འཇམ་དབྱངས་དཀར་པོ།
རྒྱ་གར་ནང་རིགས་མཐོ་དམའི་དབྱེ་འབྱེད་ལ་བརྟེན་ནས། རིགས་ཕན་ཚུན་བར་ལ་འཚེ་བའི་གནད་དོན་མང་པོ་ལྷགས་ཀྱིན་ཡོད། རྒྱ་གར་ནང་རིགས་དབྱེ་འབྱེད་བསྐྱར་ཞིབ་བྱས་ནས་མ་མཐར་དུས་རབས་གཅིག་ཕྱིན་ཡོད་ཀྱང་། ཆ་སྙོམས་བྱས་ན་དུས་རྒྱུན་སྐར་མ་ ༡༥ ནང་ལ་སྤྱི་ཚོགས་ནང་རིགས་ངན་ཚོར་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་གནས་ཚུལ་རེ་ཡོང་གི་ཡོད་པ་དེ། རིགས་ངན་ཚོར་མཚོན་ན་ན་ཟུག་དྲག་པོ་ཞིག་རེད། སྤྱི་ཚོགས་ནང་རིགས་ངན་ཚོར་ལྟ་སྟངས་དེ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད།
ཐུག་རེག་བྱས་རྗེས།
༡) རཱ་རྗི་སི་ཐན་(Rajasthan) དུ་ལོ་ ༡༠ ལ་སོན་པའི་རིགས་ངན་བྱིས་པ་ཞིག་གིས་སློབ་གྲྭའི་ཉིན་གུང་ཟ་མའི་སྣོད་ཆས་ལ་ཐུག་རེག་བྱས་པ་ལ་བརྟེན་ནས། འཛིན་གྲྭ་ ༤ པ་ཡིན་པའི་བྱིས་པ་དེའི་དགེ་རྒན་གྱིས་ཁོ་ལ་ཉེས་རྡུང་ཚད་མེད་བཏང་། གཞུང་གི་སློབ་གྲྭར་འགྲོ་བཞིན་པའི་བྱིས་པ་དེར་ཉེས་བརྡུང་ཚབས་ཆེན་ཕོག་སྟེ། སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་པ་རེད། སྤྱི་ཟླ་ ༡༠ ཚེས་ ༡ ཉིན་བྱིས་པའི་ཕ་ཏ་ནི་ཤི་ མེ་གྷ་ཝ་(Dinesh Meghwa) ཉེན་རྟོག་ལས་ཁུངས་སུ་བསྐྱོད་དེ། སློབ་གྲྭའི་དགེ་རྒན་གྱིས་རིགས་རུས་དབྱེ་འབྱེད་བྱས་པའི་ཉེས་པ་བཙུགས་ནས། ཁྲིམས་གཅོད་དང་གུན་གསབ་ཚུལ་བཞིན་སྟེར་དགོས་པའི་སྙན་ཞུ་དང་ཐོ་འགོད་བྱས་ཡོད་པ་རེད།
ལྷ་ཁང་གི་སྒོ་འགྲམ་ནས།
༢) རྒྱ་གར་གྱི་ཨུ་ཏར་མངའ་སྡེའི་ནང་རིགས་ངན་བགྲེས་སོང་ལོ་ ༩༠ ཅན་ཞིག་ཡོད་པ། ལྷ་ཁང་ནང་ཕྱིན་པའི་ཉེས་མིང་འོག་གསོན་སྲེག་བྱས་ཡོད་དེ། རིགས་ངན་བགྲེས་སོང་ལྷ་ཁང་ནང་ཕྱིན་པར། རིགས་མཐོ་བའི་མི་ཁས་ཀྱིས་སྟ་རེ་དང་ཟོར་བ་ཐོགས་ཏེ། ཀླ་ཀློའི་བྱ་སྤྱོད་ཀྱིས་ཉེས་བརྡུང་ཚད་མེད་བཏང་རྗེས་མེ་ལ་བསྲེགས། རྒྱུ་མཚན་ཅིའི་ཕྱིར། བགྲེས་སོང་དེས་ནང་མི་འཁྲིད་དེ་མཱའེ་ཏ་ནི་བྷ་བྷ་(Maidani Baba) ལྷ་ཁང་ལ་མཆོད་མཇལ་དུ་བསྐྱོད། ལྷ་ཁང་གི་སྒོ་འགྲམ་ནས་མི་ཞིག་གིས་ལམ་ཁ་བཀག་སྟེ་བགྲེས་སོང་དང་ཁོའི་ནང་མི་ཚོ་ལྷ་ཁང་ནང་འགྲོ་རུ་མ་བཅུག་པར། བགྲེས་སོང་གིས་ཉན་འཇོག་མ་བྱས་པར་བརྟེན་སན་རྗི་ ཏི་ཝ་རི་(Sanjay Tiwari) དང་རོགས་པ་གཞན་གྱིས་བགྲེས་སོང་ལ་ཉེས་བརྡུང་བཏང་རྗེས་ལུས་ལ་མེ་སྦར་བ་རེད།
ཉེན་རྟོག་ལས་ཁུངས་སུ།
༣) རྒྱ་གར་གྱི་མངའ་སྡེ་ཨུ་ཏར་ནང་ལོ་ ༢༡ ལོན་པའི་རིགས་ངན་གྱི་ན་གཞོན་ར་ཝི་ཀུ་མར། རིགས་མཐོ་བའི་གཞོན་ནུ་མ་ཞིག་དང་ལྷན་བརྩེ་དུང་ཆགས་ཏེ། ཁོ་གཉིས་གསང་སྟབས་ཀྱིས་ས་གནས་གཞན་དུ་བྲོས། འོན་ཀྱང་ཉེན་རྟོག་པས་བརྩད་ཆོད་དེ་ར་ཝི་ཀུ་མར་ལ་ཚད་ལས་བརྒལ་བའི་ཉེས་བརྡུང་བཏང་བར་མ་ཟད། བུ་མོའི་ནང་མིས་ཀྱང་ཉེས་བརྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ར་ཝི་ཀུ་མར་ཉེན་རྟོག་པའི་བཀག་ཉར་འོག་ཡོད་སྐབས་ཀྱང་བུ་མོའི་ནང་མི་བཙོན་ཁང་དུ་སོང་ནས་ཉེས་བརྡུང་བཏང་ཡོད་འདུག
བྲོས་བྱོལ་ནས་ལོག་རྗེས།
༤) ཧིན་དྷུའི་བུ་མོ་ཞིག་རང་གི་སྡེ་བའི་རིགས་ངན་བུ་ཕི་ མ་རི་མུ་ཐུའུ་(P Marimuthu) མཉམ་དུ་གཉེན་སྒྲིག་སྟེ་ཆིན་ནེ་(Chennai) ལ་བྲོས་བྱོལ་དུ་ཕྱིན། ཁོ་གཉིས་ཕྱིར་ཕ་ཡུལ་དུ་ལོག་པར་བུ་མོའི་ཕ་དང་རྩ་ལག་གིས་རིགས་ངན་བུ་དམར་གསོད་བཏང་། རིགས་ངན་བུའི་ཕུང་པོ་སྡེ་བའི་ཉེ་འཁྲིས་ཤིག་ནས་རྙེད་སོན་བྱུང་བར། མནར་གཅོད་ཚད་ལས་འདས་པ་ཞིག་གིས་བསད་ཡོད་པ་དཔོག་ཐུབ་སྟེ། རིགས་ངན་བུའི་ལག་མགོ་གཡོན་པ་རྡོ་བར་ལ་བརྡུང་ཡོད་པར་མ་ཟད། ཕོ་མཚན་ཡང་གཏུབ་ཡོད་འདུག བུ་མོའི་ཕ་དང་གཅེན་པོ་གཉིས་ཀྱིས་གཉེན་སྒྲིག་དེར་འདོད་མོས་མེད་པ་དང་། ཁྲིམས་འགལ་ཡིན་པར་བཤད། འོན་ཀྱང་རྫོང་ཁྲིམས་ཁང་གིས་བུ་མོའི་ཕ་དང་གཅེན་པོ་གཉིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་འདུག
བུ་མོ་ཚོ་མཆོད་མཇལ་ལ་ཕྱིན་རྗེས།
༥) རྒྱ་གར་གྱི་མངའ་སྡེ་ཁ་ན་ཊ་ཀའི་ཤྲཱི་བྷ་ས་ཝི་ཤི་ཝ་ར་(Basaveshwara) ལྷ་ཁང་དུ་རིགས་ངན་གྱི་བུ་མོ་བཞི་ཡང་མཆོད་མཇལ་དུ་བསྐྱོད། སྐབས་དེར་རིགས་མཐོ་བའི་ཚོགས་པས་ཧིན་སྒོར་ ༡༠༠༠ བསྡུས་ཏེ། ལྷ་ཁང་དེའི་ནང་དམིགས་བསལ་མཆོད་འབུལ་ཞིག་གོ་སྒྲིག་བྱེད་བཞིན་པ་ཡིན། འོན་ཀྱང་མཆོད་དཔོན་གྱིས་རིགས་ངན་བུ་མོ་ཚོ་ལྷ་ཁང་ནང་ཡོང་བའི་རྐྱེན་གྱིས་ལྷ་ཁང་གི་བྱིན་རླབས་ཉམས་ཚར་བ་རེད་ཅེས་བཤད་དེ་དམིགས་བསལ་མཆོད་འབུལ་ཚོགས་ཐུབ་མེད།
འཕགས་པའི་ཡུལ་ནི་ཕག་པའི་ཡུལ་རང་རེད་འདུག་་་་་་་ཧཧཧཧཧཧ་་་་་་་བོད་པའི་ནང་ལ་མགར་བ་སོགས་ལག་ལྡན་ལ་རིགས་དམན་བརྩི་མཁན་རྒྱ་ལག་ཏུ་མ་ཤོར་བ་སྐྱབས་བཅོལ་ནང་ཉམ་པ་མེད་པར་བོད་ནས་འཁྱེར་ཐུབ་འདུག་ག་་་་་རླབས་ཆེན་རེད་འདུག་ག་་་་