གཅན་ཡེ་རྒྱམ།
དེ་ནི་ཕལ་ཆེར་ ༡༩༩༩ ལོའི་ཕྱི་ཟླ་བདུན་པའི་ཟླ་མཇུག་ལ་ཡིན་པ་ཡོད། ཞོགས་པ་སྔ་མོ་ནས་ཉིན་གུང་བར་ཆར་བ་སིམ་སིམ་ཞིག་བབས་པས། ཉིན་རྒྱབ་ཏུ་ས་གཞི་སྒེག་མོ་བརླན་གཤེར་གྱིས་ཟིན་པས་བར་སྣང་དུ་ས་རྡུལ་དབེན་ལ། མཁའ་དབྱིངས་སུ་སྤྲིན་པ་ལེབ་མོ་ཙམ་ཡང་མཐོང་རྒྱུ་མེད་པས་ནམ་མཁའ་གཡའ་དྭངས་ཤིང་། ཁ་དབུགས་ཀྱང་ཧ་ཅང་གཙང་བས་ཁོ་ར་ཁོག་ཡུག་ཀུན་ཤིན་ཏུ་ཉམས་དགའ་བའི་དུས་ཤིག་རེད། ང་དང་ལས་མེད་གྲོགས་པོ་འགའ་མཉམ་དུ་འཛོམས་ནས་ལག་རྩེད་སྤོ་ལོའི་འགྲན་བསྡུར་ཞིག་བྱས་པ་ཡིན། ང་རང་རྩེད་འགྲན་པ་ཚང་མའི་ནང་ནས་ལོ་ན་གཞོན་ཤོས་དེ་ཡིན་ནའང་ལག་རྩེད་སྤོ་ལོ་རྩེ་དགོས་བྱུང་ན་གྱོང་རྩ་བ་ནས་མེད་པ་ཞིག་ཡིན། ང་ཚོ་འདི་ལྟར་ཆུ་ཚོད་ཁ་ཤས་ཤིག་ལ་ལག་རྩེད་སྤོ་ལོ་རྩེས་རྗེས་གྲོགས་པོ་གཞན་རྣམས་རིམ་བཞིན་སོ་སོའི་ཁྱིམ་དུ་ལོག་འགོ་ཚུགས་སོང།
ཁོང་ཚོ་ཁྱིམ་དུ་འགྲོ་བ་བསྟུན་ནས་ང་རང་ཡང་ག་ལེར་རང་ཁྱིམ་གྱི་ཉེ་འགྲམ་དུ་སྐོར་བ་ཞིག་བརྒྱབ་མོད་ནང་ལ་འཛུལ་མ་འདོད་པས་ས་སྲོད་ཆགས་རག་བར་དུ་ཕྱི་རོལ་དུ་བསྡད་པ་དང་། དེ་ནས་སྔར་གྱི་འཆར་གཞི་ལྟར་གྲོང་གསར་གྲོང་ཚོའི་ཨ་ཁུ་ལྷ་མཆོག་ཚང་གི་ཁྱིམ་གྱི་ནུབ་ངོས་སུ་སོང་སྟེ་ཅུང་ཙམ་ལ་སྒུག་ནས་བསྡད་ཀྱང་མི་སྐད་མ་དགོས་ཁྱི་སྐད་ཙམ་ཡང་མ་གོ་བས་ག་ལེར་རྐང་འཇབ་ལག་འཇབ་བྱེད་བཞིན་ཨ་ཁུ་ལྷ་མཆོག་ཚང་གི་ཁྱིམ་གྱི་སྒོ་འགྲམ་དང་ཉེ་བར་བཅར་དུས་ཁྱི་སྡོམ་ཁ་ཤས་གློ་བུར་དུ་གཡས་རྒྱུག་གཡོན་རྒྱུག་གིས་ངའི་ཕྱོགས་སུ་བརྒྱུགས་ཡོང་བས་ང་རང་དངངས་སྐྲག་ཆེན་པོ་ཞིག་གིས་དེད་ནས་ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར། སྐབས་དེར་ཨ་ཁུ་ལྷ་མཆོག་ཚང་གི་ཁྱིམ་ནས་མི་ཞིག་ཚུར་རྒྱུག་ཡོང་བཞིན་པ་མཐོང་བྱུང་། ངས་མི་དེས་ང་ཁྱི་འདི་ཚོའི་ཁ་ནས་ཐར་བར་རོགས་རམ་ཞིག་གནང་མི་ཡོང་ངམ་སྙམ་ནས་མི་དེའི་ཕྱོགས་སུ་བལྟས་པ་ཡིན་མོད། མི་དེའི་ཕྱོགས་སུ་མིག་གིས་ལྟ་བའི་སྐབས་དང་བསྟུན་ནས་ཁྱི་སྡོམ་ཞིག་གིས་ངའི་བརླ་ཁུག་ལ་སོ་ཞིག་བརྒྱབ་ནས་བྲོས་སོང་། དེ་མ་ཐག་མི་དེས་ཀྱང་ལམ་སེང་ཚུར་ཡོང་ནས་ངའི་གཡས་གཡོན་གྱི་ཁྱི་སྡོམ་རྣམས་ལ་བརྡལ་ལུང་བརྡལ་ཞིག་བྱས་རྗེས་ག་ལེར་ངའི་ཕྱོགས་སུ་སླེབས་བྱུང་། ངས་ཞིབ་ཏུ་ལྟ་དུས་མི་དེ་ནི་གཞན་ཞིག་མིན་པར་སྐལ་བཟང་གཡུ་སྒྲོན་རེད་འདུག ཕར་བལྟས་ན་མོས་སྔ་ཙམ་ནས་ང་ལ་སྒུག་ཏེ་བསྡད་པ་འདྲ་བས་ང་རང་འབྱོར་བ་ཅུང་ཙམ་ཕྱིས་དྲག་འདུག་སྙམ་སོང་། གང་ལྟར་འདི་ནི་ངེད་གཉིས་ཀྱིས་ཉིན་མང་པོའི་སྔོན་ནས་བསམ་བློ་བཏང་སྟེ་ནང་མི་རྣམས་མེད་པའི་སྐབས་དང་བསྟུན་ནས་ཕན་ཚུན་ལ་མཇལ་འཕྲལ་ཞིག་བྱ་རྒྱུའི་གོ་སྐབས་བཙལ་བ་དེ་ཡིན། འོན་ཀྱང་། འདིའི་སྔོན་དག་དག་ལ་ངའི་སེམས་པ་འགྱུར་བ་ཐེབས་ཏེ་ལེ་ལོའི་ཚོར་བ་དང་། འཚར་སྣང་། ད་དུང་དངངས་འཚབ་སོགས་ཀྱིས་བདག་གི་མདུན་ལམ་བཀག་སྟེ་ཡོང་མི་ཐུབ་པ་ལྟར་སྣང་ནའང་། ཅི་ཡིན་འདི་ཡིན་མི་ཤེས་པའི་རྒྱུ་རྐྱེན་གཞན་ཞིག་གིས་བདག་གི་གོམ་ཁ་རང་དབང་མེད་པར་གནས་འདི་རུ་བསྒྱུར་དུ་བཅུག་སོང་། གང་ལྟར་ད་ལྟ་སེམས་ལ་དོན་དག་ཉག་གཅིག་དྲན་བཞིན་གོམ་ཞེང་ཆེན་པོ་འདིར་ཕྱོགས་སུ་བསྒྱུར་བ་ནི་སྐལ་བཟང་གཡུ་སྒྲོན་བློ་ཕམ་ཏུ་མི་འཇུག་རྒྱུ་དེ་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ངོ་ཚ་ཕྲན་བུ་ལ་ཆ་བཞག་ནས་མ་ཡོང་ན་འགྲིག་མོད་ཀྱང་། བཤད་པའི་སྐད་ཆ་དོན་ལ་མ་གནས་ན་རིམ་པར་སྐལ་བཟང་གཡུ་སྒྲོན་གྱི་གདོང་ལ་ཇི་ལྟར་བལྟའམ་བསམ་སོང་། སྐལ་བཟང་གཡུ་སྒྲོན་ངའི་ཉེ་འཁྲིས་སུ་བཅར་ནས་ “ཁྱིས་སོ་བརྒྱབས་སོང་ངམ།” ཞེས་དྲིས་བྱུང་བས། ངས་ལམ་སེང་ “ཁྱི་གཅིག་གིས་སོ་བརྒྱབས་སོང་མོད། སྐྱོན་ཆེན་པོ་རང་མི་འདུག་” ཅེས་ལན་བཏབས་པ་ཡིན། དེ་ནས་སྐལ་བཟང་གཡུ་སྒྲོན་གྱིས་ “དོ་དགོང་ནང་ལ་ང་གཅིག་པོ་མ་གཏོགས་གྲོགས་མོ་སུ་གཅིག་ཀྱང་ཉལ་རོགས་ལ་སྐད་བཏང་མེད་པས། ནང་ལ་འགྲོ” ཞེས་བརྗོད་པས་ང་ཡང་ཁོ་མོའི་རྗེས་འབྲངས་ནས་ནང་དུ་སོང་བ་དང་། ནང་དུ་སླེབས་མཚམས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་པར་རྐང་པ་གཡོན་མའི་དོར་མ་ཡར་བརྫེ་ནས་བལྟ་སྐབས་དོར་མ་དང་། རྐང་པ་ཁྲག་གིས་བརྫིས་ཡོད་པ་སྐལ་བཟང་གཡུ་སྒྲོན་གྱིས་ཀྱང་མཐོང་བས། མོ་རང་ཧང་སངས་ནས་སྐད་ངན་ཞིག་ཤོར་སོང་། དེ་ནས་ལམ་སེང་ཆུ་དྲོད་འཇམ་ཞིག་འཁྱེར་ཡོང་ནས་འཇམ་མཉེན་གྱི་ལག་ཟུང་གིས་རྐང་པའི་སྒང་གི་ཁྲག་རྣམས་གཙང་མ་བཟོས་བ་དང་། དེ་ནས་རྨ་ཁའི་སྟེང་དུ་སྨན་ཆུ་བྱུགས་ནས་རྨ་དཀྲིས་བརྒྱབ་པ་སོགས་སྨན་བཅོས་ཡག་པོ་ཞིག་བྱས་རྗེས་གདོང་ལ་སྐྱོ་ཉམས་ཤིག་དང་། སེམས་ལ་སྡུག་ཡུས་ཤིག་གིས་ཁེངས་བའི་རྣམ་པ། ད་དུང་བྱམས་བརྩེའི་ངང་སྨན་བཅོས་བྱེད་སྟངས་བཅས་ཀྱིས་ངའི་སེམས་ལ་ཡིད་འགུལ་ཐེབས་པའི་བག་ཆག་ཟབ་མོ་ཞིག་བཞག་སོང་ལ། མདུན་དུ་དཔྱངས་པའི་སྐྲ་ལོའི་དཀྱིལ་ན་འཛུམ་པའི་དུང་ཟླ་ལྟ་བུའི་མཛེས་སྡུག་གི་ཞལ་རས་དེར་མིག་གིས་ག་ཚོད་བལྟས་ནའང་སྔར་ལས་ཀྱང་མཛེས་ཉམས་དོད་དུ་འགྲོ་བ་ནི་མི་ཚོས་གླེང་གིན་པའི་མཐར་ཐུག་གི་མཛེས་བ་ཞེས་པའི་འགྲེལ་བཤད་དེ་ཨེ་ཡིན་ནམ་སྙམ་བྱུང།།
སྐལ་བཟང་གཡུ་སྒྲོན་ནི་ས་གནས་འདིར་སྐད་གྲགས་ཡོད་པའི་སྐྱེ་གཟུགས་བཟང་ཞིང་རྣམ་པ་མཛེས་པའི་ཨ་མ་བདེ་སྒྲོན་གྱི་བུ་མོ་ཡིན་ལ། མི་རྣམས་ཀྱིས་བུ་མོ་འདི་ནི་ཕྱོགས་གང་ཅིའི་ཐད་ནས་ཁོ་མོའི་ཨ་མ་དང་གཅིག་འདྲ་རེད་འདུག་ཅེས་སྨྲ་བ་དང་། ད་དུང་བུ་མོ་འདི་སུ་ཞིག་གིས་མནའ་མར་བསུ་ཐུབ་ན་མི་ཚེ་གཅིག་གི་བདེ་སྐྱིད་རེད་”ཟེར་བའི་སྐད་ཆ་དེ་དག་ངའི་སེམས་ལ་ནམ་ཡང་གསལ་བོ་ཡོད་པས། དེ་རིང་མོ་དང་མཉམ་དུ་འདི་ལྟར་འགྲོགས་ཐུབ་པ་འདིས་ངའི་སེམས་ལ་བརྗོད་དཀའ་བའི་སྤོབས་པ་ཞིག་སྦྱིན་སོང་། དེའི་མ་ཚད། སྐལ་བཟང་གཡུ་སྒྲོན་མོ་རང་ལ་གཞན་དང་མི་འདྲ་བའི་མཛེས་ཆོས་མང་པོ་ཡོད་དེ། གནག་སྣུམ་གྱི་སྐྲ་ལོ་རིང་ཞིང་འཇམ་པ། དཔྲལ་བའི་མིག་གཉིས་ཆེ་ལ་དཀྱིས་རིང་བས་པུར་གྱིས་བྲིས་པ་ལྟར་སྣང་བ། ཟླ་བ་བཞིན་སྒོར་བའི་ཞལ་རས་དཀར་ཞིང་མཛེས་པ་དེས་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག་པ། ད་དུང་མཆུ་ཏོ་དམར་ལ་ཡག་པ། བྲང་གི་ནུ་མ་འབུར་ཞིང་སྐེད་པ་ཕྲ་བ། སྐྱེ་གཟུགས་རིང་ཞིང་གོམ་པའི་འདེགས་འཇོག་རན་པ་སོགས་ཀྱིས་ཕོ་གཞོན་ཁག་ཅིག་གི་མཇིང་པའང་ཀྱོག་ཀྱོག་བཟོས་པའི་གཏམ་རྒྱུད་སྙན་པོ་དེ་འདྲ་མང་པོ་བྱུང་མྱོང་།
གློ་བུར་དུ་སྐལ་བཟང་གཡུ་སྒྲོན་གྱིས་ “ད་གང་འདྲ་འདུག་གམ། རྐང་པ་ན་ཡི་མི་འདུག་གམ།” ཞེས་དྲིས་བྱུང་བས། ངས་ “ད་ན་ཚ་ཚང་མ་འཇགས་ནས་ན་ཡི་མི་འདུག་” ཅེས་བརླ་ཁུག་ནས་བཟོད་དཀའ་བའི་ན་ཟུག་ཅིག་ལངས་ཀྱི་འདུག་ནའང་མོར་སེམས་ཁྲལ་བཟོ་མ་འདོད་པར་ལན་རྫུན་མ་ཞིག་བཏབས་པས་ཁོ་མོས་ཀྱང་ཚུར་ཡིད་ཆེས་ཀྱི་རྣམ་འགྱུར་ཞིག་བསྟན་བྱུང། དེ་ནས་མོ་ཐབ་ཚང་དུ་ཕྱིན་ནས་མེ་ཏོག་དཀར་བོའི་ཚལ་དང་ཞོག་ཁོག་ལེབ་མོའི་ཚལ་བཅས་ཚལ་སྣ་ཁ་གཉིས་དང་བག་ལེབ་སྡེར་མ་གང་སོགས་འཁྱེར་ཡོང་ནས་མདུན་ཅོག་སྟེང་དུ་བསྒྲིགས་སྟེ་ “ངས་ཁ་ལག་ཡག་པོ་ཞིག་བཟོ་ཤེས་ཀྱི་མེད་པས། ཁ་ལག་ཞིམ་པོ་མེད་ན་དགོངས་དག་” ཅེས་ཟེར་ཞོར་ངའི་ཕྱོགས་སུ་ཤིང་གི་ཐུར་མ་ཆ་གཅིག་གཏད་བྱུང། ངས་ཀྱང་ལམ་སེང་ཐུར་མ་ཚུར་བླངས་ནས་མོའི་བཟོས་པའི་ཁ་ལག་གི་དྲོ་བ་ཅི་འདྲ་ཡིན་མིན་བལྟ་འགོ་ཚུགས་པས་ཁ་ལག་རྣམས་དྲོ་བ་ཆེ་ལ་ཁ་དོག་ཀྱང་མིག་ལ་མཛེས་པོ་ཏག་ཏག་ཅིག་བཟོས་འདུག་པས། ངས་ལམ་སེང་ “ཧ་ཅང་ཞིམ་པོ་བཟོས་འདུག དངོས་ནས་ཞིམ་པོ་བཟོས་འདུག ཁྱེད་རང་གིས་ཁ་ལག་འདི་འདྲ་ཡག་པོ་བཟོ་ཤེས་པ་བསམ་བློའི་རྒྱུད་ན་མེད” ཅེས་ཁོ་མོར་བསྔགས་བརྗོད་བྱས་པས། མོས་ “ཁྱོད་ཀྱིས་རྫུན་མ་བཤད། གང་ལྟར་ཁྱེད་རང་ལ་ཞིམ་པོ་བྱུང་ན་འགྲིག་པ་རེད་” ཟེར་བཞིན་ངོ་ཚའི་རྣམ་འགྱུར་ཞིག་ངོ་གདོང་ནས་མངོན་བྱུང།
ཁ་ལག་བཟས་རྗེས་ངས་སྐད་ཆ་རེ་ཟུང་ཞིག་བཤད་དགོས་བསམ་ནའང་གང་ཞིག་ནས་འགོ་འཛུགས་དགོས་མིན་མ་ཤེས་པར་ཡུན་རིང་ཞིག་ལ་ཁུ་སིམ་མེར་ལྷག་སོང་།
གློ་བུར་དུ་ངས་ “གསང་སྤྱོད་གང་དུ་ཡོད་དམ་” ཞེས་འདྲི་བཞིན་ཡར་ལངས་སྐབས་རྐང་པའི་ན་ཟུག་གི་དབང་གིས་ “་་་ཨ་རོ་་་་” ཞེས་སྐད་ཆེན་པོ་ཞིག་ཤོར་བ་དང་ཡར་ལའང་ལངས་མ་ཐུབ་པའི་བཟོ་ལྟ་སྐྱོ་བོ་ཞིག་བསྟན་པས། མོ་ལམ་སེང་རྒྱུག་ཡོང་ནས་ངའི་ལག་པ་གཡོན་པ་ནས་ཡར་སྐྱོར་ཏེ་ཤ་ཚ་བའི་ངང་ང་ལ་རོགས་པ་བྱས་བྱུང་། སྐབས་དེ་དང་བསྟུན་ངས་སྐད་ཆ་ཅི་ཡང་མ་བཤད་པར་ལག་པ་གཡོན་པས་ཁོ་མོའི་སྐེ་ལ་འཇུས་ཏེ་བྲང་ལ་སྦྱར་ཞིང་འགྲམ་པ་གླན་པ་ཡིན། ག་ལེར་བདག་གི་མཆུ་དང་ལུས། སྙིང་དང་གློ་བ། མཆིན་པ་ཡོད་ཚད་ཁོ་མོར་ཀླན་པས་མོ་ཡང་འདོད་པས་མྱོས་ཅིང་ཁ་ནས་ “་་་་ཨིན་་་་་ཨིན་་་་” ཟེར་བཞིན་ག་ལེར་ངའི་ཕྱོགས་སུ་མཆུ་ཏོ་སྦྱར་ཞིང་དེ་ནས་ལུས་པོ་ཡོངས་རྫོགས་ཀྱང་བདག་ལ་འཁྱུད་བྱུང་། དོ་དགོང་ངེད་གཉིས་ཀྱིས་ལུས་ཀྱི་ཆ་ཤས་ཡོད་ཚད་ཕན་ཚུན་ཡང་ཡང་སྦྱར་བས་ལུས་སེམས་གཉིས་གཅིག་ཏུ་འདྲེས་པ་མ་ཟད། བཤད་འདོད་པའི་ཡིད་སེམས་ཀྱི་སྐད་ཆ་ཡོད་ཚད་ཀྱང་ཕན་ཚུན་ལ་བཤད་པ་ཡིན། ངེད་གཉིས་ཞག་གང་བོར་འདི་ལྟར་མ་གཉིད་པར་བསྡད་པ་ཡིན། འདི་ནི་བདག་གི་མི་ཚེའི་ནང་གི་ལུས་འབྲེལ་ཐོག་མ་དེ་ཡིན་པས། མཚན་མོ་འདི་ནི་ང་ལ་མཚོན་ན་དུས་ནམ་ཡང་བརྗེད་ཐབས་བྲལ་བའི་བདེ་སྐྱིད་ཀྱི་མཚན་མོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཡིན་ན་ཡང་། ཁྱིས་སོ་བརྒྱབས་པ་དང་། ཁྲག་ཐོན་ཏེ་ན་ཟུག་ལངས་པ། ཁོ་མོར་ཐོག་མར་ལག་པ་འཆང་དུས་དངངས་སྐྲག་གིས་འདར་སིག་བརྒྱབ་པ། ཚུར་ནང་ལ་ལོག་དུས་རྐང་པ་ན་ནས་གྱོལ་པོ་ཞིག་དང་འདྲ་བར་གོམ་པ་འཐེང་བཞིན་ཡོང་བ། ནང་དུ་འབྱོར་དུས་ཕ་མས་རྫོགས་རྒྱུ་མེད་པའི་གཤེ་གཤེ་བཏང་བ་སོགས་སྡུག་བསྔལ་དུ་ཡེ་ནས་མ་བསམ་པ་ནི་ད་ལྟ་འདི་ལྟར་སྙམ་ན་དངོས་ནས་ཁྱད་འཚར་ཞིག་རེད་འདོད།
ཉིན་ཤས་ཀྱི་རྗེས་སུ་ང་གློ་བུར་དུ་སེམས་ཁྲལ་ཤིག་གིས་དངངས་འདར་ཞིག་བྱེད་དགོས་བྱུང་བ་ནི་སྐལ་བཟང་གཡུ་སྒྲོན་ལ་མངལ་ཆགས་མེད་དམ་སྙམ་པའི་གནད་དོན་དེ་རེད། གལ་སྲིད་མོ་རང་ལ་མངལ་ཆགས་ཡོད་ན་ཐག་གཅོད་གང་འདྲ་ཞིག་བྱའམ། ད་དུང་ཕ་མ་གཉིས་གཙོ་བྱས་བའི་ནང་མི་ཚོའི་ངོ་གདོང་ལ་ཇི་ལྟར་བལྟ་རྒྱུ་སོགས་ཀྱི་སྐོར་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བ་ཡིན་ལ། ཉིན་ཤས་རྗེས་སུ་སྐལ་བཟང་གཡུ་སྒྲོན་དང་མཇལ་འཕྲལ་བྱེད་སྐབས་ཁོ་མོའི་གྲོད་ཁོག་ལ་ཞིབ་ལྟ་ཐེངས་མང་བྱས་པ་ཡིན། དེ་ལྟར་ཟླ་བ་གཉིས་ཙམ་གྱི་རྗེས་སུ་མོའི་གྲོད་ཁོག་ཆེན་པོ་མ་ཆགས་པར་རང་འཇགས་ཡིན་པ་ཤེས་པས་ངའི་བློའང་བདེ་ལ་བབས་བྱུང་། རྒྱུན་རིང་པོ་ཞིག་ལ་མོར་མངལ་འཁོར་བ་དང་། མོ་རང་གི་གྲོད་ཁོག་ཆེན་པོ་ཆགས་པ་སོགས་ཀྱི་རྨི་ལམ་རྐྱང་རྐྱང་བཏང་སྟེ་གཉིད་སྐྱིད་པོ་ཞིག་ཁུག་རྒྱུ་མ་བྱུང་བ་དང་། ད་དུང་ལུས་སེམས་གཉིས་ཀྱང་སེམས་ཁྲལ་གྱིས་བཅུན་པའི་སྡུག་བསྔལ་སོགས་ད་ལྟ་ཅུང་ཉུང་དུ་ཕྱིན་སོང་བས། ད་ནི་ང་རང་བཙོན་གྲོལ་ཐོབ་ནས་རང་དབང་ལོངས་སུ་སྤྱོད་རྒྱུ་བྱུང་བའི་བཙོན་མ་ཞིག་དང་གཅིག་པ་རེད་འདུག་སྙམ་བྱུང་།
གང་ལྟར་ང་རང་མཐོ་སློབ་མ་ཐོན་བར་དུ་སྐལ་བཟང་གཡུ་སྒྲོན་གྱིས་ང་ལ་སྒུག་ནས་བསྡད་པ་དང་། ང་ལ་ལས་བྱེད་ཅིག་གི་གོ་མིང་ཐོབ་རྗེས་ངེད་གཉིས་ཀྱི་ཕ་མ་བཞི་དང་སྤུན་མཆེད་ཡོངས། གཉེན་ཉེ་དུ། སློབ་གྲོགས་མང་པོ་ཞིག་དང་གྲོགས་པོ་གྲོགས་མོ་ཡོངས། ད་དུང་གྲོང་ཚོའི་ཡུལ་མི་རྣམས་མཉམ་དུ་འཛོམས་ནས་ཆང་སའི་རྟེན་འབྲེལ་གྲ་རྒྱས་པོ་ཞིག་བྱས་ཤིང་། ཆང་སའི་སྟོན་ཐོག་ཏུ་དགའ་བའི་གླུ་ལེན་པ་དང་སྐྱིད་པའི་བྲོ་འཁྲབ་པ་སོགས་ནང་མི་སྤུན་མཆེད་དང་སྐུ་མགྲོན་ལྷན་རྒྱས་ཡོངས་ཀྱི་ཞལ་རས་ལ་རྫོགས་རྒྱུ་མེད་པའི་སྤྲོ་འཛུམ་གྱིས་ཁེངས་ནས་ཡོད་པའི་རྣམ་པ་དག་མཐོང་ན་དངོས་གནས་ཉམས་དགའ་བ་ཞིག་རེད་ལ། རྒྱུན་དུ་འདི་འདྲའི་རྫོགས་རྒྱུ་མེད་པའི་སྐྱིད་པོ་བྱུང་ན་བསམ་པའང་དེ་དུས་དྲན་བྱུང་། ཕྱིའི་ཉིན་མོར་པཱ་ལགས་ཀྱིས་སྐད་ཆེན་པོས་ “ཨ་རག་དམ་བུ་ལྔ་བཅུ་དང་། སྦི་རག་དམ་བུ་སུམ་བརྒྱ་ལྷག་འཐུང་འདུག འདི་འདྲའི་འགྲོ་སོང་མང་པོ་་་་་་” ཟེར་བཞིན་སྐད་ངན་ཤོར་སོང་མོད། ཕྱོགས་གཅིག་ནས་བལྟས་ན་དེ་ནི་ངོམས་སོ་བྱེད་སྟངས་ལྟ་བུ་ཞིག་ཏུ་མཐོང་སོང་། གང་ལྟར་ཉིན་མོ་དེ་ནས་བཟུང་ངེད་གཉིས་སུ་དང་གང་ལའང་སྐྲག་མ་དགོས་ལ་གཡོལ་ཡང་མ་དགོས་པར་འགྲོ་ན་མཉམ་དུ་འགྲོ་བ་དང་། ཉལ་ན་མཉམ་དུ་ཉལ་བ། ཁ་ལག་ཟ་ན་མཉམ་དུ་ཟ་བ་སོགས་ལུས་དང་གྲིབ་མ་འགྲོགས་པ་བཞིན་བདེ་སྐྱིད་དང་ཞི་བདེའི་འཚོ་བ་ཞིག་མཉམ་དུ་སྤྱོད་པའི་རང་དབང་དེ་ཐོབ་པ་མ་ཡིན་ནམ།
འདི་ལྟར་ལོ་ཁ་ཤས་ཤིག་དྲན་རྒྱུ་ཚོར་རྒྱུ་གང་ཡང་མེད་པར་སྐྱིད་པའི་སྣང་བའི་ཁྲོད་རྫོགས་པ་དང་། ལོ་ངོ་ཧྲིལ་བོ་བཞིའི་རྗེས་སུ་ངེད་གཉིས་ལ་སེམས་ཁྲལ་གྱི་བྲེལ་ཤ་ཞིག་ལངས་འགོ་ཚུགས། དེ་ནི་ངེད་གཉིས་དང་ན་ཚོད་གཅིག་པའི་ཕོ་གཞོན་མོ་གཞོན་རྣམས་རང་རང་གི་ཕྲུ་གུ་མཉམ་དུ་འཚོ་བ་དང་། ཕྲུ་གུ་ཁྲིད་ནས་འཆམ་འཆམ་ལ་འགྲོ་བ། ཡང་འགའ་ཤས་ཤིག་གིས་རང་ཉིད་ཀྱི་སྙིང་ནས་གཅེས་བའི་བུ་ཕྲུག་པང་དུ་འཁྱེར་ནས་འགྲོ་དུས་ངེད་གཉིས་ཁོང་ཚོར་ཡིད་སྨོན་ཡང་ཡང་སྐྱེས་མྱོང་བ་དེ་རེད།
ད་དུང་ཤ་ཉེ་དང་གྲོགས་པོ་གྲོགས་མོ་མང་པོ་ཞིག་གིས་ཀྱང་ངེད་གཉིས་ལ་བསླབ་བྱའི་ཚུལ་དུ་ “ད་ནི་ཁྱེད་གཉིས་ཀྱང་ཆུང་རྒྱུ་མི་འདུག་པས་ཕྲུ་གུ་ཞིག་བསྐྱེད་བསྲིང་བྱ་རན་འདུག ང་ཚོ་བོད་ལ་མི་འབོར་ཉུང་དྲག་པའི་སྐྱོན་ཡོད་པ་རེད། ཁྱེད་རང་ཚོ་དེང་དུས་ཀྱི་གཞོན་སྐྱེས་འདི་ཚོས་ཕྲུ་གུ་འཁོར་དུ་མི་འཇུག་པ་འདི་ནི་དངོས་གནས་ཁྱད་འཚར་རེད་” ཟེར་བའི་སྐད་ཆ་དེ་དག་གོ་རྒྱུ་ཇེ་མང་ནས་ཇེ་མང་དུ་གྱུར། ལྷག་པར་དུ་ཕ་མ་གཉིས་ཀྱིས་ཕྲུ་གུ་ཡོད་མཁན་གྱི་བུ་ཕྲུག་ཚོར་བྱམས་པོ་གནང་སྟངས་དང་། ངེད་གཉིས་ལ་ད་དུང་ཡང་ཕྲུ་གུ་མེད་སྟབས་ཁོང་ཚོ་དང་སེམས་ཐག་རིང་བའི་སྣང་བ་ཞིག་ཀྱང་སྐྱེས་སུ་བཅུག་པས་ངེད་གཉིས་གཅིག་པོ་ཁེར་རྐྱང་དུ་ལུས་འགྲོ་བའི་ཚོར་བའང་ནམ་རྒྱུན་ཡོང་གི་འདུག ཡང་ཕྱོགས་གཞན་ཞིག་ནས་བཤད་ན་ཕྲུ་གུ་ཡོད་པའི་རོགས་པ་ཚོས་ “ཁྱེད་རང་གཉིས་ངོ་མས་སྐྱིད་པོ་རེད། ང་ཚོ་ལ་ནི་ཕྲུ་གུ་ཡོད་ཙང་དཀའ་ལས་མང་པོ་འདུག་” ཟེར་བ་སོགས་ཀྱི་ཕྲུ་གུ་མེད་ན་ཁེ་ཕན་དེ་དང་ཡག་པོ་འདི་ཡོད་ཚུལ་བཤད།
གང་ལྟར་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤད་དོན་གྱི་སྙིང་བོ་ནི་ངེད་གཉིས་ལ་ཕྲུ་གུ་དགོས་པ་དེ་རེད་ལ། ངེད་གཉིས་ཀྱི་རེ་བ་དང་འཆར་སྣང་ཡང་ཕྲུ་གུ་ཁ་ཤས་ཤིག་ཡོད་ན་བསམ་པ་དེ་ཡིན། ལ་ལས་ཟེར་ན་ “ཁྱེད་རང་གཉིས་ཀྱི་འཁྲིག་པ་སྤྱོད་སྟངས་འགྲིག་གི་ཡོད་ཀྱི་མ་རེད་” ཟེར་བ་དང་། འགའ་ཤས་ཀྱིས་ཟེར་ན་ “འདི་ནི་ན་ཚ་ཞིག་ཀྱང་ཡིན་སྲིད་པས་སྨན་པར་སྟོན་དགོས་ནི་རེད་” ཟེར། ཡང་མང་པོ་ཞིག་གིས་ “འཕྲིན་བཅོལ་དང་ཞབས་བསྟན་སྒྲུབས་དང་ཡག་གི་རེད་” ཟེར་བ་སོགས་ལ་ཉན་ནས་ད་ལྟའི་བར་དུ་མ་བྱས་པ་དང་མ་བསྒྲུབས་པ་གཅིག་ཀྱང་ལྷག་མེད། འགྲོ་སོང་དེ་འདྲའི་མང་པོ་ཞིག་བཏང་ཞིང་དཀའ་ལས་དེ་འདྲའི་མང་པོ་བརྒྱབས་པ་རྣམས་མཐར་གཏུགས་ན་ཉིན་མོའི་སྐར་མ་དང་མཚན་མོའི་རྨི་ལམ་ཙམ་ལས་ཡོད་ཚད་ལ་ཕན་འབྲས་ཅི་ཡང་བྱུང་མ་སོང་། ད་ལྟ་ཕྱིར་འདང་ཞིག་བརྒྱབས་ན་ངེད་གཉིས་གཉེན་སྒྲིག་བྱས་ནས་ལོ་བཅུ་ལྷག་འགོར་འདུག་ལ་རང་ཉིད་རྒས་འདུག་པའི་ཚོར་བ་ཞིག་ཀྱང་ཡང་ཡང་ཡོང་གིན་འདུག
མཚམས་རེར་ངས་མོར་ “མངལ་འཁོར་མ་ཐུབ་པ་དེ་ནི་ཁྱེད་རང་གིས་ལན་པ་ཡིན་ས་རེད་” ཅེས་ལབ་པ་ཡིན་པས། མོ་རང་གིས་ཀྱང་ “ངས་ལན་པ་གང་འདྲ་སེ་རེད་འདུག ཁྱེད་རང་གིས་ལན་པ་རེད་” ཟེར་བཞིན་ངེད་གཉིས་ཀྱི་བར་ལ་འཁྲུག་རྩོད་ཤོར་བའང་ཐེངས་གཅིག་ཐེངས་གཉིས་ཤིག་ག་ལ་ཡིན། དེ་ལྟར་ངས་ཕྲུ་གུའི་སྐོར་གྱི་སྐད་ཆ་བཤད་དུས་ཁོ་མོས་ལན་མི་འདེབས་པར་ཁ་བཙུམ་ནས་འདུག་པ་དང་། “ད་དེའི་སྐོར་མ་བཤད་དཱ་” ཟེར་བཞིན་བརྗོད་གཞི་དེར་གཡོལ་ཐབས་བྱེད་ཀྱིན་འདུག གང་ལྟར་ངས་ཀྱང་ཕྲུ་གུའི་སྐོར་ལ་ལབ་གླེང་མ་བྱུང་ན་བསམ་པ་ཡིན་མོད། མཚམས་རེར་ཁ་ནས་རང་དབང་མེད་པར་ཤོར་ནས་ཕྱིན་པ་རེད། །
ཀློག་པ་པོ་ལགས་ཁྱེད་རང་གཉེན་སྒྲིག་བྱས་ཡོད་དམ། གཉེན་སྒྲིག་བྱས་ཡོད་ན་ཁྱེད་རང་ལ་ཕྲུ་གུ་ག་ཚོད་ཡོད་དམ། ཡོད་ན་ཁྱེད་ཀྱིས་ཐབས་ལམ་གཞན་ཞིག་སྤྱད་དེ་ང་ལྟ་བུའི་མི་དག་ལ་རོགས་རམ་ལན་སྟོན་བྱ་ཐུབ་ཀྱི་ཡོད་དམ། ངེད་གཉིས་ལ་ཕྲུ་གུ་ཁ་ཤས་ཅིག་བྱུང་ན་བསམ་བཞིན་ཡོད་ལ། བོད་མི་རིགས་ཀྱི་མི་གྲངས་ཇེ་མང་དུ་གཏོང་ཐུབ་ནའང་བསམ་གྱི་ཡོད་ལགས། ཅིག་གསུངས་དང་། །
གཅན་ཡེ་རྒྱམ་ལགས། ཁྱོད་ཀྱིས་བཤད་པ་དེ་ཁྱིམ་པ་ཞིག་ལ་མཚོན་ན་དངོས་ཡོད་ཀྱི་དཀའ་ངལ་རེད།
སྤྱིར་སྟངས་དེའི་རིགས་ནི་ཕོ་མོ་གཉིས་ཀ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་ཡང་མོའི་བུ་སྣོད་ལ་སྐྱོན་ཡོད་པའམ། ཡང་ན་ཟླ་མཚན་ལ་བྱིས་པ་ཆགས་པའམ་གཟུགས་པོ་འཁོར་ཐུབ་པའི་ནུས་པ་འདེངས་མིན་གྱི་ཐོག་ནས་སེམས་ཅན་ཆགས་མི་ཐུབ་པ་ཡོང་གི་ཡོད། དེ་བཞིན་སྐྱེས་པའི་ས་བོན་ལའང་བྱིས་པ་ཆགས་པའི་ནུས་པ་མ་འདེངས་པ་ཡོང་གི་ཡོད། ཡང་འགའ་ཞིག་ལ་ཕོ་མོ་གཉིས་ཀ་ལ་སྐྱོན་མེད་ཀྱང་དུས་ཡུན་རིང་པོར་ཕྲུ་གུ་མེད་པར་ལྷག་པའང་ཡོད་པས། གལ་ཆེ་ཤོས་བཟའ་མི་གཉིས་ནས་བྱིས་པ་སྐྱེད་གསོའི་ཆེད་ལས་སྨན་པར་བསྟེན་ནས་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས། གལ་ཏེ་གཉི་གར་སྐྱོན་མེད་ན་ནི་ངང་རྒྱུད་རིང་ཙམ་བྱེད་དགོས། གཞུང་ཚེན་མོ་རྣམས་སུ་སེམས་ཅན་ཆགས་པའི་རྒྱུ་གསུམ་གསུངས་ཡོད། དེ་ཡང་། ༡) མ་རུང་ཞིང་ཟླ་མཚན་དང་ལྡན་པ་དང་། ༢) ཕ་མ་ཆགས་ཤིང་ཕྲད་པ་དང་།༣) དྲི་ཟ་ཉེ་བར་གནས་པར་འགྱུར་ནའོ།། ཞེས་གསུངས་པའི་གསུམ་པ་ཡང་སྐབས་འདིར་གལ་ཆེན་པོ་ཡིན། དེའི་དོན་ཞིབ་ཚགས་བྱས་ན། ༡༽ མོ་ཡིས་མཚོན་པའི་ཕོ་རུང་ཞིང་ཁམས་ནུས་ལྡན་དང་། ༢༽ ཕ་མ་ཉལ་པོ་བྱེད་སྐབས་མ་རུལ་བ་དང་། ༣༽ ཕ་མ་གཉིས་ཀྱི་ཕྲུ་གུར་སྐྱེ་རྒྱུའི་ལས་འབྲེལ་ཡོད་པའི་བར་སྲིད་པ་ཞིག་སྐབས་དེར་འཛོམས་དགོས་པའི་དོན་རེད། ཡང་གལ་ཏེ་གཉི་གའམ་གང་རུང་ལ་སྐྱོན་འདུག་ན་ཅིག་ཤོས་དེས་བཟོད་བསྲན་ཐོག་བོད་ལ་སྔ་ནས་དར་བ་ལྟར་ན། གཉེན་ཉེ་ཕྲུ་གུ་མང་བ་དག་གི་ཕྲུ་གུ་བུ་ཚབ་ཏུ་བླང་བ་ཡང་ཡོད་པས། དེ་ལྟ་བུའི་སྒོ་ནས་མི་ཚེའི་མཐའ་མཇུག་ལ་བློ་བཞག་ས་ཡོང་བ་བཅས་ལེགས་སམ་སྙམ་སྟེ།
ཕྲན་རབ་ཏུ་བྱུང་བ་ཞིག་གིས་ཁྱིམ་པའི་གནས་ཚུལ་འདི་ལྟ་བུར་ཐད་བྱུས་བྱས་པ་འོས་མིན་མ་ངེས་ཀྱང་། དཀའ་ངལ་ཕྲད་པའི་གང་ཟག་ལ་སྙིང་རྗེའི་བསམ་པས་དྲངས་ནས་སྨྲས་པའི་ཕྱིར་ན་དགེ་བར་མ་སོང་ཡང་སྡིག་པར་མི་འགྲོ་བའི་རེ་བ་ཡོད།
གཅན་ཡེ་རྒྱམ་ལགས། དེར་ཐབས་ཤེས་ཞིག་ཡོད་པ་ཁྱེད་རང་ལ་ཞུ། འབྲུག་དབང་འདུས་ཕོ་བྲང་རྫོང་ཁག་ལ་ཁྱི་མེད་ལྷ་ཁང་ཞེས་པ་འབྲུག་པ་ཀུན་ལེགས་ཀྱི་ལྷ་ཁང་ཞིག་ཡོད་པ་དེར་ཁྱེད་བཟའ་མི་གཉིས་ཀ་ཕེབས་ནས་གསེར་སྐྱེམས་ཆེད་ཆང་ཤེལ་དམ་༡-༢དང་དེར་གསོལ་ཀ་ཕུལ་་གསོལ་བ་སྨོན་ལམ་ལེགས་པོ་བཏབ་ནས་བུའི་དངོས་གྲུབ་གནང་བཞག་མང་པོ་འདུག། རང་གི་ངོ་ཤེས་ནང་ཆོས་མེད་པའི་དབྱིན་མོ་གཉིས་བུ་འདོད་ཀྱང་སྨན་པས་ཁོང་གཉིས་ཀ་ལོ་ཚོད་དང་གང་སྤྱིའི་ཐད་ནས་ཕྲུ་གུ
ཡོངས་ཐབ་མེད་ཟེར། འབྲུག་ལ་འཆམས་ཞོར་སྣེ་ཤན་པས་ (guide) ཁྱི་མེད་ལྷ་ཁང་གི་བུའི་དངོས་གྲུབ་སྐོར་བཤད་པ་ལྟར་དེར་ཕྱིན་ནས་གསོལ་ཀ་དང་གསོལ་བ་བཏབ་ནས་རང་ཡུལ་ལ་ལོག་རྗེས་ཟླ་བ་ཆ་ཤེར་ཁོང་གཉིས་ཀར་མངལ་ཆགས་ནས་ད་ཆ་གཅིག་ལ་ལ་བུ་དང་གཞན་པ་དེར་བུ་མོ་གཉིས་ཀ་ད་ལོ་ལོ་བཅུ་གསུམ་ཙམ་རེད་འདུག། དེ་ནི་དངོས་བྱུང་རེད་དེར་ཕེབས་ནས་གཟིགས་དང་ཁྱེད་གཉིས་ལ་བུའི་དངོས་གྲུབ་ཐོབ་ཐགས་ཆོད་རེད་བསམ།
ནོར་བཅོས། ༢༽ ཕ་མ་ཉལ་པོ་བྱེད་སྐབས་ཁམས་དཀར་དམར་མ་རུལ་བ་དང་།
ལྷན་རྒྱས་ཀྱི་བཀའ་སློབ་གནང་བར་དགའ་བྱུང་།
ཀྱིས་ ས་ཆད་འདུག