ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་རིན་ཆེན་མི་ལུས་ཅན།།
ཁ་དང་སེམས་ལ་རྒྱུན་དུ་དོ་སྣང་དགོས།།
ག་དུས་ཡིན་ཀྱང་ཕྱག་འཚལ་སྐོར་སྦྱོང་རེམས།།
ང་ཡི་ཁ་བརྡ་ཀ་བཤད་ལམ་སྟོན་ཡིན།།
ཅ་ཅོ་མང་ན་རྣམ་གཡེང་བསླུ་བའི་རྒྱུ།།
ཆ་མེད་ཡུལ་དུ་གྲོགས་མེད་ཏིང་འཛིན་གྲུབ།།
ཇ་ཆང་ཁ་ཟས་འཚོལ་དུ་རྒྱུགས་ཆེས་ན།།
ཉ་ཆུང་ལྕགས་ཀྱུའི་རྩེ་ལ་བསྐོན་ཡོང་ངོ་།།
ལྟ་བའི་གནད་འགག་ལྷོད་དང་བསྡམས་ཀྱི་སྦྱིན།།
ཐ་མའི་གནས་ལུགས་ཞི་དང་ལམ་གྱིས་བསྟན་།
ད་ལྟའི་སྐབས་སུ་ཆོས་སྒོར་མ་བཞུགས་ན།།
ན་རྒས་འཆི་རྡིབས་བྱུང་དུས་ཚར་བ་རེད།།
པ་བཟང་ལྟ་བུའི་བུ་རབས་ཚར་འདོད་ན།།
ཕ་བཟང་ཇི་བཞིིན་དགེ་ལས་སྒྲུབ་ན་བཟང་།།
བ་ཕྱུགས་དུད་འགྲོ་བསམ་མེད་མིན་པ་ནས།།
མ་གྱུར་སེམས་ཅན་དོན་དུ་དགེ་ལས་སྒྲུབས།།
རྩ་བའི་བླ་མའི་ངོ་སྲུང་ཆོས་བྱེད་དང་།།
ཚ་གྲང་ཚོར་ནས་དམ་ཆོས་སྒྲུབ་མཁན་གཉིས།།
ཛ་ར་རྫེ་རེ་འདྲ་བའི་ནོར་ཉན་ལ།།
ཝ་ལེར་བསམ་དང་དེ་གཉིས་གནམ་སའི་ཁྱད།།
ཞྭ་སེར་བསྟན་པ་མདོ་དང་སྔགས་ཀྱིས་འཆད།།
ཟ་ཧོར་ཡུལ་དུ་སྔགས་ཀྱི་ཐེག་པ་དར།།
འ་ཞའི་ཡུལ་དུ་མི་ཆོས་རིང་ལུགས་ཉར།།
ཡ་གླིང་ཡུལ་དུ་འཕྲལ་བདེའི་ཆོས་ལ་བརྩོན།།
ར་མ་ལུག་གི་ཆོས་ལུགས་དེང་དུས་དར།།
ལ་ལས་དགེ་སློང་ལ་ལས་སྔགས་པ་ཟེར།།
ཤ་ཚའི་ཁ་ནས་གཏམ་ངན་ངོ་སྤྲོད་བྱས།།
ས་ཆ་འདི་རུ་མི་དར་དགུ་དར་དར།།
ཧ་ཧ་ཆོས་པའི་གཟུགས་ཀྱིས་ཆོས་མིན་མཐོང་།།
ཨ་ཁ་མི་ནག་ཁ་ནས་སྒོམ་བཤད་ཐལ།།
ཐལ་བའི་གཏམ་དེ་བཀག་ན་དགའ།།
དགའ་བའི་གཏམ་དེ་བཤད་ན་འགྲིག །
འགྲིག་པའི་གཏམ་དེ་གླེང་ན་འོས།།
འོས་པའི་གཏམ་དེ་བློ་ལ་ངེས།།
ངེས་པའི་ཚིག་ལ་བརྗེད་རྒྱུ་མེད།།
མེད་པ་ཐམས་ཅད་སྟོང་པ་ཡིན་།
སྟོང་པའི་ངོ་བོ་རྟོགས་པར་ཤོག །