མྱི་ལྟིག
དེ་རིང་གཟའ་ལྷག་པ་རེད། ནམ་རྒྱུན་ལྟར་དུས་ཚོད་བརྒྱད་པར་མལ་ལས་ལངས་ཏེ་ལས་ཀར་ཕྱིན་པ་ཡིན། ཉིན་གུང་གི་དུས་ཚོད་བཅུ་གཅིག་ཟིན་མཚམས་དགོངས་པ་ཞུས་ཏེ་གངས་སྐྱིད་ཀྱི་སྨན་རྩིས་ཁང་ལ་རིན་ཆེན་རིལ་བུ་ཉོ་རུ་སོང་བ་ཡིན། དེ་གར་སྔ་ས་ནས་མི་མང་པོ་འབྱོར་འདུག ཁ་ཤས་ཞོགས་པའི་དུས་ཚོད་བརྒྱད་པ་ནས་ཡོང་བ་ཡིན་ཟེར། གང་ལྟར་གྲྭ་བ་དང་ཨ་ནེ། སློབ་མ་དགེ་རྒན། ལས་བྱེད་དང་ལས་མེད། ཚོང་བ་དང་ཚོང་རོགས་མདོར་ན་ལས་རིགས་མི་གཅིག་པའི་མི་ཚོགས་འཛོམས་ཏེ་འཚང་ཁ་རྒྱག་གིན་འདུག དེ་ལ་ཐུགས་ཁག་མེད་དེ་རིན་ཆེན་རིལ་བུ་ནི་ནད་རིགས་འཇོམས་པའི་སྨན་ནུས་པ་ཅན་ཞིག་ཡིན་པས་མ་ཚད། ཚོང་པ་ཚོས་བོད་ནང་ལ་བསྐུར་ཏེ་འཚོང་སྒྱུར་བྱས་ནའང་ཁེ་ཕོགས་ཤིན་ཏུ་ཆེ་བའི་ཚོང་རྫས་ཤིག་ཀྱང་ཡིན།
ལྷག་པར་དུ་དེ་རིང་གངས་སྐྱིད་ཀྱི་སྨན་རྩིས་ཁང་དུའང་མེག་ལོར་གྱི་སྨན་རྩིས་ཁང་འདྲ་པར་མི་གཅིག་ལ་རིན་ཆེན་རིལ་བུ་ཤོག་སྒམ་བཞི་བཙོང་གི་ཡོད་པ་རེད། ཐོག་མའི་ཆར་ཁོང་ཆོ་བང་རིམ་བསྒྲིག་པར་ཨང་ཀི་བྲིས་ཏེ་རིམ་པ་ལྟར་བང་བསྒྲིགས་ཏེ་རེ་གཉིས་སོང་མཚམས་ཨང་ཀི་འདྲ་བ་ཐེངས་འགར་བྱུང་བའི་རྩོད་རྙོག་ལས་ཨང་ཀི་བླངས་མེད་པའི་མི་ཁག་ཅིག་ཀྱང་བང་མ་བསྒྲིགས་པར་གང་བྱུང་བར་འཛུལ་བྱས་པས། ཨང་ཀིའི་རིམ་པའང་རང་བཞིན་གྱིས་རྩིས་མེད་ལ་སོང་སྟེ་འཚང་ཁ་ཆེ་རུ་འགྲོ་སོང་། དེ་དང་བསྟུན་ཏེ་སྨན་རིན་ལེན་མཁན་དང་སྨན་རིགས་བཙོང་མཁན་ཚང་མས་ཕར་ལན་ཚུར་ལན་གྱི་ཉ་ཉོག་ཀྱང་བཤད་འགོ་ཚུགས།
གང་ལྟར་རིན་ཆེན་རིལ་བུ་ཉོ་མཁན་ཚོའི་ནང་གི་མི་མང་པོ་ཞིག་ངོ་ཤེས་ཤིང་། དུས་རྒྱུན་སྨན་རྩིས་ཁང་གི་གཡས་གཡོན་ན་དགྱེ་སྟེ་འདུག་མཁན་གྱི་གཞོན་པ་རྒྱབ་ཁུག་ཅན་དེ་ཚོ་རེད། ནམ་རྒྱུན་ནས་རིན་ཆེན་རིལ་བུ་ཉོ་མཁན་ཚོའི་ཁྲོད་ན་ཨ་ནེ་མང་པོ་ཡོད་མོད། ཡིན་ཡང་དེ་རིང་དོ་སྣང་གཞན་པ་ཞིག་བྱུང་བ་ནི་ཨ་ནེ་དེ་ཚོས་སྨན་ཚོང་རྒྱག་གི་ཡོད་མེད་མི་ཤེས་ཀྱང་རང་ཉིད་ལ་མཁོ་བའི་སྨན་གྱི་མིང་ཡང་ཤེས་ཀྱི་མི་འདུག དེར་བལྟས་ན་ཨ་ནེ་དེ་ཚོས་ཀྱང་སུ་ཞིག་གི་འཚང་ཁ་རྒྱག་གི་ཡོད་པ་བསྟན་ཡོང་གི་འདུག འཚང་ཁའི་ནང་གི་སློབ་ཕྲུག་དེ་ཚོས་ཀྱང་ནད་པ་སུ་ཞིག་གི་ཆེད་དུ་ཉོ་ཡི་མེད་པ་ཐག་གིས་ཆོད་དེ། གང་ནས་ཉོ་དགོས་མིན་དང་ཅི་ཞིག་ཉོ་དགོས་མིན་ལྔ་ཡི་ནང་ན་གཅིག་མ་གཏོགས་མི་འདུག་པས་ཡིན།
ད་དུང་ངའི་རྒྱབ་ཏུ་བང་བསྒྲིག་མཁན་གྱི་སློབ་ཕྲུག་མ་ཞིག་གིས་ད་ཐེངས་ཀྱི་ཚོགས་ཐུན་ཅི་རེད་ཅེས་དྲིས་སོང་མོད། མོའི་མདུན་གྱི་སློབ་ཕྲུག་བུ་དེས་རྩིས་རེད་ཅེས་ལབ་བརྒྱབ་པར་འདྲི་མཁན་སློབ་ཕྲུག་མ་དེས་ཀྱང་བྱས་ན་གལ་ཡོད་ཀྱི་མ་རེད་ཅེས་ལྡབ་ལྡབ་ཀྱིས་གཞན་པ་ཞིག་བཤད་ཀྱིན་འདུག དེ་ལས་ཅུང་ཡ་མཚན་པ་ནི། གྲུང་མདོག་སྟོན་པའི་སྨན་ཚོང་རྒྱག་མཁན་དེ་ཚོ་མ་ཡིན་པའི་ཨ་ནེ་དེ་ཚོ་དང་སློབ་ཕྲུག་དེ་ཚོའི་སྤུན་མཆེད་དག་ལ་ནད་རིགས་བཞི་བརྒྱ་རྩ་བཞི་པོ་ཚང་མ་འགོས་ཡོད་པ་འདྲ་སྟེ། “རིན་ཆེན་རིལ་བུ་ག་རེ་ཡིན་ནའང་འགྲིག”ཟེར།
རང་ཉིད་དུས་ཚོད་ལྟར་ལས་ཀར་འགྲོ་མཁན་ཞིག་ཡིན་པའི་ངོས་ནས་བསམ་ཚུལ་ཞིག་ཡོད་པ་ནི། རིན་ཆེན་རིལ་བུ་ཉོ་མཁན་མང་བའི་གནད་དོན་ཏེ་མིན་པར་འདོད་དེ། རིན་ཆེན་རིལ་བུ་བཙོང་བའི་དུས་ཚོད་དེ་འགྲིག་གི་མེད་པ་འདྲ། དེ་རིང་ལྟ་བུར་མཚོན་པ་ཞོགས་པ་དུས་ཚོད་བརྒྱད་པ་ནས་ཡོང་མཁན་ཁོང་ཚོའི་ནང་ལ་ཚོགས་སྡེ་དང་ལས་ཁུངས་གང་རུང་ཞིག་ལ་ལས་ཀ་བྱེད་མཁན་མང་པོ་ཏན་ཏན་ཡོད་ངེས། ཁོང་ཚོས་ཀྱང་དེ་རིང་དགོངས་ཤོག་༼སྔོན་གྱི་འཚོང་སྟངས་ལྟར་བྱས་ན། ཉིན་གུང་གི་བར་གསེང་ལ་ཡོང་ཆོག་པས་དགོངས་ཤོག་ལེན་མི་དགོས།༽བླངས་ཡོད་ཀྱི་རེད། དེ་རིང་ཞོགས་པའི་ལས་འགོ་མ་བཙུགས་གོང་ནས་ཕྱི་དྲོའི་བར་དུ་འཚང་ཁ་བརྒྱབ་སྟེ་བསྡད་ཀྱང་མཐའ་མ་དེ་ལ་ཁོང་ཚོའི་མང་ཤོས་ལ་རིན་ཆེན་རིལ་བུ་རག་ཡོད་མ་རེད། སྨན་དེབ་ཕྱིར་བསློག་བྱས་པ་རེད་ལ་ཉི་མ་གཅིག་གི་དགོངས་ཤོག་ཀྱང་འཕྲོ་བརླག་ལ་ཕྱིན་ཚར་བ་རེད། སྨན་འཚོང་མཁན་གྱིས་སང་ཉིན་ཤོག་ཟེར་མོད། ཡིན་ཡང་སང་ཉིན་ཡང་དགོངས་ཤིག་བླང་སྟེ་ཡོང་དགོས་པས་སང་ཉིན་རག་གམ། སང་ཉིན་ཡང་མ་རག་ན་གནངས་ཉིན་ཡང་དགོངས་ཤོག་བླང་སྟེ་ཡོང་དགོས་སམ།
མཇུག་མཐའི་རེ་བ་ནི་སྨན་རྩིས་ཁང་གི་དེ་རིང་གི་འཚང་ཁ་འདི་ལ་ཐུགས་བསམ་བཞེས་ཏེ་སྨན་འཚོང་སྟངས་ལ་རང་གཞན་གཉིས་ཀར་བདེ་བའི་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག རབ་ཏུ་བྱུང་ན་སྔོན་མ་ལྟར༼སྔོན་ཆད་གཟའ་སྤེན་པ་དང་གཟའ་ཉི་མ་མ་ཡིན་པའི་གཟའ་ཚང་མར་བཙོང་གི་ཡོད་པ་རེད།༽་བྱས་ན་ཉོ་མཁན་མང་ཤོས་ཤིག་ལ་སྟབས་བདེ་ཡིན་པས་དེ་ལུགས་གནང་བདེ་ཡོང་བའི་རེ་བ་ཆེའོ།
2015།03།18 ཕྱི་དྲོ་ནོར་གླིང་དུ་བྲིས།
རིན་ཆེན་རིལ་བུའི་གནས་ཚུལ་ལྟ་ཆོག དེང་སང་སྨན་སྤྱིར་བཏང་གི་རིགས་ཀྱང་སྨན་པས་སྤྲད་མི་ཆོག་པའི་བཀའ་ཡོད་ཟེར།
དེ་སྔོན་རང་ཉིད་སྨན་རྩིས་ཁང་གི་སྨན་པ་སྙན་གྲགས་ཆེ་ཤོས་པདྨ་རྡོ་རྗེ་ལགས་ཀྱིས་གནང་བའི་སྨན་ཤོག་ཁྱེར་ནས་སྨན་ལན་དུ་སོང་བ་ཡིན། འབྲེལ་ཡོད་ལས་བྱེད་པས་སྨན་སྤྲད་ཆོག་གི་མ་རེད་ཟེར་། ངས་སྨན་སྤྲོད་མཁན་དེར་སྨན་པ་པདྨ་རྡོ་རྗེ་ལགས་ནི་སྨན་རྩིས་ཁང་གི་སྨན་པ་རྒན་ཤོས་དང་སྨན་བཅོས་ཉམས་མྱོང་ཆེ་ཤོས་ཁོང་ནི་སྨན་སྤྲོད་མི་ཆོག་རྒྱུ་ཅི་རེད་དྲིས་པས། ལན་དུ་དེང་སང་སྨན་རྩིས་ཁང་དུ་འགན་འཛིན་གསར་པ་ཞིག་ཨ་རི་ནས་སླེབས་ཡོད་ལ་དེ་དང་སྨན་པ་པདྨ་རྡོ་རྗེ་གཉིས་མི་ཆམ་པས་དེའི་ཁོན་ལན་དུ་སྨན་རྩིས་ཁང་གི་སྨན་པ་ཡིན་ཚད་ཀྱིས་སྨན་སྤྲོད་མི་ཆོག་པ་སོགས་སྒྲིག་གཞི་མང་དག་ཅིག་བཟོས་ཡོད་ཟེར།
གནད་དོན་འདིར་བསམས་ཚེ། སྨན་རྩིས་ཁང་དུ་དབང་ཆ་གཅིག་བསྡུས་ཅན་གྱི་སྲིད་འཛིན་མཱའོ་ཀྲུ་ཞིའི་སྐུ་སྐྱེ་ཞིག་ཕེབས་མེད་དམ་སྙམ་མོ།
་་་་་་་་་་་་་་་ ངས་སྨན་སྤྲོད་མཁན་དེར་སྨན་པ་པདྨ་རྡོ་རྗེ་ལགས་ནི་སྨན་རྩིས་ཁང་གི་སྨན་པ་རྒན་ཤོས་དང་སྨན་བཅོས་ཉམས་མྱོང་ཆེ་ཤོས་ཁོང་ནི་སྨན་སྤྲོད་མི་ཆོག་རྒྱུ་ཅི་རེད་དྲིས་པས།
ལན་དུ་དེང་སང་སྨན་རྩིས་ཁང་དུ་འགན་འཛིན་གསར་པ་ཞིག་ཨ་རི་ནས་སླེབས་ཡོད་ལ་དེ་དང་སྨན་པ་པདྨ་རྡོ་རྗེ་གཉིས་མི་ཆམ་པས་དེའི་ཁོན་ལན་དུ་སྨན་རྩིས་ཁང་གི་སྨན་པ་ཡིན་ཚད་ཀྱིས་སྨན་སྤྲོད་མི་ཆོག་པ་སོགས་སྒྲིག་གཞི་མང་དག་ཅིག་བཟོས་ཡོད་ཟེར། ་་་་་་་་་་་་་་་་་་་