག་དེས་ཁོང་ཚོའི་སྐོམ་སེལ་ཐུབ་ཀྱི་ཡོད་དམ། འདི་འདྲའི་དྲི་རྟགས་མང་པོ་ཞིག་དང་མཉམ་དུ་དབུལ་བོ་རུ་ཡོང་སྡེ་བའི་སྐོར་ལ་བསམ་བློ་བཏང་ཚེ། དྲི་རྟགས་འདི་དག་རིམ་བཞིན་ཡུལ་འདིའི་འཚོ་བའི་གཤིས་ལུགས་ཀྱི་ཟུར་ཞིག་ཏུ་ཕོག་འགྲོ་བ་ཞིག་རེད་ལ། རྒྱ་གར་གྱི་གྲམ་པའི་ནང་གི་རིག་གནས་སྣང་ཚུལ་འདི་དག་ནི་དམངས་ཁྲོད་ན་ཧ་ཅང་དར་ཆེ་བའི་སྤྱི་ཚོགས་ཀྱི་བགྱི་བ་ཆེན་པོ་ཞིག་ཏུ་སོང༌། ཁོ་བོས་ཁ་གཡེང་མིག་གཡེང་རེ་བྱས་པ་འདི་ཙམ་སྨྲས་སོ།།
གྲོང་གསེབ་ཀྱི་རིག་གནས་སྣང་ཚུལ།
རྒྱ་གར་གྱི་གྲོང་གསེབ་ཅིག་ལ་སླེབས་མཚམས་ནས་ཕ་ཡུལ་དང་མི་འདྲ་བའི་བྱ་སྤྱོད་དམ་རིག་གནས་སྣང་ཚུལ་ཅི་རིགས་མཐོང་རྒྱུ་ཡོད་ལ། ཕ་ཡུལ་གྱི་རྣམ་པ་དང་བསྡུར་ན་རེ་འགའ་ནི་ངོ་མ་དགོད་བྲོ་ཞིང་ཡིད་འཕྲོག་པར་གདའ།
ཁོ་བོས་རྒྱ་གར་གྱི་གྲོང་གསེབ་ཁག་ནས་དོ་སྣང་བྱུང་བའི་ལྟད་མོ་གཅིག་ནི་ཅ་དངོས་དང་ཁུར་བོ་ཐམས་ཅད་མགོ་ལ་འཁུར་བ་དེ་ཡིན། ཅ་ལག་ལྕི་ཡང་ཇི་འདྲ་ཞིག་ཡིན་རུང་མགོ་ཐོག་ལ་བཞག་ནས་ཕལ་ཆེར་ལག་པས་ཀྱང་སྐྱོར་མི་དགོས་པར་འཁུར་འགྲོ་བའི་འདི་བའི་གྲོང་གསེབ་ཀྱི་ལུགས་སྲོལ་འདིས། ང་ལ་ཕ་ཡུལ་གྱི་གྲོང་གསེབ་ན་རྒན་རྒོན་ཚོས་བྱིས་པ་ཚོའི་མཚར་སྣང་གི་དྲི་བར་ལན་འདེབས་ཤིག་གམ། ཡང་ན་ཁོང་ཚོས་དོན་ངོ་མར་སེམས་ལ་དེ་འདྲ་ཞིག་སྒོམ་ནས་ཁ་ནས་ཤོད་ཀྱིན་པ་གང་ཡིན་ཆ་མི་འཚལ་བའི་བཤད་རྒྱུན་དེ་དྲན་པ་ཡང་ཡང་གསོས་མྱོང་སྟེ། ཕ་ཡུལ་ནས་བྱིས་པ་ཞིག་གིས་རྒན་རབས་པ་ཞིག་ལ་མི་ཚང་མས་ཅ་ལག་སྒལ་པར་འཁུར་བ་ཅི་ཡིན་ནམ་ཞེས་དྲིས་ཚེ། རྒན་རབས་པ་དེ་སྒམ་མདོག་གིས་སྟེང་ལྷ་ཡུལ་ནས་ཅ་དངོས་མགོ་ལ་འཁུར་བ་དང༌། འོག་ཀླུ་ཡུལ་ནས་ཅ་དངོས་སྒྱིད་པའི་སྟེང་ལ་འཁུར་ཞིང༌། ང་ཚོ་བར་མི་ཡུལ་ན་ཡོད་པས་ཅ་དངོས་སྒལ་པའི་སྟེང་ལ་འཁུར་བ་རེད་ཅེས་ལན་འདེབས་ངེས་པ་དང༌། བཤད་རྒྱུན་འདིས་མི་རབས་ནས་མི་རབས་སུ་ཅ་ལག་མགོ་ལ་འཁུར་བའི་འཛམ་གླིང་སྟེང་གི་མངོན་སུམ་གྱི་སྣང་བ་འདི་བསྒྲིབས་ཏེ་ལྐོག་གྱུར་གྱི་འོབས་སུ་བཅུག་པས། མི་སུའང་དོགས་པ་དང་ཐེ་ཚོམ་གྱི་རྒྱ་རུ་མ་ཚུད་མོད། རྒྱ་གར་གྱི་གྲོང་གསེབ་ཀྱི་མིས་ཅ་དངོས་མགོ་ལ་འཁུར་བའི་རྣམ་འགྱུར་འདི་ལ་ལྟ་བཞིན་ལྟ་བཞིན་ཕ་ཡུལ་གྱི་གནའ་སྔ་མོའི་ཤོད་རྒྱུན་དེར་དོགས་པ་ཟ་ཆོག་ཆོག་རེད་ལ།
དུས་ད་ལྟའང་ཕ་ཡུལ་ན་ཅ་དངོས་མགོ་ལ་འཁུར་བ་ནི་འཁྲབ་སྟོན་ཞིག་གམ་རྩེད་འགྲན་གྱི་བྱ་སྤྱོད་ཅིག་ཆགས་ཡོད་དེ། ཕ་ཡུལ་གྱི་མི་ཚོས་བརྙན་འཕྲིན་ལས་མཐོང་བའི་རིག་རྩལ་དང་ལུས་རྩལ་འཁྲབ་སྟོན་ཁག་ཏུ་ཅ་དངོས་ཆེ་ཆུང་ཅི་རིགས་མགོ་ལ་བཞག་སྟེ་མདུན་ལ་འགྲོ་བ་དང་རྒྱབ་ལ་འགྲོ་བ། མཚམས་རེར་བར་སྣང་ནས་ཐག་པ་ཕྲ་མོའི་སྟེང་ནས་འགྲོ་བ་སོགས་རྒྱ་ཐང་གི་མིས་འཁྲབ་སྟོན་བྱེད་པ་ལ་ལྟོས་ཏེ། དེ་དག་ལ་བློ་མགུ་ནས་ངོ་མཚར་ཆེན་པོར་མཐོང་གིན་ཡོད། གང་ལྟར། ཕ་ཡུལ་གྱི་སྣང་ཚུལ་བ་བསམ་ན་ཅ་དངོས་མགོ་ལ་འཁུར་བ་ནི་རྒྱུན་ལྡན་གྱི་བྱ་སྤྱོད་ཅིག་གཏན་ནས་མ་རེད་མོད། རྒྱ་གར་གྱི་གྲོང་གསེབ་ཏུ་ཅ་དངོས་ཀྱི་བོངས་ཚད་དང་རིན་ཐང་ཆེ་ཆུང༌། ལྕི་ཡང་དང་གཙང་བཙོག གཤེར་ཁུ་དང་མཁྲེགས་གཟུགས། སྐམ་པོ་དང་རློན་པ། རིང་བ་དང་ཐུང་བ་སོགས་ཇི་འདྲ་ཞིག་ཐག་ཉེ་རིང་གང་འདྲ་ཞིག་ལ་བསྐྱལ་དགོས་ཀྱང་ཐམས་ཅད་མགོ་ལ་བཞག་ནས་འཁུར་བ་དང༌། ཐ་ན་ས་ལས་རྡོ་ལས་དང་མི་གླས་དབོར་འདྲེན་སོགས་ཀྱང་མགོ་ལ་བཞག་ནས་ལས་ཤིང༌། ཁོང་ཚོས་ཅ་དངོས་མགོ་ལ་བཞག་རྗེས་ལག་པས་འཛིན་མི་དགོས་ལ་ཐག་པས་བཀྱིག་ཀྱང་མི་དགོས་པར་ལྷོད་ཀྱིས་འགྲོ་བ་མ་ཟད། འགྲོ་ཞོར་དུ་ཁ་བརྡ་བྱེད་པ་དང་ཧབ་ཆ་རྒྱག་ཞོར་དུ་འགྲོ་བའི་རྣམ་འགྱུར་ལ་ལྟོས་ན། ཇི་འདྲའི་སྟབས་བདེའང་སྙམ་ལ། འདི་ནི་ཁོང་ཚོའི་ཐུན་མོང་མ་ཡིན་པའི་རིག་གནས་སྣང་ཚུལ་ཞིག་ཀྱང་ལོས་ཡིན་སྙམ་པ་ཞིག་འདུག
རྒྱ་གར་གྱི་གྲོང་གསེབ་ཏུ་ཕ་ཡུལ་གྱི་རྣམ་པ་དང་མི་འདྲ་བའི་ལྟད་མོ་གཞན་ཞིག་ཡོད་པ་ནི། ལྷ་ཁང་ཆུང་ཆུང་དེ་དག་ཡིན། སྤྱིར་རྒྱ་གར་ནི་གནའ་བོའི་ཆོས་ལུགས་ཀྱི་གྲུབ་མཐའ་སྣ་མང་གི་མེ་རི་འཐོར་ས་ཡིན་པས། རྒྱ་གར་གྱི་ས་རྡོ་རི་བྲག་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཆོས་ལུགས་ཀྱི་མཚོན་བྱེད་འབའ་ཞིག་ཡིན་ཆོག་མོད། རྒྱ་གར་གྱི་གྲོང་གསེབ་ཁག་ལ་ཕྱི་ཚུལ་གྱིས་ལྟ་དུས་ལྷ་ཁང་ཆུང་ཆུང་རེ་ལས་ཅི་ཡང་མི་སྣང༌། ལྷ་ཁང་ཆུང་ཆུང་འདི་དག་མཐོང་ཐེངས་རེར། ངས་ཕ་ཡུལ་གྱི་དགོན་པ་ཆེན་པོ་དག་ངང་གིས་དྲན་ཡོང༌། ཕ་ཡུལ་གྱི་གྲོང་གསེབ་ཅིག་ལ་ལྷ་ཁང་ཆུང་ཆུང་ཞིག་གིས་ག་ལ་ཆོག ལྷ་ཁང་ཆེན་པོ་ཞིག་དགོས་ལ། ལྷ་ཁང་ཆེན་པོ་གཅིག་གིས་ཀྱང་ག་ལ་ཆོག མགོན་ཁང་ངམ་བཙན་ཁང་ཆེན་པོ་རེ་ཡང་དགོས་ཤིང༌། དེ་དག་གི་སྟེང་དུ་ད་དུང་མ་ཎི་ཁང་སོགས་ཁང་ཆེན་དང་ཚོམས་ཆེན་གང་མང་དགོས་པ་དང༌། ཁང་པ་མཐོན་པོ་དང་ཆེན་པོ་དེ་དག་ཐམས་ཅད་ཀྱང་གསེར་སྐུ་དང༌། དངུལ་སྐུ་སོགས་སྐུ་རིགས་འདྲ་མིན་གྱིས་ཁེངས་དགོས་པ་དང༌། ཕྱི་ནང་གཉིས་ལ་གསེར་དངུལ་གྱི་ཚོན་རིས་ཕབ་དགོས་པ། རིན་པོ་ཆེ་སྣ་མང་གི་ཕྲ་རྒྱན་འདོགས་དགོས་པ། གོས་ཆེན་ཤོམ་ཆེན་གྱིས་གཡོགས་དགོས་པ་སོགས། ཕ་ཡུལ་གྱི་ལྷ་ཁང་སོགས་ནི་གྲོང་གསེབ་ཆུང་ཆུང་རང་ཉིད་ལས་ཀྱང་རྒྱ་ཆེ་བ་དང༌། རྩ་ཆེ་བ། གྲ་རྒྱས་བ། གྱ་ནོམ་པ། ཕུན་སུམ་ཚོགས་པ་ཞིག་ཏུ་བསྐྲུན་དགོས་པ་དེ་རེད།
ཕ་ཡུལ་གྱི་ལྷ་ཁང་དང་གྲོང་གསེབ་གཉིས་ལྡོག་ཕྱོགས་སུ་གྱུར་འདུག་པའི་སྣང་ཚུལ་འདི་ལ་བསམ་ན། རྒྱ་གར་གྱི་གྲོང་གསེབ་དང་ལྷ་ཁང་ནི་ངོ་མ་ཨ་འགྲིག་ཆ་འགྲིག་ཅིག་རེད། ཁོང་ཚོའི་གྲོང་གསེབ་ཀྱི་ཆེ་ཆུང་དང་ལྷ་ཁང་གི་ཆེ་ཆུང༌། གྲོང་གསེབ་ཀྱི་ནང་ནོམ་དང་ལྷ་ཁང་གི་ནང་རྟེན། གྲོང་གསེབ་ཀྱི་འབྱོར་ཕྱུག་དང་ལྷ་ཁང་གི་རྣམ་པ་བཅས་ཕྱོགས་ཡོངས་ནས་དོ་མཉམ་པ་ཞིག་འདུག་སྟེ། ཁོང་ཚོའི་ལྷ་ཁང་ཧྲིལ་བོ་ཁང་པ་གྱན་གང་【ཁང་མིག་གཅིག】གིས་གྲུབ་པ་དང༌། དེ་ལ་ཕྱི་ནང་གཉིས་བྱས་ཏེ་སྦུག་ཏུ་རྡོ་སྐུ་གཅིག་དང་སྐུ་འདྲ་རེ་ཟུང་མ་གཏོགས་མེད་པའི་ནང་རྟེན་རྣམས་བཞུགས་ཤིང༌། ཕྱི་ལོག་ནི་མི་བཅུ་ནས་བཅོ་ལྔ་བར་ཤོང་བའི་ཁྱམས་ར་རེད། ལྷ་ཁང་གི་དབྱིབས་ཀྱང་ཕལ་ཆེ་བ་གྲུ་བཞི་མནར་མོ་དང༌། མི་རབས་སྔོན་མ་དག་གིས་བཞེངས་པའི་ལྷ་ཁང་དག་ནི་དེ་ལས་ཀྱང་ཆུང༌། ཁོང་ཚོས་རྡོ་དང་ཨར་འདམ་གྱིས་ཁང་པ་བཞེངས་པ་ཙམ་ལས་དེ་ལ་ཚོན་མདངས་གོང་ཆེན་མང་པོས་ཚོན་ལས་བྱེད་སྲོལ་ཡང་མེད་པ་འདྲ། དེང་ལུགས་ལྟར་གསར་བཞེངས་བྱས་པའི་ལྷ་ཁང་ཡིན་ཡང་ནང་རྟེན་ལ་འགྱུར་བ་ཕྱིན་མེད་པར་ཕྱིའི་ཁྱམས་རེར་ལྕགས་ར་བསྐོར་བ་དང༌། ལྷ་ཁང་གི་ཕྱི་ནང་གཉིས་ལ་ཚོན་དཀར་པོ་བྱུགས་པ་དང་སྟེང་གི་ཏོག་ལ་ཚོན་དམར་སྨུག་སྐུད་པ། ནང་སྒོའི་ཡ་ཐེམ་ལ་ཅོང་རེ་འདོགས་པ། རྩིག་ངོས་སུ་ཚོན་མདངས་འདྲ་མིན་སྣ་ཚོགས་ཡོད་པའི་དཀར་ཡོལ་སྦྱར་འདུག་པ་ཙམ་རེད། མཆོད་རྫས་ཀྱི་ཐད་ནས་ཀྱང་ཕ་ཡུལ་གྱི་མཆོད་རྫས་བཞིན་གང་ཡག་གང་ཞིམ་རང་རང་གི་འབྱོར་ཕྱུག་གིས་ཐག་གཅོད་པ་ལྟར་མ་ཡིན་པར། མི་ཀུན་པོས་ཆུ་སྣོད་གང་གི་ཁ་ལ་མེ་ཏོག་འགའ་སྟོར་འདུག་པ་ཕུལ་བ་དང༌། སྤོས་རེ་སྒྲོན་པ། ནང་སྒོའི་ཡ་ཐེམ་གྱི་ཅོང་དཀྲོལ་བ་དེ་རེད།
ལྷ་ཁང་ཆུང་ཆུང་འདིའི་ནང་ན་རྟེན་ཆུང་ཆུང་ཞིག་གདའ་བ་ནི་ལྷ་དབང་ཕྱུག་གི་ཕོ་མཚན་རེད་ཟེར་བའི་རྡོ་འཇོང་དེ་ཡིན་ལ། དེའི་མདུན་དུ་ལྕགས་ཀྱི་རྩེ་གསུམ་ཞིག་ཡར་བསླངས་པ་དང༌། དེའི་སྟེང་ལ་ཤིང་དང་རྡོ་ཅི་རིགས་ཀྱིས་བཟོས་པའི་སྦྲུལ་མགོ་ཞིག་བཞེངས་ཡོད། དེའི་ཡང་སྟེང་དུ་ལྕགས་ཀྱི་ཀ་བ་གསུམ་གྱི་རྩེ་ལ་ཟངས་ཀྱི་བུམ་པ་དང་རྫ་མ་གང་ཡིན་གྱི་ཆུ་སྣོད་ཅིག་བཀལ་ཡོད་པ་དང༌། ནང་སྒོའི་འགྲམ་གྱི་ཁྱམས་མཐིལ་དུ་རྡོ་བརྐོས་མ་ཧེའི་གཟུགས་བརྙན་ཞིག་ཁ་ནང་ལ་བསྐོར་ནས་བཞག་འདུག ལྷ་ཁང་འདི་དག་ཆགས་གནས་ཀྱི་ཐད་ནས་ཀྱང་ཕ་ཡུལ་ལྟར་མཐོ་ས་ཞིག་དང་གཙང་ས་ཞིག ཡང་ན་དབེན་ས་ཞིག་བཙལ་བ་མིན་པར། མཆོད་འབུལ་བྱེད་མཁན་ལ་སྟབས་བདེའི་ཕྱིར་གྲོང་སྡེའི་ལམ་གྱི་སུམ་མདོ་བཞི་མདོ་དག་ན་ཆགས་ཡོད་པས། འགྲུལ་མི་སུ་འདྲ་ཞིག་ཡིན་རུང་གསོལ་བ་སྨོན་ལམ་འདེབས་ཆོག་ཆོག་རེད། མཆོད་འབུལ་བྱེད་མི་རྣམས་ཞོགས་ཉི་དང་འགྲོགས་ནས་ཡོང་ཞིང༌། ཁོང་ཚོས་ཕྱི་སྒོའི་འགྲམ་ནས་ལྷམ་ཕུད་རྗེས། ལག་པ་གཉིས་ཀས་ལྷ་ཁང་གི་སྒོའི་མ་ཐེམ་ལ་རེག་པ་དང་རང་གི་བྲང་དང་དཔྲལ་བར་སྦྱོར་བ་རེད། དེ་ནས་ནང་དུ་འཛུལ་རྗེས་ནང་སྒོའི་ཡ་ཐེམ་མམ་ཁྱམས་རའི་གནམ་དཀྱིལ་ན་ཐུར་དུ་དཔྱངས་པའི་ཅོང་དེ་དཀྲོལ་བ་དང༌། སྦུག་ལ་སླེབས་མ་ཐག་ལག་པས་དབང་ཕྱུག་གི་ལངྒ་ལ་བྱིལ་བྱིལ་བྱས་ཏེ་རང་གི་བྲང་དང་དཔྲལ་བར་སྦྱོར་བ་དང༌། ཆུ་སྣོད་གང་བོའི་ཕལ་ཆེ་བ་དེ་མ་ཐག་ལངྒའི་སྟེང་ལ་ལྡུག་ཅིང༌། ཆུ་ཁར་གཡེང་པའི་མེ་ཏོག་དག་ཀྱང་ལངྒའི་རྩེ་ལ་འཇོག་པ་དང༌། ཆུ་ལྷག་མ་ཅུང་ཙམ་ཡོད་པ་དེ་རྫ་མའི་ནང་ལ་བླུགས་རྗེས་སྤོས་ཕུལ་ལ། ཕྱིར་འཁོར་མཚམས་ཁ་མུག་མུག་གིས་ཅི་ཞིག་ཟློ་བཞིན་ལག་པས་ལངྒ་ལ་རེག་ནས་བྲང་དང་ཐོད་པར་སྦྱོར་བ་དང༌། ཅོང་དཀྲོལ་བ་རེད། འདི་ལྟར་མཆོད་འབུལ་བྱེད་མཁན་རྣམས་ནི་བསམ་གཟས་ནས་མཆོད་འབུལ་བྱེད་དུ་ཡོང་མཁན་ཚོ་ཡིན་ལ། མཆོད་འབུལ་བྱེད་དུ་ཡོང་མཁན་ཡང་ཕོ་གཞོན་མོ་གཞོན་དང་ཕོ་རྒན་མོ་རྒནཅི་རིགས་འདུག གཞན་ལྷ་ཁང་ཆུང་ཆུང་དེའི་གཡས་གཡོན་རྒྱབ་མདུན་གྱི་འགྲུལ་མི་སུ་འདྲ་ཞིག་ཡིན་རུང་རང་རང་གི་གོམས་སྲོལ་དང་སྟབས་ཀ་དང་བསྟུན་ཏེ་གསོལ་འདེབས་རེ་བྱས་ཏེ་འགྲོ་བའང་གྲོང་མི་ཚོའི་གཤིས་བཟང་ཡིད་དུ་འོང་བ་ཞིག་རེད་འདུག
༄། །རིག་གནས་ཀྱི་སྣང་ཚུལ་མང་པོ་ཞིག་གསར་དུ་ཤེས་བྱུང་བས་ཐུགས་རྗེ་ཆེ།
༄། །དྲ་བདག་གིས་གཤམ་གསལ་འདི་བཞིན་མདུན་ངོས་སུ་འགོད་པར་ཞུ།
༄། །ཨ་མདོ་རེབ་གོང་གི་གནས་ཚུལ་ལ།
༡ རྒྱ་ལུགས་ཧོར་ཟླ་༦ཚེས་༡༥ནས་མགོ་ཚུགས་པའི་རོང་བོ་དགོན་ཆེན་གྱི་
དབྱར་གནས་ཆོས་ཐོག་དེ་ཧོར་ཟླ་༧ཚེས་༢༩ཉིན་དགག་དབྱེ་གནང་སྟེ་ལེགས་པར་གྲུབ་ཅིང་།
ཕྱི་ཉིན་ནས་དབྱར་སྟོན་སྦྱིན་བདག་རྣམ་པའི་རེ་འདོད་བཞིན།
ཚེས་༡ལ་ས་དཀྱིལ་གནམ་ལྷའི་ཁྱིམ་དུ་དང་། ཚེས་༢ཉིན་བོད་སྐོར་བླ་མའི་ཁྱིམ།
ཚེས་༣ཉིན་རྒྱལ་བོ་ཕྱེ་ཁྲིའི་དཀའ་ཐུབ་རྒྱལ་གྱི་ཁྱིམ་སོ་སོར་རོང་བོ་དགོན་ཆེན་གྱི་ཐོས་བསམ་གླིང་བ་དང་རྒྱུད་པ་དུས་འཁོར་བཅས་གདན་ས་གསུམ་པོའི་དགེ་འདུན་འདུས་པ་༦༠༠ལྷག་གདན་དྲངས་ཏེ།
ལ་སེར་དང་ཚོད་དཀར་སོགས་ཀྱིས་བཟོས་པའི་ཚོད་མ་མོག་མོག་སྣ་ཁ་གསུམ་བཞི་རེ་གཙོ་བྱས་ཚོད་མ་བརྔོས་མ་སྣ་མང་འཁུར་བ་སོགས་བཟའ་བ་དང་།
ཞོ་དང་བཏུང་བ་སིལ་ཁུའི་རིགས་སྣ་ཚོགས་བཅས་དགྱེས་སྟོན་ཆེན་པོ་དྲངས་ཤིང་།
སྐུ་འགྱེད་ལ་སྦྱིན་བདག་གི་ཁྱིམ་ཚང་སོ་སོས་དགེ་འདུན་པ་རེ་རེར་རྒྱ་
ནག་ཤོག་སྒོར་༡༥༠–༡༦༠རེ་ཕུལ་འདུག
དེ་ཡང་རབ་གནས་མེ་ཁྱི་སྟེ་༢༠༠༦ལོ་ནས་བོད་ཕྱི་ནང་གང་ས་ནས་རི་དྭགས་གཅན་གཟན་སྲུང་སྐྱོབ་ཆེད་དེ་ཚོའི་པགས་རིགས་རྒྱན་གོས་བྱེད་པ་དོར་ནས་མེར་སྲེག་དང་དམར་ཟས་སྤོང་བའི་ལས་འགུལ་རྒྱ་ཆེར་སྤེལ་བའི་དུས་དེ་ནས་བཟུང་།
རོང་བོ་དགོན་ཆེན་གྱི་གདན་ས་གསུམ་པོས་མཐའ་གཅིག་ཏུ་ཚོགས་སུ་དཀར་མཆོད་གནང་གཏན་ཁེལ་བ་ལྟར་ད་བར་ལོ་ལྔ་སོང་རིང་།
དབྱར་སྟོན་ཀྱང་
དཀར་མཆོད་གཙང་མའི་སྒོ་ནས་སྟོན་པའི་རྗེས་འཇུག་དང་བ་འདྲེན་པ་གནང་བཞིན་ཡོད།
༢ ཧོར་ཟླ་༨ཚེས་༥ཉིན་ནས་ཚེས་༡༥བར་རོང་བོ་དགོན་ཆེན་དུ་མདོ་སྨད་
ཀྱི་འཇང་དགུན་ཆོས་ཏེ་ཚད་མ་རྣམ་འགྲེལ་གྱི་གཞུང་ལ་བགྲོ་གླེང་རྩོད་པ་ཆེ་མོ་ཚོགས་རྒྱུ་དང་།
དེར་བོད་ཀྱི་ཆོས་ལུགས་པ་ཚད་མ་རྣམ་འགྲེལ་རྩོད་ཐུབ་མཁན་གང་མང་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ཅིང་།
གནས་ཚང་གི་ངོ་བོར་བཞུགས་པའི་རོང་བོ་དགོན་ཆེན་གྱི་ངོས་ནས་ད་ལམ་གྱི་ཆོས་ཚོགས་འདུ་འཛོམས་ལ་མཐུན་རྐྱེན་ཞབས་ཞུ་གང་ལེགས་ཡོང་བའི་གྲ་སྒྲིག་གནང་བཞིན་ཡོད་འདུག
༣ མཐོ་རིམ་སློབ་གྲྭ་ཁག་ནས་ཐོན་པའི་ལས་འཚོལ་བོད་ཀྱི་སློབ་མ་རྣམས་ལ་
ད་ལོའང་རེབ་གོང་ནས་ལས་ཞུགས་ཡིག་ཚད་ལེན་སྐབས། བོད་ཡིག་གཏན་ནས་མེད་པ་དང་།
རྒྱ་ཡིག་གི་རྒྱུགས་ལ། སྨྱུག་རྒྱུགས་བླངས་སྐར་གྱིས་40%དང་།
ཁ་རྒྱུགས་བླངས་སྐར་གྱིས་60%ཟིན་པ་བྱས་ཏེ།
བསམ་བཞིན་དུ་རྒྱ་སྐད་ཀྱིས་དྲི་བ་དྲིས་ལན་མི་ནུས་པའི་སློབ་མ་ཚང་མའི་སྨྱུག་རྒྱུགས་འཕྲོད་ཀྱང་ལས་སྒོ་བཀག་ཡོད་འདུག་པས་ལོ་མང་རིང་ལས་མེད་དུ་སྡོད་པའི་སློབ་མ་མང་ནས་མང་དུ་འཕར་བཞིན་ཡོད་ཅིང་།
རྒྱ་རིགས་སློབ་ཐོན་པ་རེབ་གོང་དུ་གནས་སྤོར་ལས་ཞུགས་བྱེད་མཁན་མང་ནས་མང་དུ་འཕར་བཞིན་ཡོད་པ་ནི་གཞོན་སྐྱེས་མི་རབས་ལ་འགལ་ཟླ་ཆེན་པོ་ཞིག་བཟོ་བཞིན་པ་དེ་རེད།
༤ ས་གནས་ཀྱི་དབང་འཛིན་རྒྱ་མིའི་འགོ་ཁྲིད་ཚོས་འཕེལ་རྒྱས་ལ་ཁ་
གཡར་ཏེ། ས་གནས་ཀྱི་སྣོད་བཅུད་དོ་སྙོམས་དང་གཉུག་མར་གནས་པའི་
ས་བདག་བོད་མི་རིགས་ཀྱི་རིག་གནས་གོམས་གཤིས་ངོ་མཚར་ཞིང་ཕན་རླབས་ཆེ་བ་ཡོད་ཚད་ལ་ཅི་མི་སྙམ་པར་རྨེག་མེད་དུ་བཏང་ནས་རྒྱ་རིགས་མང་པོ་གནས་སྤོར་གཞིས་ཆགས་ཀྱིས་རྒྱ་ཡུལ་ངོ་མར་གང་མྱུར་བསྒྱུར་ཆེད།
སྡོད་གནས་ཁང་བརྩེགས་ཤིན་ཏུ་མང་པོ་འཛུགས་སྐྲུན་གྱི་འགན་ཆ་ཚང་གཞུང་དང་།
ཡང་ན་འགོ་ཁྲིད་མདོ་མེད་རྒྱུ་རྔམ་ཅན་ཚོར་ལྐོག་བརྔན་སྤྲོད་
མཁན་རྒྱ་རིགས་ཚོང་བ་ཚོར་ངན་འབྲེལ་སྒོས་གང་འདོད་དུ་སྤྲད་ནས་བདག་མེད་ཁང་སྟོང་བགྲང་ཡས་པ་བསྐྲུན་དང་སྐྲུན་བཞིན་པའི་ནང་།
རྒྱ་རིགས་
མང་པོ་གནས་སྤོར་གཞིས་ཆགས་བྱེད་ཆོག་ཆོག་བཟོས་ཤིང་། ཁང་ཡོན་ཀྱང་
ཟླ་བ་རེ་བཞིན་བརྒྱ་ལོར་ཁ་ཤས་སྤྲད་པས་འཐུས་ངེས་ཀྱི་སྟབས་གང་བདེ་བཟོ་འཆར་ཡོད་འདུག་ཅིང་།
བྱེད་སྟངས་འདིའི་རིགས་ནི་རེབ་གོང་གཅིག་པུ་
ཙམ་མ་ཡིན་པར་མདོ་སྨད་ཀྱི་ཡུལ་གྲུ་ཕལ་ཆེ་བར་སྲིད་ཇུས་གཅིག་མཚུངས་རང་ཡིན་འདུག་པས་ཚང་མས་དོ་སྣང་གནང་འཚལ།།
བོད་ཀྱི་ཁ་དཔེར་ཕོ་ཅི་འདྲ་དེ་གྲི་འདྲ་དམན་ཅི་འདྲ་དེ་གཡུ་འདྲ། དེ་རིང་གཡུ་དྲུག་དཀར་རེད་འདུག་
དང་དྲུག་དམར་རེད་འདུག་བལྟ་རྒྱུ་རེད་ཡ།
རྩོམ་ཡིག་འདི་བཀླགས་པ་བརྒྱུད། རྩོམ་པ་པོས་རྩོམ་ནང་ཁ་གསལ་དེ་ཙམ་མེད་པར་རྒྱུགས་པ་ལེབ་རྡུང་བྱས་པའི་ཚོར་སྣང་བྱུང། གོང་དུ་བརྗོད་པའི་རྒྱ་གར་ཡུལ་དང་ཡུལ་མིའི་རྣམ་པ་དེ་དག་རྒྱ་གར་ཡུལ་གྱི་བརྒྱ་ཆ་བརྒྱ་ནས་༥་ཙམ་ལས་ཟིན་གྱི་མེད་པས་རྒྱ་གར་ཡུལ་སྤྱིའི་རྣམ་པ་མཚོན་པར་དཀའ། ཕལ་ཆེར་རྩོམ་པ་པོས་རང་ཉིད་སྡོད་སའི་ས་ཁུལ་ཆུང་ཆུང་ཞིག་གི་རྣམ་པ་བརྗོད་པ་ཙམ་ཞིག་ལས་རྒྱ་གར་ཡུལ་སྤྱིའི་རྣམ་པ་གསལ་པོར་བརྗོད་མི་འདུག
ཚང་མས་ཤུ་རེ་བྱེད་རོགས། གཅིག་གིས་ལས་འགུལ་རེ་མགོ་རྩོམ་དུས་མང་པོ་ཞིག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཧ་ཅང་ཆེ་གི ང་ལ་ཁྱེད་རྣམ་པའི་རྒྱབ་སྐྱོར་མེད་ན་ངས་ག་རེ་བྱེད་ཐུབ།