མི་གསོན་པོ།
ལོ་ཟླའི་ཕྲེང་བ་རིམ་གྱིས་འདས་སོང་།
དུས་ཀྱི་འགྱུར་བ་དྲག་ཏུ་རྒོད་སོང་།
ས་ཆེན་འགུལ་ཐེངས་གཅིག་གིས།
ཚེ་སྲོག་མང་པོ་ཁྱུད་མིད་བྱས་ཐལ།
རིན་པོ་ཆེ། ཁྱེད་ཉིད་གང་དུ་བཞུགས་ཡོད།
མཆོད་རྟེན་མཐོན་པོའི་བང་རིམ་འཁྲུགས་སོང་།
ལྷ་ཁང་ཆེན་མོ་གས་ཀ་རྒྱུགས་སོང་།
སྐུ་བརྙན་བྱིན་ཅན་ཐང་ལ་འགྲིལ་ཐལ།
རིན་པོ་ཆེེ། ཁྱེད་ཉིད་གང་དུ་བཞུགས་ཡོད།
མེས་པོ་རྟོགས་ལྡན་འོ་བརྒྱལ་མྱོང་སོང་།
མ་ཡུམ་དྲིན་ཅན་ཐུགས་ཁྲལ་ཆེ་སོང་།
གྲྭ་ཚང་ཁྲ་མོ་སྐྱོ་བས་ཁེངས་ཐལ།
རིན་པོ་ཆེ། ཁྱེད་ཉིད་གང་དུ་བཞུགས་ཡོད།
འདི་ལྟར་གོད་ཆགས་ཀྱི་ཁྲོད་དུ་དཀའ་ངལ་དང་ཉམ་ཉེས་ཀྱིས་སེམས་པ་སྐྱོ་གདུང་གིས་ཁེངས་དུས་མིག་ལམ་དུ་ཁྲ་ལམ་མེར་འཆར་བ་ནི་རིན་པོ་ཆེ་ཁྱེད་ཉིད་ཡིན་ལ། ཁྱེད་མེད་ན་ང་ཚོའི་མིག་སྔར་གྱི་དཀའ་ངལ་དག་ལ་གདོང་ལེན་བྱེད་ཐབས་གཏན་ནས་མི་འདུག། རིན་པོ་ཆེ་ཁྱེད་ཉིད་མགྱོགས་མྱུར་ཕེབས་རོགས་གནང་། གལ་སྲིད་ཁྱེད་ཉིད་ད་དུང་མ་ཕེབས་ན་ཁྱེད་ནི་འཁོར་བ་ལ་གདོང་གཏད་མི་ཐུབ་པའི་མི་སྡར་མ་ཞིག་དང་། ལྟོས་བཅས་ཀྱི་འཁོར་འབངས་ལ་འགན་མི་ཁུར་བའི་མི་ནུས་མེེད་ཅིག་ལ་བརྩི་རྒྱུ་ལས་མ་འདས། ཁྱེད་ཉིད་རི་ཁྲོད་དུ་བྱ་བྲལ་ཕེབས་ཁར་ལོ་གསུམ་རྗེས་སུ་སྐུ་འཚམས་གྲོལ་ཏེ་ཕྱི་ཕེབས་གནང་རྒྱུའི་ཞལ་བཞེས་དེ་བརྗེད་སོང་ངམ།
རིན་པོ་ཆེ། ལོ་ངོ་བཞི་ལ་ཉེ་དུས་ཁྱེད་ཉིད་གང་དུ་བཞུགས་པའི་གཏམ་སྐད་ཙམ་ཡང་ཐོས་རྒྱུ་མེད་པ་འདི་ནི་ང་ཚོའི་སློབ་མའི་ངོས་ནས་བཟོད་པ་དཀའ་བའི་སེམས་ཁྲལ་དང་། དྲན་གདུང་། དད་འདུན་སོགས་ལ་ཁྱེད་ཀྱིས་སྣང་ཆུང་དང་ཐུབ་ཚོད་བཏང་བ་མ་ཡིན་ནམ། འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་སྟོང་ཕྲག་མང་པོས་མགོ་ཟུར་གྱི་རྣ་བ་ཁྱེད་ཕྱོགས་སུ་གཏད་དེ་སེམས་ཁམས་གྱི་འདུན་པས་ཁྱེད་ཉིད་དྲན་ཏེ་ལོ་ཟླའི་ཉག་མ་རེ་སྒུག་གིས་སྐྱེལ་བ་འདི་ཁྱེད་ཀྱིས་མི་ཤེས་སམ། དེ་རིང་ས་ཆེན་གྱི་སྲིན་མོ་དྲག་ཏུ་ཁྲོས་པའི་གཡོ་འགུལ་ཁྲོད་གངས་རི་ཇོ་མོ་གླང་མ་ཡང་ས་ལ་བརྡབ་པར་ཉེ་ཞིང་། མཐོ་སྒང་གི་ཧི་མ་ལ་ཡི་རི་བརྒྱུད་སྟོང་ལ་ཁད་དུ་གྱུར་དུས་ང་ཚོས་ཁྱེད་ཉིད་དབེན་གནས་གང་ཞིག་ལ་བཞུགས་ཡོད་མེད་ཙམ་ཡང་མི་ཤེས་པ་འདི་ནི་ངོ་མ་སེམས་ཁྲལ་ཞིག་གི་བསྣོན་མ་རུ་གྱུར།
གལ་ཏེ་ཁྱེད་ཉིད་བྱམས་སེམས་ཀྱི་མངའ་བདག་ཅིག་ཡིན་ན། གལ་ཏེ་ཁྱེད་ཉིད་ཉམ་ཐག་གི་མགོན་སྐྱོབ་ཅིག་ཡིན་ན། ངེད་ཅག་སློབ་འབངས་རྣམས་ཀྱི་གདུང་བའི་རེ་འབོད་འདི་གསོན་དང་། ཉམ་ངའི་གནས་སྟངས་འདི་གཟིགས་དང་། རེ་སྒུག་གི་སྐྱོ་གདུང་འདི་སོལ་དང་། ཁྱེད་ལ་དཀའ་སྡུག་བཟོད་པའི་སྙིང་སྟོབས་དང་། འབད་བརྩོན་ཟབ་མོའི་བརྟུལ་ཞུགས། དབེན་གནས་འགྲིམས་པའི་འདུན་པ་བཅས་མངའ་བ་བདེན་མོད། ལྕང་ལོ་ཅན་ནས་དུང་བའི་ཕྱི་མིག་འགྲོ་ལ་འཕངས་ཤིང་། རྡོ་རྗེ་གདན་ནས་ཐུགས་བསྐྱེད་ཟབ་མོ་བདག་གིས་བཞེས་ཏེ། ཁ་བ་ཅན་ནས་སྨོན་ལམ་ཟབ་མོ་བོད་ལ་བཏབས་པའི་ཕྱག་ན་རྡོ་རྗེ་དང་། དགེ་སློང་མ་འགག་པ། ལྷ་སྲས་མུ་ཁྲི་བཙན་པོ་སོགས་ཀྱི་སྐྱེ་འཕྲེང་རྒྱུད་མར་བྱོན་པ་དེ་ངེད་ཅག་གདུལ་བྱའི་ཆེད་དུ་མ་ཡིན་ནམ། དད་པའི་སེམས་ཀྱིས་ཁྱེད་ལ་བསྟེན་ཞིང་དྭངས་བའི་ཡིད་ཀྱིས་ཁྱེད་ལ་རེ་བའི་བའི་ངེད་ཅག་གཏེར་སྒར་གྱི་སློབ་ཚོགས་རྣམས་ཅི་བྱ་གཏོལ་བྲལ་གྱི་དུས་སུ་ཐུགས་རྗེ་ཁྱེད་ཀྱིས་མི་གཟིགས་ན་སུ་ཡིས་གཟིགས། བྱིན་རླབས་ཁྱེད་ཀྱི་མི་སྩོལ་ན་སུ་ཡིས་སྩལ།
རིན་པོ་ཆེ། ཁྱེད་ནི་གསང་བདག་མི་གཟུགས་སུ་བྱོན་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་སྤྲུལ་པའི་གཏེར་ཆེན་ཞིག་ཡིན་སྟབས་དུས་གསུམ་སྒྲིབ་གཡོགས་བྲལ་བའི་མཁྱེན་པ་ཟབ་མོས་ངེད་ཅག་སློབ་མའི་སྐྱོ་གདུང་དང་རེ་སྒུག་འདི་ལ་དགོངས་ཏེ་མྱུར་དུ་ཕེབས་རོགས་ཞུ། མགྱོགས་མྱུར་དུ་ཕེབས་རོགས་ཞུ།
མི་གསོན་པོ་ལགས་ཡག་པོ་ཞིག་བྲིས་འདུག་ཡིན་ནའང་རིན་པོ་ཆེ་དེ་སུ་ཡིན་མིན་དང་དགོན་པ་དེ་གང་དུ་ཡོད་མེད་དགོན་པའི་མཚན་གང་ཡིན་མིན་འདྲ་སྐུ་དེ་གང་ནས་ཡིན་མིན། དགོན་པའི་རྟེན་དང་བརྟེན་པ་ཇི་ལྟར་གནས་ཚུལ་གས་གཏོར་ཇི་ལྟར་བྱུང་མིན་གྱི་གནས་ཚུལ་ཁ་གསལ་འགོད་ཐུབ་ན་གནས་ཚུལ་ཤེས་རྟོགས་འབྱུང་རྒྱུར་དགེ་མཚན་ཆེ་བས། གསལ་བཤད་ཞིག་གནང་རོགས།
ངས་སྐད་ཆ་ཞིག་དྲན་སོང་། སྔ་མོ་ཞིག་ལ་འབྲི་གུང་མགར་ཆེན་རིན་པོ་ཆེ་ཟི་ལིང་དུ་ཕེབས་སྐབས་ཤིག་ལ་འབྲི་གུང་བཀའ་བརྒྱུད་ཀྱི་བླ་མ་གནད་ཡོད་མང་པོ་ཞིག་ཁོང་གི་སར་འདུས་པ་རེད་འདུག དེ་དུས་མང་པོ་ཞིག་གིས་སྒྲུབ་བརྒྱུད་སྤྲུལ་སྐུ་སྐྱེ་སྔ་མཆོག་ཕེབས་དགོས་པའི་རེ་བ་བཏོན་པར་མ་ཟད། མང་པོ་ཞིག་གིས་ཕེབས་མ་ཐུབ་པར་མ་འགྲིག་ཚུལ་ལབ་པ་འདྲ། དེ་དུས་མགར་ཆེན་རིན་པོ་ཆེས། ང་ཚོ་ཚང་མ་འདི་ལྟར་རྒྱུག་འདུར་བྱས་ནས་དུས་ཚོད་གཏོང་གི་ཡོད་པ་རེད། ཚོགས་འདུ་འདི་རིགས་ང་ཚོས་ལས་བཞག་ན་འགྲིག་གི་རེད། ཁོང་མཚམས་ལ་བཞུགས་ནས་འཇིག་རྟེན་གསུམ་མགོན་སྐྱོབས་པ་རིན་པོ་ཆེའི་རྣམ་ཐར་དངོས་དེ་སྐྱོང་གི་ཡོད་རེད། དེ་ང་ཚོས་མི་ཐུབ་རྒྱུ་དེ་རེད། ཁོང་བཞུགས་བཅུག་དགོས་རེད་ཅེས་གསུངས་པ་ཡིན་ཞེས། མགར་ཆེན་རིན་པོ་ཆེས་ཕྲན་ལ་གསུང་མྱོང་བའི་བཀའ་མོལ་འདི་དྲན་བྱུང་། ཁོང་གི་དགོན་པར་གོད་ཆག་བྱུང་བ་ཧ་ཅང་མ་འགྲིག་པ་ཞིག་ཡིན་པ་དང་། དད་སློབ་དག་གིས་ཁོང་ཉིད་དྲན་པ་ནི་དཀའ་ངལ་གྱི་སྐབས་སུ་བསམ་ཤེས་ཐུབ་པ་ཞིག་ཡིན་པས་ངས་ཀྱང་བཅོས་མིན་སེམས་གསོ་ཡོད་ན་ཡང་། དེང་སངས་སྒྲུབ་བརྒྱུད་གོང་མ་རྣམས་ཀྱི་དགོན་པ་དངོས་(གངས་ཁྲོད་དང་རི་ཁྲོད་གཡའ་ཁྲོད་སོགས)དེ་ཧ་ཅང་ལྷིངས་འཇགས་ཡིན་པའི་སྐབས་ཁོང་གཅིག་པུས་མང་པོ་ཞིག་བློས་བཏང་ནས་རི་ཁྲོད་ལ་ཕེབས་པ་ནི་ཧ་ཅང་གཅེས་སུ་རུང་བ་ཞིག་ཡིན་པས་ཁོང་ཕེབས་སྐུལ་ཞུ་མི་དགོས་པ་ཡིན་ན་ཡང་། ཁོང་ཉིད་ཀྱང་ད་ཐེངས་ཀྱི་ས་ཡོམ་སོགས་ཀྱི་གནོད་འཚེས་ཉེར་འཚེ་ཕྲ་མོ་ཙམ་ཡང་མེད་པས་བཞུགས་ཡོད་པར་ནི་ངས་ཀྱང་སྨོན་ནོ།།
བཀའ་བརྒྱུད་གོང་མའི་སྒྲུབས་ཚུགས་སྐྱོང་མཁན་ཕྱི་ལ་སྟོན་རྒྱུ། ནང་གི་བརྟེན་ས་ཁོང་གི་མཛད་པར་ཐལ་མོ་གནས་གསུམ་ཏུ་བཏུད་ནས་ཕྱག་བགྱིའོ། །གང་གི་ཞབས་ཀྱི་རྡུལ་ལ་མགོ་བོས་བཏུད་པ་བསོད་ནམས་ཏུ་བརྩི་བ་བདག་གི་རྨོངས་འཆར། སྒོམ་ཆེན་རི་ལས་ཕབས་པ་ནི་རྒྱལ་བ་ཡང་དགོན་པས། སྤོང་བ་པོ་གྲོང་དུ་དྲངས་པ་བསྟན་པའི་ཆོམ་པོ་གསུང་པ་དེ་ལས་གཞན་མ་མཆིས། རྒྱལ་དབང་ལྔ་བས་བཀའ་བརྒྱུད་པར་མར་མི་ནས་བརྒྱུད་པའི་སྒྲུབས་ཚུགས་ཡག་པོ་ཞིག་ཡོད་པ་དེ། འབྲུག་པ་པད་དཀར་གྱིས་སྣེ་ཁྲིད་དེ་རིག་གནས་སྦྱོང་བར་འུར་ལང་ལས་ཉམས་དམས་པར་བྱས། ཞེས་གསུངས་པ་ལྟར་ཆོས་བརྒྱད་སྐྱབས་སུ་འཛིན་པ་རྣམས་ཀྱིས་བསྟན་པ་འཛིན་རློམ་གྱི་བསྟན་རྒྱུན་བཅད་དེ་ལས་ངན་ཚབ་པོ་ཆེ་བསག་པ་ཡིན་པ་ཤེས་པར་གྱིས། །རྒྱལ་དབང་ལྔ་བས། དབང་རྟུལ་དྲང་སྲོང་དམོད་ལྷུང་བློ་དམན་མངལ། །ཕྱག་ཆེན་མིང་བཏགས་ལྕགས་ཀྱི་ཏིམ་བུ་བདུན། །ཉེར་བཙས་ལྟར་སྣང་ཆོས་ཀྱིས་སྡིག་སྨིན་པས། །དྭགས་བརྒྱུད་གྲུབ་རིགས་ཐ་གུའི་ལྟོ་ཅན་བཞིན། །ཅེས་་ལྟར་སྣང་རྟེན་བཞེངས་སོགས་ཀྱིས་སྒྲུབ་པ་པོའི་དམ་བཅའ་རལ་བར་བྱས་ཏེ་སྡིག་ཆེན་གྱི་ཁུར་ཅི་མི་སྙམ་པར་འཁུར་བའི་འཇིག་རྟེན་ཁ་འཛིན་ལ་དགེ་སྦྱོར་གྱི་ཅོ་པཎ་འདོགས་པའི་སྦྱོརབ་འཔྲལ་དུ་སྤངས་བར་ཞུའོ། ། དེ་ལས་ལྡོག་ཚེ་བསྟན་དོན་དུ་ཡོད་ཚད་གཏོང་བའི་བློ་ཅན་ཞིག་གིས་ལོ་མང་མལ་དུ་ཉལ་བའི་སྨྱུག་གུ་འགུལ་ཏེ་སྲིད་པ་འདི་ཡང་ཡོམ་ཡོམ་པོར་བྱེད་ངེས་པས་བག་ཡོད་པར་འཚལ། །
ཧ་ཧ་མི་འགྱུར་རིན་པོ་ཆེ་ཟེར་བ་དེ་གར་ཡོད་ཏག་ཏག་ཤེས་ཀྱིན་ཡོད། དེང་སང་ཆོས་གྲོགས་དག་སྣང་ཅན་མང་པོ་ཞིག་གིས། ཆོས་བརྒྱད་ཀྱི་རེ་དོགས་ཡོངས་སུ་བྲལ་བའི་སྐྱེ་སྔ་རིན་པོ་ཆེ་དང་སྒྲུབ་བརྒྱུད་གོང་མའི་བླ་མ་ཚོ་ལ་དཔེ་སྦྱར་བ་དང་དོན་བླངས་པ་ནི་ཞྭ་དཔེ་ལྷམ་སྦྱར་བ་ལས་མ་འདས་སོ། མི་འགྱུར་མི་འདུག་ཟེར་ནས་བྱ་རོགས་ཤ་ཏོག་གི་དཔེ་བསྟོད་དང་དྲན་འདོགས་བཤད་པ་མི་གསོན་པོས་སྐད་ཆ་ཤི་བོ་རང་རེད། སྔོན་ཡིན་ན་བླ་མ་ཚོ་ཆོས་བརྒྱད་ཀྱི་རེ་དོགས་བྲལ་བ་ཆོས་པ་རེད་དེང་སང་དེ་ལས་ལྡོག་པ་ཧ་ཅང་མང་པས་ཁྱད་པར་ཆེན་པོ་ཡོད།
xxxxxxསྲིད་དོན་སྣ་ཚོགས་ཀྱིས་མཐོ་དགའ་སྤྲེལ་ལད་སོགས་ཀྱི་གོ་སྐབས་འཚོ་བ་རང་རེད། བོད་གཞུང་གིས་དེ་དག་མིང་གི་བེད་སྤྱོད་ཙམ་ལས་བོད་ཡིག་གི་དག་ཆ་ཙམ་མི་འཁྱོང་མཁན་རྣམས་ལ་མཁས་དབང་དང་། སྐྱབས་འགྲོའི་བསླབ་བྱ་ཆ་ཚང་ཞིག་མི་ཤོད་མཁན་ཚོ་ལ་ཐམས་ཅད་མཁྱེན་པ། ཡི་དམ་གང་རུང་གི་བསྙེན་ཚད་ཙམ་ཡང་བཞག་མ་མྱོང་མཁན་ཚོར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ཁ་དང་ལག་པར་ཁྲག་གི་དྲི་མ་བྲོ་བའི་དམ་ཉམས་སྡིག་ཅན་རྣམས་ལ་ངེས་པ་དོན་གྱི་རྡོ་རྗེ་འཛིན་པ། དགེ་སེམས་སྣ་གཅིག་རྒྱུད་ལ་མེད་མཁན་ཚོར་སངས་རྒྱས་དངོས་བྱོན་དང་རྒྱལ་དབང་ག་གེ་མོ་སོགས་ཟེར་བ་འདི་དག་བསྟན་པ་ནང་རུལ་གཏོང་བ་གོར་མ་ཆགས་པ་རེད། ད་མང་པོ་མི་བཤད་ཁ་བརྡ་སོང་གིས་བསུབ་རྒྱུ་ལས་བདེན་ཚིག་ལ་ནུས་པ་གང་ཡང་མི་ཐོན། བདེན་པ་བཤད་ན་མི་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ་ཟེར་བ་ཡིན་པས་སྐད་དེ་འདི་ནས་མཚམས་བཞག་པ་ཡིན།
ཡོད་ཚད་ཆམ་གྱིས་བཞག་ནས་དབེན་པའི་རི་ཁྲོད་འགྲིམ་མཁན་ཞིག་ཡིན་དུས་ཉམས་རྟོགས་ཡོད་མེད་མ་འཚལ་ཡང་། བློ་ཐག་ཆོད་པོ། བརྩོན་འགྲུས་དྲག་པོ། བཟོད་པ་བརྟན་པོ། ཁ་མིག་ཡར་ལྟོས་ཡིན་པས་དེ་ལ་རྗེས་སུ་ཡི་རང་ངང་ཕྱག་འཚལ་བ་ཡིན། གཞན་དུ་ཆོས་པའི་ལམ་སར་ཆོས་བརྒྱད་ཀྱི་ཚང་བཅས། བཟང་བརྫུས་གསོན་གཤིན་གྱི་དབུ་སྐོར། བྱི་ལིའི་སློབ་དཔོན་ལྟ་བུ། ཞལ་ལ་བྱམས་པའི་འཛུམ་འཁྱིལ་བ། ཁོག་ནས་གསོན་སྙིང་དམར་འདོན་བྱེད་དགོས་ཀྱང་ཅི་མི་སྙམ་པའི་ཁ་དོན་རྒྱབ་འགལ་བྱེད་པ་དག་ལ་ནི་མ་ཡིན་ནོ། །མི་སུ་ཡིན་ཡང་ལོ་རྒྱུས་ཀྱི་ནག་ཐིག་ཅུང་ཟད་རེ་ཡོད་སྲིད་ཀྱང་། དེ་མི་རྟག་པའི་རང་བཞིན་ཡིན་པས། སྔོན་ཆད་ཕ་མ་གསོད་མཁན་གྱི་དགྲ་ཡིན་ཡང་ཕྱིས་ནས་བཤགས་སྡོམ་དང་། ལེགས་པྱོགས་སུ་འགྱུར་བ་ཁ་དོན་མཚུངས་པ་བྱུང་ན་དེ་ལ་གུས་པ་དང་། རྒྱབ་སྐྱོར། ལྷག་བསམ་ཟོལ་མེད་ཀྱིས་བློས་གཏོད་བྱེད་པའང་བདག་གི་རང་གཤིས་སོ། དཔེར་ན་སྔོན་ཆད་ཕྲན་གྱི་མེས་པོར་མནར་གཅོད་བཏང་། ཨ་ཕྱི་ལོ་དགུར་བཙོན་ཏུ་བཅུག་མཁན་ཞིག་ཡོད་པས་༡༩༨༦་ལོར་དངུལ་བཤགས། ཆོས་བཤགས། འཛུལ་པྱག་ཚང་མ་བྱས་པ་ནས་བཟུང་ཕྲན་གྱིས་དགྲ་ཡི་བསམ་བློ་དོར། གཉེན་གྱི་འདུ་ཤེས་བཞག ཕན་པ་ཅི་ཐུབ་སྒྲུབ་བཞིན་པ་ལེགས་སོ། ། དེང་དུས་རྫུན་མས་རྫུན་མ་བཏེགས། རང་ཕྱོགས་རྒྱལ་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་དེ་ལས་གཞན་དུ་མེད་པར་འདོད་པས། རྫུན་པར་བློ་གཏོད་པས་བདེན་པར་གླེང་སྟེགས་མེད་པའང་བདེན་པ་ཁོ་ན་ཉིད་དོ། །ཕྲན་ལས་ཀྱི་དབང་གིས་གཞུང་གི་མི་ཆེན་རྣམས་ངོ་ཤེས། བླ་ཆེན་འགའ་ཞིག་གི་འགྲམ་དུ་གཅར། བོད་ཀྱི་ནང་ཁུལ་གྱི་བྱས་པ་མཐོང་། དཔེརན་ན་པཎ་ཆེན་རིན་པོ་ཆེ་ངོས་འཛིན་བྱས་མ་ཐག་པར་གོ བཙོན་ཁང་དུ་འཇུག་རྒྱུ་པའི་གནས་ཚུལ་སྔོན་རྟོགས་བྱུང་། དེ་ཁྱབ་སྒྲགས་མི་གཏོང་བར་གསང་བ་བྱེད་པའི་རེ་བ་བཏོན་ཀྱང་། གནས་ཆུང་གི་ལུང་ཡིན་ཟེར་ནས་ཕྲན་གྱི་སྐད་ཆ་རྩིས་མེད་བྱས། དེ་ལས་གཞན་སྤྱི་ཚོགས་ཀྱི་བདེ་ཐབས། མི་རིགས་ཀྱི་མཐུན་སྒྲིལ། ཆོས་ལུགས་རིས་མེད་ཐད་རང་ནུས་ལ་དཔག་པའི་བདེན་པ་དང་། དྲང་མོ་ཡིན་སྙམ་པའི་རེ་བ་བཏོན་པ་ལན་གཅིག་མིན་མོད། གྲུབ་འབྲས་རི་སྦལ་སྤུ་ཙམ་ཡང་མ་ཐོན། དེ་ལྟ་བུའི་གནས་ཚུལ་མང་ཡང་། དེ་ཡང་འདུས་བྱས་མི་སྟེགས་པའི་རང་བཞིན་དུ་གྱུར་བས་ནམ་ཞིག་འགྱུར་སྲིད་ལ། བོད་ཀྱི་བདེ་སྡུག་དང་བསྟན་པའི་དར་རྒུད་ཚང་མ་ལས་ཀྱི་རྗེས་སུ་འགྲོ་བས་ཕྲན་ལྟ་བུར་མཚོན་ན་ད་ནས་བཟུང་སེམས་སྐྱོ་ཆད་དེ་རང་ས་ནས་བསྡད། བློ་བག་འཁུམ་ནས་རང་ཚོད་ཀྱི་བྱ་བ་རེ་བྱེད་རྒྱུ་ལས། སྤྱི་དོན་རླབས་པོ་ཆེ་འགྲུབ་པའི་རེ་བ་བྲལ་བས། ཆོས་ལུགས་དང་ཆོལ་ཁ། རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་འཛིན་པའི་ཁྲོད་དུ་མགོ་བོ་སྨད་དེ་ཁུར་བོར་ནས་སྡོད་རྒྱུ་དེ་ལེགས་སོ། །
བཅོས། བཙོན་ཁང་དུ་འཇུག་པ་སྔོན་དཔག་ཐུབ། རུས་སྦལ་སྤུ། མི་རྟག་པ། བྲེལ་སྒང་དུ་ཁེལ་ཡིག་ནོར་མང་ཡང་བཅོས་མ་ཐུབ། དགོངས་འགལ་མེད་པར་ཞུ། །
རུས་སྦལ།
དྲི་མེད་ལགས་ཀྱིས། ( དཔེར་ན་པཎ་ཆེན་རིན་པོ་ཆེ་ངོས་འཛིན་བྱས་མ་ཐག་པར་གོ བཙོན་ཁང་དུ་འཇུག་རྒྱུ་བའི་གནས་ཚུལ་སྔོན་རྟོགས་བྱུང་། དེ་ཁྱབ་བསྒྲགས་མི་གཏོང་བར་གསང་བ་བྱེད་པའི་རེ་བ་བཏོན་ཀྱང་། གནས་ཆུང་གི་ལུང་ཡིན་ཟེར་ནས་ཕྲན་གྱི་སྐད་ཆ་རྩིས་མེད་བྱས། )
ཡར་ལྷ་ཤམ་པོ་ལེགས། བཅོས། བཙོན་ཁང་དུ་འཇུག་པ་སྔོན་དཔག་ཐུབ། ( དཔེར་ན་པཎ་ཆེན་རིན་པོ་ཆེ་ངོས་འཛིན་བྱས་མ་ཐག་པར་གོ བཙོན་ཁང་དུ་འཇུག་པ་སྔོན་དཔག་ཐུབ། དེ་ཁྱབ་བསྒྲགས་མི་གཏོང་བར་གསང་བ་བྱེད་པའི་རེ་བ་བཏོན་ཀྱང་། གནས་ཆུང་གི་ལུང་ཡིན་ཟེར་ནས་ཕྲན་གྱི་སྐད་ཆ་རྩིས་མེད་བྱས། )བཀའ་བློན་ཁྲི་བར་ཕུལ་བར། ངས་ཡི་གེ་ངོ་མར་འདི་འདྲ་བྲིས་ཡོད་སྙམ། ཀུན་གཟིགས་མཆོག་གིས་སྤྲུལ་སྐུའི་ངོ་བོ་སྒྱུར་མི་ནུས་ཀྱང་། འཁོར་ཡུག་དང་སློབ་གསོས་ཤུགས་རྐྱེན་གྱིས་བསྟན་དོན་འཕྲིན་ལས་མི་འབྱུང་བའམ།བཟང་བཙོན་དུ་འཇུག་པའམ། སྦྱོར་བ་ངན་པས་གཤེགས་སུ་གསོལ་བ་་སོགས་ལེགས་ལམ་དུ་འགྲོར་མི་སྟེར་ངེས་པས། སྤྲུལ་བའི་སྐུ་རང་དབང་གྱི་ལུང་བ་ཞིག་ཏུ་གདན་འདྲེན་མ་བྱུང་བར་ནན་ཏན་གསང་བ་བྱེད་གལ་ཆེ། ཞེས་བྲིས་ཡོད་སྙམ། འདས་པའི་ལོ་རྒྱུས་བཤད་ཀྱང་ཡིད་ཆེས་མཁན་མེད་པས་རེ་ཞིག་ངལ་གསོའོ། །
དྲི་མེད་བདེན་་ས་འདི་ན་ཁྱོད་ཤི་ང་གསོན་གྱིས་ལོ་རྒྱུས་མང་པོ་བྱུང་ཡོད་དེའི་ནང་ནས་བོད་འདིར་ཆོས་ལུགས་ཕན་ཚུན་དབར་དང་བླ་སྤྲུལ་ནང་ཁུལ་ཆོས་རྒྱུད་ནང་ཁུལ་ཆོས་རྒྱུད་གཅིག་གི་ཁོངས་གཏོགས་དགོན་པ་ཕན་ཚུན་དབར་ལ་མ་བྱུང་བསམ་པ་ད་མེད། དགྲ་ལག་ཏུ་འཇོག་མཁན་དང་རྟེན་གསུམ་གཏོར་བཤིག་བྱེད་མཁན་ཕལ་ཆེ་བ་ནང་ནས་བྱུང་བ་རེད།
་་་་་་་་་་་་་་་་་་་ དགྲ་ལག་ཏུ་འཇོག་མཁན་དང་རྟེན་གསུམ་གཏོར་བཤིག་བྱེད་མཁན་ཕལ་ཆེ་བ་ནང་ནས་བྱུང་བ་རེད། ་་་་་་་་་་་་་ཟེར།
དྲི་མེད་ལགས་ཀྱིས། དཔེར་ན་པཎ་ཆེན་སོགས་ཀྱི་དུམ་བུ་དེའི་དོན་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། གནད་དོན་དེའི་ཐོག་ཕྲན་གྱི་རྣམ་རྟོག་ལ་ཟང་ཟིང་གི་འཆར་སྒོ་མང་ཙམ་བྱུང་མྱོང་། ད་ལྟ་གནས་སྟངས་འདི་འདྲ་ཆགས་ཀྱང་། དུས་དེར་ཁྱེད་ཀྱིས་བསམ་འཆར་ཡིག་ཐོག་ཏུ་འབྲེལ་ཡོད་ལ་ཕུལ་བར་ཡི་རངས་ཞུ། ཡི་གེའི་ངོ་བཤུས་འདྲ་ཡོད་ན་ཉར་ཚགས་གནང་གལ་ཆེ།