འཇམ་གཅེས།
མཁའ་དབྱིངས་སྐར་ཚོགས་ཐང་ལ་ལྷུང་ཡང་ཆོག །
ས་རྡོ་རི་བྲག་སྟེང་འོག་བསྲེས་ནའང་འགྲིག །
འོན་ཏང་སྐྱེ་འགྲོར་ལམ་བཟང་སྟོན་མཛད་མཁན།།
ཁྱེད་ཉིད་དྲན་དུས་སྐྱོ་བའི་མིག་ཆུ་ཞིག །
བདེན་པའི་མགོ་བོར་རྐང་པས་བརྫིས་པ་དང་།།
རྫུན་མའི་རྒྱབ་ཏུ་དར་ཆ་བསྒྲེངས་པའི་དུས།།
ཡིན་ལུགས་ཕུ་ཐག་གཅོད་ནུས་གཟུར་གནས་མཁན།།
ཁྱེད་ཉིད་དྲན་དུས་སྙིང་ལ་ན་ཟུག་ཞིག །
དྲང་པོའི་ལམ་དཀྱིལ་འབར་རྫས་འཇོག་པ་དང་།།
འཁྱོག་པོའི་ལམ་ཟུར་གསེར་གྱིས་ཤན་པའི་དུས།།
ལས་འབྲས་སྤྱི་བོའི་གཙུག་ཏུ་བཀུར་ནུས་མཁན།།
ཁྱེད་ཉིད་དྲན་དུས་ཡིད་ལ་ཕངས་སེམས་ཞིག །
ཚུལ་འཆོས་མཁན་དག་ཁ་བདེ་ལག་བདེ་དང་།།
ཁྱི་སྤྱང་ལག་སྦྲེལ་དམག་དཔུང་མཐོང་བའི་དུས།།
ལུང་རྟོགས་བསྟན་པའི་རྒྱལ་མཚན་སྒྲེང་མཛད་མཁན།།
ཁྱེད་ཉིད་དྲན་དུས་རང་སེམས་མནར་གཅོད་ཅིག །
རྒྱུ་དང་འབྱོར་བས་གཞན་སེམས་བསླུ་བ་དང་།།
ཐབས་དང་འཕྲུལ་གྱིས་སྟག་ཤམ་གྱོན་པའི་དུས།།
བཅོས་མིན་བྱམས་དང་སྙིང་རྗེར་དབང་འབྱོར་མཁན།།
ཁྱེད་ཉིད་དྲན་དུས་དགའ་སྐྱོའི་ཚོར་བ་ཞིག །
མིང་དང་གྲགས་པའི་རྗེས་སུ་འདུར་རྒྱུགས་དང་།།
སེམས་ཀྱི་གསང་བ་ཁོང་དུ་སྦས་མཐོང་དུས།།
ཕྱི་ནང་གསལ་བར་འབྱེད་ནུས་སྙིང་སྟོབས་ཅན།།
ཁྱེད་ཉིད་དྲན་དུས་འགྱོད་གདུང་སྐྱུར་མོ་ཞིག །
སྔར་ལོར་ཁྱེད་ཉིད་གཤེགས་སྐབས་མིག་ཆུ་དང་།།
འདི་ལོའི་རྗེས་དྲན་དུས་སུ་མིག་ཆུ་གཉིས།།
ལོ་ཚིགས་སྔ་ཕྱི་ཙམ་གྱིས་ཁྱད་པར་ལས།།
མིག་ཆུའི་རིན་ཐང་ཁྱད་པར་ཡོད་དོན་ཅི།།
ཁྱེད་ཀྱིས་བཀའ་བབ་མི་ནུབ་གླིང་ཆེན་ནས།།
ང་ཡིས་རྗེས་དྲན་ཡི་གེའི་གཟུགས་སུ་བཀོད།།
བརྡ་དག་འགྲོས་ལ་བྱང་ཆ་མི་ལྡན་རུང་།།
བཅོས་མིན་སེམས་ཀྱི་ཚོར་འདུ་ངོ་མ་ཡིན།།
ཞེས་པ་འདི་བཞིན་སྤྱི་ལོ་༢༠༡༥ ཟླ་༥ ཚེས༣༠ ཉིན་སྒྲུབ་བརྒྱུད་བསྟན་པའི་མཛོད་འཛིན་༸ཀུན་གཟིགས་ཞྭ་དམར་པ་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་དགོང་རྫོགས་དུས་ཆེན་གྱི་སྔ་ནུབ་དེར། པུར་མིང་ལྷ་རྒོད་དམ་དངོས་མིང་འཇམ་གཅེས་ཀྱིས་ཤར་མི་ནུབ་གླིང་གི་གདན་ས་ནས་བྲིས།། །།
བློ་བུར་ལྷོ་སྤྲིན་ནག་པོས་མཁའ་དབྱིངས་སྒྲིབ།།
ལས་ངན་དུད་སྨུག་ནག་པོས་ས་གཞི་སྒྲིབ།།
སྒྲིབ་མེད་རང་གསལ་རྟ་བདུན་དབང་པོ་ཉིད།།
མྱུར་ནས་མྱུར་དུ་འཆར་བའི་སྨོན་ལམ་འདེབས།།
མ་རིག་སྒྲིབ་གཉིས་དག་པའི་སེམས་དཔའ་ཁྱེད།།
མ་གྱུར་འགྲོ་བའི་རྟག་འཛིན་འཛིན་ལྡོག་པས་ཕྱིར།།
མ་སྐྱེས་མ་འགག་གཟུགས་སྐུའི་བཀོད་པ་དེ།།
མ་ཤེས་མུན་གསལ་ཡེ་ཤེས་ཀློང་དུ་འཐིམ།།
ཁ་བའི་སྐྱེ་འགྲོའི་མགོན་གཅིག་ཐུབ་པའི་སྲས།།
བདེ་ཆེན་ཞིང་གི་མགོན་པོ་འོད་དཔག་མེད་།།
ཀརྨ་བཀའ་བརྒྱུད་བསྟན་འཛིན་སྐྱོང་བའི་ཆེད་།།
ཡང་སྤྲུལ་རྒྱལ་དབང་ཞྭ་དམར་མྱུར་བྱོན་གསོལ།།
ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
ཀརྨ་པ་མཁྱེན་ནོ།
བདེན་གཏམ་ལོ་རྒྱུས་ལྡན་པའི་ཀུན་གཟིགས་པས།།
བདེན་ཚུགས་དྲང་པོས་བཞགས་པའི་རྡོ་རིང་ལ།།
བདེན་ཆེན་དྲང་སྲོང་རྒྱལ་བས་ཡི་རང་བཅས།།
བདེན་པའི་རྒྱལ་བ་གཤེགས་འདི་དགའ་སྐྱོ་གནས།།
དགའ་ཡང་དགའ་སྟེ་བདེན་པའི་བླ་མ་དངོས།།
སྐྱོ་ཡང་སྐྱོ་སྟེ་རྐུན་ཇག་ཟ་ཁ་དར།།
དགའ་སྐྱོ་འདྲིས་མའི་དམ་པའི་འདས་མཆོད་ལ།།
རྡོ་རྗེ་འཆང་དབང་གསོལ་འདེབས་ལན་བརྒྱ་སྨོན།།
རྒྱ་མི་དམར་པོའི་རྒྱུགས་ཁྱི་ཟེར་ནས་སྤྱི་ཚོགས་ཤིག་གི་ཟུར་དུ་ཕུད།
ཁྱོད་ཀྱི་ཕྱོགས་ཀྱི་ཀརྨ་མཐའ་ཡས་སྤྲུལ་རྫུན་ཟེར་ནས་ཟུར་དུ་ཕུད།
མི་ཚེ་གཅིག་ལ་རི་ཟུར་ཞིག་ཏུ་འབྲོང་གཡག་ཁེ་འདུག་བྱས་སྟངས་འདི།
རང་ཚུགས་ཅན་གྱི་ཞྭ་མོ་དམར་པོའི་སྐྱེས་རབ་ཤིག་གི་རྣམ་ཐར་རེད།
ཞྭ་དམར་དབུ་ལ་ཞྭ་མོ་ནག་པོ་གཡོགས།
ཞྭ་ཞིག་དོན་དུ་བཀའ་བརྒྱུད་བསྟན་པ་ཉམས།
ཞྭ་མདོག་མི་འདྲའི་བོད་ཀྱི་ཆོས་པ་ཚོས།
ཞྭ་རྩོད་ཁོ་ནས་གངས་ཅན་འདི་འདྲར་གྱར།
ཞྭ་མོ་མེད་པའི་ཤཀྱའི་བསྟན་པ་ལ།
ཞྭ་མདོག་སྣ་ཚོགས་གྱོན་པའི་གངས་ཅན་དུ།
ཞྭ་སེར་ཞྭ་དམར་ཞྭ་ནག་ཞྭར་ཞེན་པའི།
ཞྭ་མོར་གཙིགས་སུ་བཟུང་བ་སུ་ཡི་ལུགས།
ཧཧཧ་དེ་ལྟར་ཡིན་ན་་་གོང་ས་མཆོག་གིས་གང་ཡང་མ་མཁྱེན་པ་རེད་་་་ཤན་ཐབས་དཀར་པོ་གོན་པ་ས་སྐྱ་ལས་རྙིང་མའི་ལོ་རྒྱུས་ནང་བྱུང་མེད་་་་ཡིན་ཡང་མཁྱེན་ན་ཡང་མ་མཁྱེན་ཁ་བཟོ་ས་མང་་་་་དེ་ལས་རྙིང་མ་བཀའ་བརྒྱུད་དེ་ཚོར་མགོ་བོ་ནམ་ཡང་མནམ་ཡོད་་་་བཀའ་བརྒྱུད་དུམ་གཉིས་བཟོས་་་་རྙིང་མ་ཡང་དེ་བཞིན་བཟོ་དང་བཟོ་བཞིན་ཡོད་་་་་
འཇམ་གཅེས་ལགས་ཁྱོད་རྒྱལ་བ་ཞ་དམར་པ་ལ་དད་མོས་དང་ཆོས་འབྲེལ་ཇི་ལྟར་རེད་འགྲེལ་བཤད་བསྐྱོན་རོགས།
གང་བཤད་ཀྱང་རུང་། ཞྭ་དམར་པ་རིན་པོ་ཆེ་དང་། སི་ཏུ་རིན་པོ་ཆེ་གཉིས་ཀྱིས་ཆབ་སྲིད་ཀྱི་འགྲན་རྩོད་ཡུན་རིང་བྱས། མཐར་ཞྭ་དམར་རིན་པོ་ཆེ་ཡོངས་སུ་ཕམ་སྟེ་འཇུག་བསྡུ་བྱས། ད་ནི་ཞྭ་དམར་པ་གཏན་ནས་ཡར་ལང་ཐུབ་པའི་རེ་བ་བྲལ།
མཆན་དགུ་པར་གསལ་བཤད། ང་ཞྭ་དམར་རིན་པོ་ཆེ་དང་ཆོས་ནོར་གང་ཅིའི་ཐད་ནས་འབྲེལ་བ་སྤུ་ཉག་ཙམ་ཡང་བྱུང་མྱོང་མེད། ཡིན་ཡང་ངས་དུས་ནམ་ཡང་ཁོང་ལ་གུས་བཀུར་དང་། ཡིད་སྨོན་ཆེན་པོ་བྱེད་ཀྱིན་ཡོད། ཁོང་ནི་རང་ཚུགས་བརྟན་ལ། སྙིང་སྟོབས་ལྡན། བསྟན་པ་བཤད་སྒྲུབ་གཉིས་ཀྱི་ལམ་ནས་འཛིན་ནུས་མཁན་གྱི་སེམས་དཔའ་ཆེན་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། དྲང་བདེན་དང་གནས་ལུགས་ཆེད་དུ་ཡོད་ཚད་ནས་ཡོད་ཚད་བློས་གཏང་ནུས་མཁན་ཞིག་ཡིན་པའང་ཤེས་ཀྱིན་ཡོད།
དྲྭ་བདག་ལ་དགོངས་སེལ་ཞུ་རྒྱུ་དང་། ངས་མཆན་མནན་ནོར་ཤོར་ནས་གཉིས་རྩེགས་ཕྱིན་འདུག བསུབ་རོགས་གནང་་
གསེར་ས་འོག་ལ་ཡོད་ན། འོད་ནམ་མཁའ་ཟེར་བའི་དཔེ་ལྟར། རྒྱལ་བ་ཞྭ་དམར་པའི་བདེན་པ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག གཞན་ཞིག་ཞུ་རྒྱུ། བོད་ཀྱི་བླ་ཆེན་ས་སྐྱ་གོང་མ་རྣམ་གཉིས། རྒྱལ་དབང་འབྲི་འབྲུག་རྣམ་གཉིས། རྡོ་གྲུབ་ཆེན་རིན་པོ་ཆེ་སོགས་ཀྱིས་མཛད་པས་མྱུར་བྱོན་གསོལ་འདེབས་ཡག་པོ་ཞེ་དྲག་གསུངས་འདུག དེ་ཚོར་གཟིགས་ན་ཤེས།
ནུབ་ཕྱོགས་གངས་ཕྲུག་ལགས
ས་དགེ་བཀའ་རྙིང་གི་བླ་ཆེན་རྣམ་པས་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལ་མྱུར་བྱོན་གསོལ་འདེབས་ལེགས་པོ་བྱེ་བྲག་ཡོད་པར་གསུངས་འདུག འདིར་འགོད་རོགས། ཁྱད་པར་རྒྱལ་བ་རིན་པོ་ཆེས་གསུངས་པ་འདྲ་ཡོད་ན་འདིས་ཁོད་ཅིག དེ་མིན་ཨ་ཀོང་ལ་བཙན་བྱོལ་གྱིས་བྱས་པ་བློ་ཕམ་མ་ཡིན་ནམ།
སི་ཏུ་རིན་པོ་ཆེ་སྲིད་དོན་མཁས་དྲག་ནས་ཞྭ་དམར་སྐུ་ཐོག་དེ་སྐུ་ལས་ཁག་པོ་བྱུང་སོང་ བོད་པའི་བླ་མའི་ཡང་སྲིད་དེ་སངས་སྒྱས་ཀྱི་ཆོས་མ་ཡིན་པར་ཚོང་དང་སྲིད་དོན་རང་རེད།
བླ་མ་ཚོའི་དོན་ལ་རྒྱག་རེས་རྒྱག་གི་མ་འདུག
གང་ལྟར་ཞྭ་དམར་དང་སི་ཏུ་གཉིས་ལ་ཆ་རྒྱུས་གང་ཡང་མེད་པས་བཤད་ཚོད་ཐིག་མ་སོང་། ཞྭ་དམར་ཚང་གྲོངས་སྟངས་ཡ་མཚན་བསྟན་རབས་ཤིག་ཐོས་སོང་། ཡིན་ནའང་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་མཛད་འཕྲིན་ནི་ཉིན་རེ་ནས་ཉིན་རེར་རྒྱས་བཞིན་འདུག སུ་རྫུན་དང་སུ་བདེན་བཤད་རྒྱུ་དཀའ་ལས་ཁག་པོ་རེད། འོན་ཀྱང་སྐུ་ཕྲེང་རྣམས་ལ་སྲུང་མ་རེ་ཡོད་ན་རྫུན་མ་དེ་སྔ་ལམ་དུ་བཏང་ན་ཡག་ཤོས་རེད། །
ལེགས་བཤད་ཀུན་དགའི་དཔལ་སྟེར་མཁས་པའི་རྗེ།།
རྣམ་གྲོལ་བདུད་རྩིས་མྱོས་པ་གྲུབ་པའི་དབང།།
མི་ཕམ་ཆོས་ཀྱི་སྙིང་པོས་འཁྱུད་པའི་དཔལ།།
བློ་གྲོས་ཆེན་པོའི་རོལ་པར་གསོལ་བ་འདེབས།།
ས་སྐྱ་བདག་ཁྲི་རིན་པོ་ཆེས།།
རྒྱལ་བསྟན་སྤྱི་དང་བཀའ་རྒྱུད་མདོ་སྔགས་བསྟན།།
འཛམ་གླིང་གདུལ་བྱར་སྤེལ་བའི་མངའ་བདག་ཉིད།།
སླར་ཡང་མཆོག་སྤྲུལ་གཞོན་ནུའི་ཚུལ་བཟུང་སྟེ།།
བདག་སོགས་ཐུགས་རྗེའི་ལྕགས་ཀྱུས་འཛིན་པར་ཤོག།
ས་སྐྱ་གོང་མ་རིན་པོ་ཆེས།།
བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་བཟང་པོ་ལས།།
རྒྱལ་བསྟན་ཐོས་བསམ་བསྒོམ་པའི་ཕ་རོལ་སོན།།
མཁྱེན་བརྩེ་ནུས་པའི་དཔལ་ཀུན་ཡོངས་རྫོགས་པ།།
ཆོས་ཀྱི་བློ་གྲོས་མཆོག་ལ་གསོལ་བ་འདེབས།།
ཤར་ཆེན་ངོར་ཀླུ་ལྡིང་མཁན་རིན་པོ་ཆེས།།
འདི་ནི་དྲ་གྲོགས་པདྨའི་ཐུགས་དམ་སྐོངས་ཕྱིར་ཤར་མི་ནུབ་གླིང་དུ་རྗེས་དྲན་ལ་བསྐྱོད་སྐབས་ལག་ཏུ་ལོན་པས་ལེགས་སྐྱེས་སུ་ཕུལ བ་དགེའོ།།
ཁྱུང་སེ་ལ་ཡི་རང་ཡོད། ཡིན་ན་ཡང་ཁྱོད་ཚོས་དགྲ་བཞིན་ལྟ་སའི་གཟུར་གནས་པ་ཞིག་གིས་འདི་འདྲ་བཤད་འདུག ༡༽ ཆོས་སྐུ་སྣང་བ་མཐའ་ཡས་ཐུགས་ཀྱི་བདག །
ལོངས་སྐུ་སྤྱན་རས་གཟིགས་དབང་གསུང་གི་དཔལ།།
སྤྲུལ་སྐུ་པདྨ་འབྱུང་གནས་སྐུ་ཡི་གར།།
ཀུན་གཟིགས་ཞྭ་དམར་ཡང་སྤྲུལ་མྱུར་བྱོན་གསོལ།།
༢༽ བདེ་ཆེན་ཕྱག་རྒྱ་དབང་གི་ཕོ་བྲང་ནས།།
བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ།།
བདེ་མཆོག་ཞིང་གི་མགོན་པོ་སྣང་མཐའ་ཡས།།
ཀུན་གཟིགས་ཞྭ་དམར་བདེ་ལེགས་མྱུར་བྱོན་གསོལ།།
༣༽ རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་།།
མར་མི་སྒམ་པོ་ཀུན་གཟིགས་རིམ་བྱོན་མཐུས།།
འགྲོ་མགོན་བཀའ་བརྒྱུད་བསྟན་འཛིན་རིན་པོ་ཆེ།།
ཡང་སྤྲུལ་རྒྱལ་དབང་ཞྭ་དམར་མྱུར་བྱོན་གསོལ།།
༤༽ དུས་གསུམ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས།།
འཁོར་གསུམ་སྤོང་དག་བདེ་ཆེན་ཞིང་ཕེབས་ཀྱང་།།
ཁམས་གསུམ་ཀུན་ཉོན་སྡུག་བསྔལ་བསལ་བའི་ཕྱིར།།
སྐུ་གསུམ་ཟླ་གཞོན་གསར་པ་མྱུར་འཆར་གསོལ།།
༥༽ དྲི་མེད་མཁྱེན་པའི་ལྷ་ལམ་ཡངས་པ་ནས།།
མཚུངས་མེད་ཡང་སྲིད་རྟ་བདུན་དབང་པོ་ཉིད།།
སྐལ་བཟང་པདྨོ་བཞད་པའི་དགའ་ཚལ་དུ།།
མཛད་ཕྲིན་གསེར་གྱི་འཁོར་ལོས་བཀྲ་ཤིས་ཤོག །
༦༽ རྒྱལ་བསྟན་རིས་མེད་ཞི་བདེའི་དེད་དཔོན་མཆོག །
བཤད་སྒྲུབ་ཉི་ཟླའི་འོད་སྣང་རྟག་འགྲོགས་ནས།།
འཇིག་རྟེན་མུན་པ་བསལ་བའི་སྒྲོན་མེ་མཆོག །
ཡང་སྤྲུལ་དམ་པའི་འོད་ཟེར་འཕྲོ་གྱུར་ཅིག །
༧༽ སྐུ་གཟུགས་མཚན་དཔེའི་ལང་འཚོ་གསར་དུ་ཚེས།།
གསུང་དབྱངས་དམ་ཆོས་རྔ་སྒྲ་ཕྱོགས་ཀུན་གྲགས།།
ཐུགས་རྗེ་སྟོབས་བཅུའི་ཡོན་ཏན་རྣམ་འཕྲུལ་ཅན།།
ཡང་སྤྲུལ་ཞྭ་དམར་རིན་ཆེན་མྱུར་བྱོན་གསོལ།།
༨༽ དཀོན་མཆོག་རིན་ཆེན་གསུམ་གྱིས་བདེན་པ་དང་།།
རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་ཚིག་དང་།།
རྟེན་འབྲེལ་རྒྱུ་འབྲས་བསླུ་མེད་བདེན་པའི་མཐུས།།
ཡང་སྲིད་བདེན་པའི་གསེར་ཞལ་མྱུར་མཇལ་ཤོག ། མཁན་ཆེན་བླ་མ་འམ་ཨེ་མ་ཧོ་ནས་བྲིས
། https://www.facebook.com/khampa.kalsang?pnref=story
ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐུ་ཚེ་གོང་བོར་གཡོ་རྫུན་མེད་པའི་བླ་མ་ཞིག ལོ་རྒྱུས་བདེན་རིན་པོ་ཆེ་ཕྱི་གསལ་ནང་གསལ་རེད། འདའ་ཁར་ཕྱག་བྲིས་གསུམ་བཞག་ནས་འབྱུང་འགྱུར་ལུང་བསྟན་བཅས་ལར་བཞག་པ་ནི་བོད་བརྒྱུད་ནང་བསྟན་པའི་གཟི་བརྗིད་ཅིག་རེད། གཞན་བླ་མ་དང་སྐྱབས་ཟེར་ནས་རང་དོན་སྒྲུབ་པ་ལ་ལས་དེང་སང་དེ་འདྲ་གནང་མཁན་ཕལ་ཆེར་མེད་པ་རེད། དཔྱོད་ལྡན་ཚོས་བསམ་བློ་ཐོངས་དང་མཁྱེན་གསལ་རེད།། མདོར་ན་བདེན་པ་ཉིད་རྒྱལ་བར་གྱུར་ཅིག།
ཞྭ་དམར་ལགས་ཀྱིས། མཐའ་ཡས་རྡོ་རྗེའི་ངོས་འཛིན་ལ་ངོས་ལེན་མེད། གཞན་ཅང་མི་ཤེས།
ཀ་རྡོ་ལགས། ༧གོང་ས་མཆོག་གིས་ཀརྨ་པ་གཉིས་གསུམ་ཡོང་མི་མཆོག་པ་མེད་གསུངས་ཡོད། དཔེརན། འཇམ་དབྱངས་བརྩེའི་ཡང་སྲིད་འགའ་ཤས་བྱུང་བ་བཞིན་ཞེས་དཔེ་དང་བཅས་པ་གསུངས་ཡོད། ཁྱོད་ཀྱིས་ཞྭ་དམར་པའི་ངོས་འཛིན་བྱས་པའི་ཀརྨ་པ་ངོས་ལེན་མེད་པ་གང་ཡིན་ནམ།
༄༅།།༧དཔལ་རྒྱལ་བ་ཞྭ་དམར་པའི་སྐུ་ཚེའི་མཛད་ཆེན་རྣམ་གསུམ་གྱི་
རྣམ་ཐར་སྙིང་བསྡུས་བཞུགས།
མཛད་ཆེན་དང་པོ།
༧རྒྱལ་དབང་བཅུ་དྲུག་པ་རིག་པའི་རྡོ་རྗེ་མཆོག་སྙུང་གཞི་དྲག་ཏུ་བཞེས་པའི་ཚུལ་བསྟན་སྐབས། ཐུགས་སྲས་རྣམ་བཞི་གཙོས་མཛོད་པ་འདས་པོས་༧རྒྱལ་དབང་༡༦ པ་ཉིད་ལ་ཡེ་ཤེས་གཟིགས་དཔྱད་ཀྱིས་རིམ་གྲོའི་ཐབས་ཞུས་པར་༧རྒྱལ་དབང་མཆོག་ནས་གསུངས་པ།
༡༽བཤད་གྲྭ་གསར་བཞེངས་འབྲེལ་བཤད་རྒྱུན་དམ་གཙང་འཆད་ཉན་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ། …
༢༽ནང་པའི་ཆོས་སློབ་པར་སྤྲོ་བའི་འཛམ་གླིང་དད་ལྡན་ཡོངས་ཀྱི་ཆེད་ལྡི་ལིར་རྒྱལ་ཡོངས་ནང་ཆོས་སློབ་གྲྭ་ཆེན་མོ་གསར་བཞེངས་གནང་རྒྱུ།
༣༽༧རྒྱལ་བའི་བཀའ་བསྟན་བསྒྱུར་པར་བསྐྲུན་གསར་བཞེངས་ཀྱིས་རིས་སུ་མ་ཆད་པའི་ནང་པའི་ཆོས་བརྒྱུད་ཡོངས་ལ་ཆོས་སྦྱིན་ཕུལ་གནང་རྒྱུ་བཅས། དེ་གསུམ་ལེགས་པར་བསྒྲུབ་ཐུབ་པ་བྱུང་ན་ཁོ་བོའི་རིམ་གྲོ་དེ་ལས་ལྷག་པ་མ་མཆིས་སོ་ཞེས་བཀའ་སྤྱི་བོར་ཕེབས་པ་བཞིན།༧རྒྱལ་མཆོག་དམ་པ་འདི་ཉིད་གཙོས་ཞིང་གཤེགས་ཐུགས་སྲས་འཇམ་མགོན་དམ་པ་དང་ཞྭ་ནག་མཛོད་པ་སྟོབས་དགའ་རིན་པོ་ཆེ་བཅས་རྣམ་པས་ཆ་ཚང་བ་བསྒྲུབས་མཛད་པ་ནི་ད་ལྟའི་མི་རབས་འདིའི་མཐོང་ཆོས་སུ་ལགས།
མཛད་ཆེན་གཉིས་པ།
ཤར་ལྷོ་ཨེ་ཤེ་ཡ་དང་ཡོ་རོབ། ར་ཤེ་ཡ། ཨ་རི་སོགས་འཛམ་གླིང་ཡུལ་གྲུ་གང་སར་༧རྒྱལ་དབང་བཅུ་དྲུག་རིག་པའི་རྡོ་རྗེས་ཕྱག་བཏབས་པའི་ཆོས་ཚོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ། གསར་འཛུགས་གནང་བ་སོགས་ཆོས་ཚོགས་དགུ་བརྒྱ་ལྷག་ཙམ་ད་ལྟ་ཡོད་བཞིན་པ་རྣམས་༧རྒྱལ་བ་བཅུ་བདུན་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ལ་ངོ་སྤྲོད་གནང་ཡོད།
མཛད་ཆེན་གསུམ་པ།
ཡེ་ཤེས་མངོན་སུམ་གྱིས་གཟིགས་པ་ཆེན་པོས་དམ་ཆོས་ཁོ་ན་དང་མཐུན་པའི་ཡོངས་སུ་གྲགས་པའི་༧དཔལ་རྒྱལ་དབང་གོང་མའི་ཡང་སྲིད་འཁྲུལ་བྲལ་༧རྒྱལ་བ་ཀརྨ་པ་བཅུ་བདུན་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ངོས་འཛིན་གནང་བ་དེ་ཡིན། དེ་ཡང་སྤྱིར་འཇམ་དབྱངས་རྣམ་འཕྲུལ་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོར་རང་ཉིད་མ་འོངས་སྐུ་ཕྲེང་གསུམ་པ་མཚན་དྲི་མེད་བློ་གྲོས་ཅེས་བྱ་བ་གྱུར་ཏེ་མགོན་པོ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བུ་རིག་པའི་ཡེ་ཤེས་ཞེས་བྱ་བ་འཁྲུངས་རྒྱུ་ཡོད་པའི་ལུང་བསྟན་ཤིན་ཏུ་ཁ་གསལ་ཡོད་དང་། ད་ལྟའི་ཡུམ་ཉིད་ལ་ཡང་མངལ་དུ་སྦྲུམ་མ་ཆགས་པ་ནས་བཟུང་ཉིན་མཚན་དངོས་ཉམས་གཟིམས་ལམ་རྣམས་སུ་མི་ནག་པོ་ཆེ་བ། བེར་ཆས་ཅན་གྱིས་འབྲལ་མེད་དུ་བསྲུངས་བ་དང་། གཟིམས་ལམ་དུ་མཁའ་འགྲོ་མ་དར་དང་རིན་ཆེན་གྱི་རྒྱན་ཅན་དུ་མས་ཡུམ་ཉིད་རིན་པོ་ཆེའི་གསེར་ཁྲི་མཐོན་པོར་བཞུགས་སུ་གསོལ་ཏེ་དེང་ནས་དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་དུ་མངའ་གསོལ་ཡིན་ནོ་ཞེས་པའི་ངོ་མཚར་བའི་བལྟས་དང་། སྐུ་འཁྲུངས་ལ་ཉེ་བའི་ཚེ་ཡུམ་གྱི་མདུན་དུ་མི་ནག་པོ་བེར་ཆས་ཅན་དེས་གར་འཆམ་སྣ་ཚོགས་པའི་སྟངས་སྟབས་ལ་ཐུགས་གཡེངས་ཏེ་འཁྲུངས་སྙུན་ཕྲན་ཙམ་ཡང་མེད་པར་མངལ་སྒྲིབ་ཀྱིས་མ་གོས་པའི་བརྡར་པགས་པ་དཀར་པོའི་ཁུག་མ་ཞིག་འཁྲུངས་པ་དེ་ཉིད་ཞལ་ཕྱེ་བས། ༧རྒྱལ་དབང་མཆོག་གི་སྐུ་ལུས་དྲི་བཟང་པོ་འོ་མས་ཁྲུས་གསོལ་བ་དང་། དྲི་བཟང་དེ་ཉིད་ཀྱིས་སྨན་ཁང་ནང་ཐམས་ཅད་ཁྱབ་པ་དང་། སྨན་ཁང་གི་སྒོ་འགྲམ་དུ་ཡང་སུས་བྱས་མེད་པའི་དྲི་ཞིམ་བསང་ཕུང་གི་དུད་སྤྲིན་ནམ་མཁའ་ཁྱབ་པར་བྱུང་བས་དེར་ཡོད་ཀུན་ངོ་མཚར་བ་བྱུང་། ཟླ་ཤས་རྗེས་༧རྒྱལ་དབང་རིག་པའི་རྡོ་རྗེའི་ཚ་མོ་ཡིན་པ་ཞིག་གིས་ཞལ་མཇལ་སྐབས་ཆུང་སྲིད་ཉིད་ཀྱི་ཞལ་ནས་ང་ནི་ཀརྨ་པ་ཡིན་ནོ་ཞེས་ལན་གསུམ་གྱི་བར་དུ་གསུངས། ཁམས་ནས་མི་ཕམ་རིན་པོ་ཆེ་མཇལ་དུ་ཡོང་བ་ཞིག་ལ་ཡབ་ལས་ང་རྩ་ཆེ་བ་ཡིན། ང་ཀརྨ་པ་ཡིན་ཕྱག་འཚོལ་གསུངས། ༧ཀརྨ་པ་ཉིད་དགུང་གྲངས་གསུམ་ལ་ཕེབས་སྐབས་ཡབ་སྲས་སྐུ་འཁོར་རྣམས་རྭ་སྒྲེང་ཕྱོགས་སུ་གནས་གཟིགས་ལ་ཕེབས། གནས་དེར་མཁའ་འགྲོ་གསང་བ་ཆེན་མོའི་ཚོགས་འཁོར་གྱི་གནས་རྡོ་ཕ་ཝང་ཆེ་བ་ཞིག་ཡོད་པ་དང་ཉེ་བར་ད་ལྟའི་ཡང་སྲིད་ཉིད་རྭ་སྒྲེང་རིན་པོ་ཆེ་ནས་མཇལ་མ་ཐག འི་ཛི་ཕྲུག་གུ་དེ་ངོ་མཚར་བ་ལ། དེ་འདྲ་སྙིང་རྗེ་བ་ལ། ཡབ་མི་ཕམ་ལགས་ཕྲུག་གུ་འདི་ང་ལ་གནང་རོགས་ཞུས་པར་ཡབ་ཉིད་ཞལ་འཛུམ་པ་དང་བཅས་སྲས་ཉིད་ལ་དྲིས་ཤིག་གསུངས། སླར་སྲས་ཉིད་ལ་ཁྱེད་གནས་འདིར་བཞུགས། ངས་ཁྱེད་ལ་བྱམས་སྐྱོང་དང་ཧ་ཅང་གཅེས་བོའི་ཐོག་གཟིམས་ཆུང་སྐྱིད་པོ་ཞིག་ཀྱང་ཕུལ་རྒྱུ་ཡིན་ཞུས་པས། ཡང་སྲིད་ནས། ང་གནས་འདིར་སྡོད་པ་མིན། ངའི་གདན་ས་མཚུར་ཕུ་ན་ཡོད། དགོན་པའི་དབྱིབས་བཀོད་རྒྱ་ཚད་འདི་དང་འདི་འདྲ་བ་ཡོད། ང་བྱུང་ན་དེར་འགྲོ། མ་བྱུང་ན་འཛམ་གླིང་གནས་གཞན་དུ་འགྲོ་གསུངས། རྭ་སྒྲེང་རིན་པོ་ཆེ་ནས། འོ་ཛི་ཞྭ་མོ་ཡོད་མཁན་དེ་ཡིན་གསུང་གི་འདུག་ག ཞྭ་མོ་ནག་པོ་ཡོད་མཁན་དེ་ཡིན་གསུང་གི་འདུག་ག ཀརྨ་པ་ཡིན་གསུང་གི་འདུག་ག་ཡིན་ནམ་ཞུས་པས། ཡིན་ཡིན་ང་ཀརྨ་པ་ཡིན་གསུངས། ཁམས་ཕྱོགས་ཆུ་མལ་ཞེས་པའི་ལུང་པ་ནས་མཇལ་མི་ཞིག་གིས་གལ་ཏེ་ཁྱེད་ཀརྨ་པ་ཡིན་ངེས་ན་རྡོ་བ་འདི་ལ་བྱིན་རླབས་ཤིག་མཛད་དང་ཞུས་པས་རྡོ་བ་དེ་ཕྱག་གིས་འདམ་ལྟར་རྫིས་མ་ཐག་ཆང་བུ་ཞིག་མཛད་དེ་ཁྱོད་ཀྱི་བྱིན་རླབས་འདི་ཡིན་གསུངས་ཏེ་གནང་། ཡང་མཚུར་ཕུའི་རྒྱལ་ཚབ་རིན་པོ་ཆེ་མཆོག་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུར་ཞལ་གསེར་ཕུལ་སྐབས་༧རྒྱལ་དབང་ཆུང་སྲིད་ཉིད་ཚམ་ཚོམ་བློ་གཉིས་མེད་པར་པང་དུ་བཞུགས་ཏེ་ཁྱེད་ཀྱིས་ང་ངོ་ཤེས་སམ་གསུངས་ཀྱང་ངོ་མ་ཤེས་པ་སོགས་ངོ་མཚར་བའི་རྣམ་ཐར་བསམ་མི་ཁྱབ་པ་བྱུང་། ལྷག་པར་ཞིང་གཤེགས་དམ་པ་༧བཅོ་བརྒྱད་ཁྲི་རིན་པོ་ཆེ་ནས་ཞི་བར་གཤེགས་པ་ཀུན་གཟིགས་རིན་པོ་ཆེར་གསུངས་གསལ། སྔོན་ཞི་བར་གཤེགས་པ་༧རྒྱལ་དབང་བཅུ་དྲུག་པ་ཉིད་གཟིམས་ལམ་དུ་ཞལ་དཀྱིལ་ཧ་ཅང་སྐྱོ་བའི་ཚུལ་དུ་མཇལ་བས་རང་ཡང་ངུ་ཤོར་བ་ཞིག་བྱུང་། ཞག་ཤས་རྗེས་༧རྒྱལ་དབང་མཆོག་ཞིང་ལ་ཕེབས་སོང་། ཡང་ད་ལམ་ཉེ་ཆར་གཟིམས་ལམ་དུ་༧རྒྱལ་མཆོག་བཅུ་དྲུག་པ་དེ་ཉིད་སྐུའི་མཚན་དཔེ་ཉི་མ་འབུམ་འཇོ་བ་ལྟར་བརྗིད་པའི་ཉམས་ཀྱིས་ཆོས་གོས་རྣམ་གསུམ་སེར་ལྟེམས་མེར་གསོལ་ཞིང་ཞལ་གྱི་དཀྱིལ་འཁོར་འཛུམ་མདངས་བཅས་བལ་ཡུལ་མཆོད་རྟེན་ཆེན་མོར་ཞབས་སྐོར་རབ་གནས་གནང་བཞིན་པ་རྨིས་པར་དགའ་ཉམས་ཚད་མེད་འཕེལ་བའི་ངང་དེའི་ཉིན་ལྷ་ས་ནས་མི་ཞིག་གིས་པར་འདི་ང་ལ་བཞག་སྟེ། དེང་སྐབས་ལྷ་སར་ཕྲུག་གུ་འདིས་རང་གིས་རང་ཀརྨ་པ་ཡིན་གསུངས་ནས་དེང་སང་གྲགས་པ་ཤིན་ཏུ་ཆེ་བ་འདུག་ཞུས་པ་བཞིན་ དེ་བཞིན་༧ཀརྨ་པ་ཞྭ་དམར་ནག་གཉིས་ལས་ཁྱེད་རང་ཞྭ་དམར་རེད། ང་ཁྱེད་རང་རང་མཇལ་འདོད་པ་ཞིག་བྱུང་གསུངས་ཏེ་མཇལ་འཕྲད་དང་། ཡང་སྲིད་ཀྱི་སྐུ་པར་འདི་ཡང་ཁྱེད་རང་རང་གི་ཕྱག་ཏུ་ཕུལ་འདོད་པ་ཞིག་བྱུང་གསུངས་ཏེ་ཕུལ། འོད་ཀྱང་༧ཀུན་གཟིགས་ཉིད་ནས་སྣང་མེད་རང་གི་ཚུལ་གནངས་ཏེ་རིམ་པས་ལྷ་སར་རང་མི་ཆེད་བཏང་གིས་རྟགས་ཉུལ་མཐིལ་ཕྱིན་པ་མཛད་པ་མ་ཟད་༧ཀུན་གཟིགས་དམ་པ་རང་ཉིད་ཀྱང་བོད་དུ་ཆེད་ཕེབས་གནངས། དེ་བཞིན་༧ཀུན་གཟིགས་རིན་པོ་ཆེ་ཉིད་ཀྱང་སྐུ་མཚམས་བཅད་རྒྱ་དམ་པོས་ཐུགས་དམ་ཡེ་ཤེས་ཀྱི་གཟིགས་པ་ཧ་ཅང་གསལ་བ་དང་། མ་ཟད་མགོན་པོ་ཀླུ་སྒྲུབ་ཀྱི་བཞེངས་པའི་བོད་ཐང་མགོན་པོ། བལ་ཡུལ་དུ་ཡོངས་སུ་གྲགས་པའི་༧ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ཕྱག་བཟོ་མགོན་པོའི་ཞལ་འབག བལ་ཡུལ་ཇོ་བོ་འཛམ་གླིང་དཀར་མོ། ཕམ་མཐིང་སྒྲོལ་མ་རང་བྱོན་བཅས་ཀྱི་མདུན་བརྟགས་སྒྲིལ་གནད་སྨིན་འཕངས་གནང་བ་སོགས་མདོར་ན་སྲིད་ཀྱི་བཙན་བཀའ་དང་ངན་གཡོའི་ལྐོག་བྱུས། ་ཅལ་འདྲོགས་ཀྱི་སྒྲོ་སྐུར་མཚན་སྨད་ཇི་ལྟར་བྱུང་བ་དག་ལ་ཐུགས་བློ་བརྟན་པོས་བག་ཚ་བ་དང་། ཉམ་ང་བ་མེད་པར་རི་དྭགས་ཀྱི་ཁྱུ་ཚོགས་སུ་སེང་གེའི་གོམ་སྟབས་དང་། ཝ་སྐྱེས་ཀྱི་ཚོགས་ན་སེང་གེའི་འགྱིང་སྟབས་ལྟར་ཕས་རྒོལ་གང་གིས་ཡང་བརྫི་བ་མེད་པའི་ཐུགས་དཔའ་བའི་ཉམས་འགྱུར་དང་ལྡན་པས་སྔར་སྲོལ་བཀའ་བརྒྱུད་གསེར་གྱི་ཕྲེང་བའི་རྣམ་ཐར་དང་མཐུན་པའི་༧རྒྱལ་དབང་གོང་མའི་ཡེ་ཤེས་དངོས་སུ་འཕོས་པའི་ཡང་སྲིད་འཁྲུལ་བ་དང་བྲལ་བ་བདག་སོགས་དད་དམ་གཙང་བའི་སློབ་མ་འབུམ་མཚོའི་བསོད་ནམས་ཀྱི་བགོ་སྐལ་དུ་ངོས་འཛིན་ཇི་ལྟར་གནང་བ་འདི་ནི་སྐུ་ཚེའི་མཛད་ཆེན་ཁྱད་དུ་འཕགས་པ་གསུམ་པ་ལགས།
མཐའ་དོན་ཞུ་གསོལ་འདེབས་རྒྱུ། རང་རེ་སློབ་ཚོགས་ཡོངས་ནས་སངས་རྒྱས་པའི་ཆོས་འདི་ཉིད་སྔོན་གྱི་རྒྱ་བོད་མཁས་སྒྲུབ་དམ་པའི་ངང་ཚུལ་བཞིན་སྲིད་ཀྱི་དུག་རླངས་དང་མ་འདྲེས་པའི་བཤད་སྒྲུབ་ཀྱི་བསྟན་པ་ཡང་དག་པ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མངོན། ༧རྒྱལ་བ་ཞྭ་དམར་ནག་གི་སློབ་ཚོགས་ཡོངས་ནས་རང་གང་དུ་གཏོགས་པའི་རང་ཚུགས་བརྟན་པོས་ཉི་འོད་གཅིག་གི་ནང་དུ་ཚུད་པ་བཞིན་ནང་ཕན་ཚུན་མཐུན་ལམ་རྒྱུན་གནས་དང་། རིས་སུ་མ་ཆད་པའི་ཆོས་བྱེད་དམ་པ་སློབ་ཚོགས་ཡོངས་ལ་དད་པ་དག་སྣང་གུས་བརྩི་ཁ་ཞེ་མེད་པའི་མཐུན་ལམ་གང་ཐུབ་གནང་རྒྱུ། རྒྱུན་ཏུ་༧རྒྱལ་དབང་ཀརྨ་པའི་ཞབས་འཁོར་ཉེ་གནས་རྣམ་པས་ཉེ་གནས་ཀུན་དགའ་བོས་སངས་རྒྱས་ལ་བསྙེན་བཀུར་ཞུས་པ་བཞིན་ཕྱིར་མི་ལྡོག་པའི་དད་སེམས་རྩེ་གཅིག་སྒོ་གསུམ་གུས་པ་ཆེན་པོས་ལྷག་བསམ་ལྷད་མེད་བསྙེན་བཀུར་ཞབས་ཏོག་དང་སྲུང་སྐྱོབ་ཡང་དག་གནང་རྒྱུ་གལ་ཆེ་བ་དེ་ཡིན་ལགས་ཞེས་སྙིང་ནས་གསོལ་བ་འདེབས་བཞིན་སྤྱི་ལོ་༢༠༡༤ ཟླ༨ ཚེས་༧ ཉིན་སུ་ཤཱིལ་འགུ་རུང་ནས།། །།
རྣམ་པ་ཚོར་ཆེད་ཞུ།
གོང་གི་མཁན་པོ་ཚུལ་ཁྲིམས་ལགས་ཀྱི་གསུང་རྩོམ་ཀུན་མཛད་ཆོས་ཀྱི་རྒྱལ་པོ་བདེ་བར་གཤེགས་པ་༧རྒྱལ་དབང་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གི་སྐུ་ཚེའི་མཛད་རྣམ་སྙིང་བསྡུས། གཙོ་བོ་མཛད་ཆེན་གསུམ་གྱི་ཁོངས་སུ་བསྡུས་མཛད་པ་འདི་ཉིད། ཧ་ཅང་དགོས་གནད་ཆེ་བའི་སྙིང་དོན་ཅན་དུ་མཐོང་ནས་གུས་པས་འདིར་སྐྱར་བསྒྲིགས་བྱས་ཏེ་རྣམ་པ་ཚོའི་གསན་སྔར་སྟབས་འབུལ་ཞུས་པ་ཡིན་པས། རྣམ་པ་ཚོས་ཀྱང་སྐབས་དང་དུས་ཀྱི་དབང་གིས་དགོས་པ་དང་དགེ་མཚན་ཅན་དུ་གཟིགས་ཚེ་དེ་བཞིན་མཁོ་སྤྲོད་རྒྱུད་བསྐུལ་གནང་རོགས་ཞུ་ཞེས་གུས་པདྨ་ནས་ཕུལ།།
༄༅།།༧དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཆེན་པོ་༧ཨོ་རྒྱན་ཕྲིན་ལས་མཐའ་ཡས་རྡོ་རྗེ་རིན་པོ་ཆེའི་རྣམ་ཐར་ཤིན་ཏུ་བསྡུས་པ་བདེན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།
༧དཔལ་རྒྱལ་བའི་དབང་པོ་༧་ཀརྨ་པ་སྐུའི་ཕྲེང་བ་བཅུ་བདུན་པ་ཆེན་པོ་ཨོ་རྒྱན་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུའི་སྐྱེ་བ་བཞེས་པའི་ཚུལ་ནི། འཕགས་མཆོག་མིག་མི་འཛུམ་པའི་འདུལ་ཞིང་བསིལ་ལྡན་བྷོ་ཊའི་ལྗོངས་སུ། སྟོད་ལ་མངའ་རིས་་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཡོད་པའི་མདོ་ཁམས་ཟབ་མོ་སྒང་གི་ནང་ཚན། ས་བཅུ་ཆོས་ཀྱི་སྤྲིན་ལ་གནས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་གནས་བདག་དགེ་བསྙེན་རྫ་རྒྱལ་རྡོ་རྗེ་འཕེལ་ཕྱུག་གི་ཐུགས་ཀྱི་བདག་གིར་མཛད་པ། ལྕགས་མདངས་འཛིན་པའི་རྫ་བྲག དྲི་བཟང་མཐུལ་པའི་སྨན་ལྗོངས། ལྷུང་ལྷུང་འབབ་པའི་ཉལ་འགྲོ། མར་གད་མདངས་ལ་འཁུ་བའི་ནེའུ་གསེང་། གུར་གུར་ཐང་མར་བརྡལ་འདྲའི་མེ་ཏོག་གི་དགའ་ཚལ། དགེ་སེམས་དྲང་བདེན་ལ་གནས་པའི་སྐྱེ་བོ། སྣ་ཚོགས་རྩི་བཅུད་ལ་རོལ་པའི་ཕྱུགས་ཚོགས་སོགས་བཟང་དགུའི་དགེ་མཚན་ངང་གིས་འདུས་པ། ལྟ་ན་སྡུག་པའི་དགའ་ཚལ་མི་ཡུལ་དུ་འཕོས་པ་ལྟ་བུ་འབྲོག་སྡེ་ཁམས་རྫ་ཆུ་ཁའི་ཡ་གྱལ། དགེ་རྩེ་བསོད་ནམས་འབུལ་ཤུལ་རྙིང་བའི་ས་ཡི་ཆར། ཇི་སྐད་དུ། བྲག་སྔོན་ཁ་ཡི་ཆུ་འབེབ་དེ། ཁུ་བྱུག་སྔོན་མོའི་འཐུང་ཆུ་ཡིན། བེ་ལུག་འཕེལ་ཁ་དར་བའི་ས། ཞེས་པའི་ས་དཔྱད་དང་མཐུན་པར་མིང་ཆགས་པ་ཁུ་བེ་ལུང་དུ་གྲགས་པ། བཀྲ་ཤིས་པའི་རྫས་གཡས་འཁྱིལ་དུང་གི་རྣམ་པར་རང་བྱུང་དུ་གྲུབ་པའི་གནས་སུ། སྐྱེས་ཡབ་འཇམ་མགོན་མི་ཕམ་སྐུ་ཕྲེང་གསུམ་པ་རྣམ་རྒྱལ་རྒྱ་མཚོ་མཚོ་བྱུང་དགྱེས་པའི་རྡོ་རྗེ་དཔལ་བཟང་པོ་མཆོག་དང་། སྐྱེད་ཡུམ་སྡེ་དགེ་དཔལ་ཡུལ་ནས་ཡིན་པའི་སྲས་མོ་བདེ་ཆེན་དབང་མོ་གཉིས་ཀྱི་སྲས་སུ་༼༡༩༨༣ ༽ ༤ / ༦ ངོ་མཚར་བའི་ལྟས་དུ་མ་དང་བཅས་ལྷ་ས་་མི་མང་སྨན་ཁང་དུ་སྐུ་བལྟམས། ༧རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེས། ལོ་བདག་པོ་བྱ་རྒྱལ་འཛིན་པའི་དུས།། དགའ་སྐྱིད་དོ་འཛོམས་པའི་སྨོན་ལམ་ཡོད། ། ཅེས་ལུང་བསྟན་པ་ལྟར། ཆུ་བྱ་༼༡༩༩༣༽ལོར་རྒྱལ་དབང་༧ཀརྨ་པ་གསང་བའི་སྒོ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས། ཡབ་སྲས་ཞལ་མཛོམས་བྱུང་བའི་བཀྲ་ཤིས་པའི་ཉི་མ་ཐོག་མ་འཆར་བ་རེད། །གཏེར་ཆེན་ཟིལ་གནོན་གླིང་པས་ཀྱང་། རྫ་ཡི་ཡུལ་དུ་ཀེ་ཡི་གྲོང་ཆེར་ན། ། ལྷ་མོ་ནོར་བུ་འཛིན་པའི་གསེར་མངའ་དུ། ། གངས་ཅན་རི་བོའི་བཅུད་ལས་ཡོངས་སྨིན་པ། ། མཐའ་ཡས་རྡོ་རྗེ་འགྲོ་བའི་དཔལ་དུ་ཤར། ཅེས་ལུང་བསྟན་པ་དང་། གཞན་ཡང་མཁས་བཙུན་གྲུབ་པའི་དབང་ཕྱུག་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་ལུང་བསྟན་པ་དང་། ཁྱད་པར་དུ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ཉིད་དམིགས་གསལ་སྐུ་མཚམས་བཅད་རྒྱ་བཞུགས་ནས་ཐུགས་དམ་བརྟགས་དཔྱད་ནན་ཏན་མཛད་པའི་དགོངས་གཞི་དང་། བལ་ཡུལ་ཡང་ལེན་ཤོད་དུ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་རང་བྱུང་དང་ཇོ་བོ་འཛམ་གླིང་དཀར་པོ་སོགས་རྟེན་མཆོག་ཁྱད་པར་ཅན་དུ་མའི་སྤྱན་སྔར་སྔ་རྗེས་སུ་བརྟགས་བསྒྲིལ་གནང་བར། ཡང་སྲིད་འཁྲུལ་མེད་དུ་ཐུགས་གཏན་གཙང་ཁེལ་ཐོག་རབ་བྱུང་བཅུ་བདུན་པའི་ཤིང་ཁྱིའི་༼༡༩༩༤༽ལོར། ༧ དཔལ་རྒྱལ་བའི་དབང་པོ་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། ཀརྨ་པའི་རྒྱལ་ཡོངས་ནང་པའི་སློབ་གླིང་ཆེན་པོའི་གཙུག་ལག་ཁང་དུ་གསེར་ཁྲིར་མངའ་གསོལ་མཛདནས་བཟུང་སྟེ། གཞན་དོན་ཁོ་ནའི་བསྟན་པ་དང་སེམས་ཅན་གྱི་འགྲོ་དོན་གྱི་མཛད་པ་འཕྲིན་ལས་སྐྱོང་དང་སྐྱོང་བཞིན་པ་ལགས་སོ།། ཀརྨ་ཀུན་དགའ་འཕྲིན་ལས་ནས་བྲིས་པའོ།།
ཀརྨ་ཀུན་དགའ་ལགས་ཀྱིས་སྐད་ཆ་ཚིག་སྟོང་པ་ལུང་པ་གང་བཤད་པ་ཆ་ཚང་ཀློག་པ་ཡིན་ཀྱང་ཀརྨ་པ་གཉིས་ཀྱི་ནང་ནས་སུ་ཟེར་གྱི་ཡོད་མེད་ཧ་གོ་མ་སོང།