—-ཁང་ཟླ་སྲས།
དེ་རིང་སྟེ། ༢༠༡༧། ༣། ཕྱི་ཚེས་ ༢༠། ཉིན་དཔལ་ས་སྐྱ་སྨོན་ལམ་ཚོགས་པའི་གོ་སྒྲིག་འོག་པུ་རོ་ཝ་ལ་དཔལ་ས་སྐྱའི་མ་དགོན་ཐུབ་བསྟན་རྣམ་རྒྱལ་གླིང་དུ་རིགས་གཏེར་དཔྱིད་ཆོས་དང་འབྲེལ་རིས་མེད་མཁས་པའི་ཚད་མའི་བགྲོ་གླེང་སྐབས་གཉིས་པ་བསྐོངས་ཚོགས་གནང་ཡོད་ཅིང་།
རིགས་གཏེར་དཔྱིད་ཆོས་ཆེན་མོ་ནི། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཆོས་བརྒྱུད་རིས་མེད་ལ་སློབ་གཉེར་གནང་དགོས་པའི་ཐུགས་དགོངས་གཞིར་བཟུང་གིས་དཔལ་ས་སྐྱའི་༧སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལྟར་ས་སྐྱ་སྨོན་ལམ་ཚོགས་པས་འཆར་ལོ་ནས་གོ་སྒྲིག་ཞུ་བཞིན་ཡོད་ཅིང་།
འདི་ལོར་ཕྱི་ཟླ་ ༣། པའི་ཚེས་ ༢༠ ཉིན། ཞོགས་པ་ཆུ་ཚོད་༨། པའི་ཐོག་དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་མཆོག་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། སློབ་དཔོན་ཆེན་པོ་ཕྱོགས་གླང་དང་། ཆོས་གྲགས་ཀྱི་ཞལ་ཐང་གིི་སྤྱན་སྔར་སྣང་གསལ་མར་མེ་ཞལ་དབྱེ་དང་། ༧སྐྱབས་མགོན་མཆོག་ནས་བསྟན་དང་སྟོན་པ་ཚད་མར་ངེས་པ་རྙེད་པ་ལ་ཚད་མ་རིག་པ་ཧ་ཅང་གལ་ཆེན་ཡིན་པ་དང་། རིས་མེད་མཁས་པ་ཁག་མཉམ་འཛོམས་ཀྱིས་བགྲོ་གླེང་བྱ་རྒྱུ་འདི་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ནས་བཀའ་སློབ་བཀའ་དྲིན་བསྩལ།
དེ་རྗེས་རིས་མེད་ཆོས་བརྒྱུད་ཁག་ནས་ཆེད་དུ་གདན་ཞུ་བྱས་པའི་མཁས་དབང་རྣམས་ཀྱིས་རྩོམ་ཤོག་སྒྲོག་སྦྱངས་དང་། བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ཀྱིས་དྲི་བ་དྲིས་ལན་ལྷུག་པོར་མཛད་ཡོད། ཐེངས་འདིའི་བགྲོ་གླེང་ཁྲོད་རྩོམ་ཤོག་འབུལ་མཁན་རྣམས་ནི། སེ་ར། ས་སྐྱ་མཐོ་སློབ་དང་། རྫོང་སར་བཤད་གྲྭ། མ་དགོན་བཤད་གྲྭ། གོང་དཀར་ཆོས་སྡེ། རིམ་སྟེགས། ལ་དྭགས་མཚན་ཉིད་སློབ་གྲྭ་བཅས་ནས་ཚད་མའི་སློབ་དཔོན་བདུན་མཉམ་ཞུགས་བྱས་ཡོད་པ་དང་། ད་ལན་གྱི་བགྲོ་གླེང་འདི་ནི་རིགས་གཏེར་དཔྱིད་ཆོས་ཀྱི་ཉིན་མཐའ་མར་འཚོགས་པ་ཞིག་རེད། མཐར་འདུས་ཚོགས་ནས་འགྲོ་བདེ་མ་དབྱངས་སུ་གྱེར་བཞིན་ཐེངས་འདིའི་རིས་མེད་མཁས་པའི་བགྲོ་གླེང་མཇུག་རྫོགས་པར་བྱས་ཡོད།
ས་སྐྱ་མ་དགོན་ནས། ཁང་ཟླ་སྲས་ཀྱིས།
ཧ་ཅང་ཡག་པོ་འདུག་འདི་ལྟར་ཆོས་རྒྱལ་རིས་མཉམ་འཛོམས་ཀྱི་བགྲོ་གླེང་འདིས་བོད་འབངས་སྤྱི་ཆིག་སྒྲིལ་ཡོང་བའི་ཕན་ཐོགས་ཆེ་བར་མཐོང་།ཡིན་ཡང་གྲོས་ཚོགས་ར་བའི་ནང་གི་མདའ་དཀྲུགས་ཕུ་དཀྲུགས་བྱེད་མཁན་གྱི་ཆོས་རྒྱུད་སྤྱི་འཐུས་ཚོས་ངེས་བར་དུ་བསམ་བློ་གཏོང་གལ་ཆེ།
༄༅། ས་སྐྱ་༧གོང་མ་མཆོག་ནས་རིས་མེད་ཆོས་རྒྱུད་ཁག་གི་དགེ་བཤེས་མཁས་དབང་རྣམས་
མཉམ་འཛོམས་ཀྱིས་ནང་ཆོས་ཚད་མའི་གཞུང་ལ་ཉམས་མེད་སྦྱངས་བཤད་བགྲོ་གླེང་
གནང་བ་ཤིན་ཏུ་ལེགས། ༧གོང་མ་རིན་པོ་ཆེ་ནི་གཞན་དང་མི་འདྲ་བར་དུས་རབས་དང་བསྟུན་ནས་
༧གོང་ས་མཆོག་གི་དགོངས་བཞེད་ལྟར་དགོངས་བཞེས་གནང་དང་གནང་བཞིན་ཡོད་པ་བཀའ་དྲིན་ཆེ།
ཁྱེད་ལྟ་བུའི་བླ་མ་ནི་གུས་ཅག་ཚོར་རག་པ་ཤིན་ཏུ་དཀོན་།
སྒོ་གསུམ་གུས་པས་ཕྱག་འཚལ་ལོ། ཁྱེད་སྐུ་ཚེ་བརྟན་པར་ཤོག། བཀྲིས་བདེ་ལེགས་ཞུ།