རྔ་བ་རྒྱལ་ཁམས་པ།
ཉིས་སྟོང་བཅུ་ལོའི་ཟླ་བདུན་པའི་ནང་ཞིག་ཏུ་ཨ་རིའི་མངའ་སྡེ་ཁྲག་ས་སེ་ནས་ཨ་ལེག་སི་དང་། ཁོང་གི་བཟའ་ཟླ་ཇན་ནེ་ཧྥིར་གཉིས་ཚོང་དོན་ཞིག་གི་ཆེད་ང་ཚོའི་མངའ་སྡེར་ཕེབས་ཏེ་ཉིན་ཤས་རིང་ངའི་ནང་དུ་བསྡད།
ཁོང་གཉིས་ཀ་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་རེ་ཡིན་ཞིང་། ཚོང་འགྲུལ་གྱི་ཞོར་དུ་ནོས་ཡོག་དང་ནོས་ཇར་སེ་ན་ཡོད་པའི་བོད་ཀྱི་ནང་པའི་ཆོས་ཚོགས་འགའ་རེར་མཇར་སྐོར་དུ་འགྲོ་བཞིན་འདུག ཨ་ལེག་སི་དང་འཕྲོས་མོལ་ཡང་ཡང་བྱས་པའི་ལྷོངས་ནས་ཁོང་བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་ཅུང་ཟད་ཡོད་པ་དང་། བོད་ཀྱི་བླ་དཔོན་མང་བོ་ཞིག་དང་གྲོགས་འབྲེལ་བཟང་བོ་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་མ་ཟད། ཁོང་རང་ཉིད་ཀྱིས་རླངས་འཁོར་བཏང་སྟེ། ཨ་རིའི་མངའ་སྡེ་ཕལ་ཆེར་གྱི་ས་ཁུལ་ངོ་མཚར་བ་སོགས་སུ་འགྲུལ་བཞུད་དང་། སྐྱེ་དངོས་ཡ་མཚན་པ་མང་བོ་དངོས་སུ་མཐོང་མྱོང་བའི་བརྙན་པར་ཆ་ཚང་ཞིག་ང་ལ་བསྟན། ཁོང་ནི་བཀོད་དབྱིབས་དང་རྣམ་པ་རྒྱུན་ལྡན་མ་ཡིན་པའི་ས་རྡོ་རི་བྲག་ལ་རང་བྱུང་སྐྱེ་དངོས་ཀྱི་ནུས་པ་ལྷག་པར་ཆེ་བའི་བསམ་ཚུལ་ཡོད་མཁན་ཞིག་ཡིན་པར་སྣང་ཞིང་། ས་གནས་འགོར་བོ་དེ་དག་ཏུ་ཁེར་རྐྱང་ངང་གུར་ཕིབས་ཏེ་ཞག་བཞུགས་ཉམས་ལེན་བྱས་པའི་བརྙན་པར་དེ་འདྲའང་འདུག དོན་སྣང་བྱུང་བ་ཞིག་ནི། ལོ་ཤས་གོང་ལ་ཁོང་ནོས་ཡོག་ཏུ་ཕེབས་སྐབས། རླངས་འཁོར་ལམ་ནོར་ཐེབས་ཏེ་བདུད་འཇོམས་གདུང་སྲས་འཕྲིན་ལས་ནོར་བུའི་ཆོས་སྒར་དུ་འབྱོར་བ་དང་། འཕྲིན་ལས་ནོར་བུར་མཇལ་བཅར་སྐབས་བླ་མས་ཁོའི་སེམས་ཚོར་མངོན་སུམ་དུ་བཀླགས་པས་འཇིགས་སྣང་སྐྱེས་པ་དང་། ཆོས་སྒར་གྱི་ཉམས་ལེན་པ་ཚོ་ནགས་གསེབ་ཏུ་ལྟོ་སྐྱ་གོས་ཧྲིལ། རས་གུར་ངན་ངོན་རེ་ཕིབས་ཏེ་སྒོམ་ལ་གནས་ཡོད་པ་དང་། ཆོས་སྒར་དེར་དཀྱུས་མའི་ཆོས་ཚོགས་ལྟ་བུའི་ཆོས་ཀྱི་མཛད་སྒོ་མང་བོ་མེད་པར་གཙོ་ཆེར་སེམས་ངོ་ལ་བལྟ་གིན་ཡོད་པའི་གནས་ཚུལ་སོགས་བཤད་བྱུང་། བོད་བརྒྱུད་ནང་བསྟན་རྗེས་འཇུག་རྒྱ་རིགས་ཕལ་གྱི་བསམ་སྤྱོད་ལྟར། ཁོང་གི་གསུང་སྒྲོས་ལས་ཁོང་ནི་ནང་བསྟན་གྱི་རྨང་གཞི་མ་བརྟན་གོང་ནས་ལས་སླ་བོའི་ངང་ལྟ་སྤྱོད་མཐོན་པོར་གཤེགས་འདོད་ཀྱི་རྨི་ལམ་སྐྱིད་པོ་གཏོང་མཁན་གྱི་གྲས་ཤིག་ཡིན་པ་ཚོར། ཉིན་ཞིག་ཁོང་གིས་ང་ལ། དེ་རིང་ང་འདི་ནང་ས་ཁད་ཤིན་ཏུ་ཉེ་བའི་བཀའ་བརྒྱུད་པའི་ཆོས་ཚོགས་ཤིག་ཏུ་སོང་བ་ཡིན། ཁྱོད “སྒམ་པོ་པའི་ཆོས་གླིང”ཞེས་པར་འགྲོ་མྱོང་ངམ། ཞེས་དྲིས་བྱུང་། ངས་ང་འགྲོ་མ་མྱོང་། དེ་འདྲ་ཞིག་ཡོད་པ་གོའང་མ་མྱོང་། ཞེས་ལན་བཏབ་པ་ཡིན། དྲང་མོར་བཤད་ན་ངའི་གྲོགས་གཞན་ཞིག་བརྒྱུད་ཆོས་ཚོགས་དེ་འདྲ་ཞིག་ཡོད་པ་དང། མོ་རང་ཆོས་ཚོགས་དེའི་ཚོགས་མི་ཡིན་པའི་གནས་ཚུལ་ཞིག་ལོ་ཤས་གོང་ནས་ལབ་གླེང་བྱུང་བ་མ་ཟད། ཁྱེད་ཚོ་ཆོས་ཚོགས་དེར་ཕེབས་རོགས་ཞེས་ཐེངས་ཤས་སྐུལ་མ་འདེབས་མྱོང་ཡང་། ཕྲན་ནི་ཕ་ཆོས་རྙིང་མ་དང་། རང་ཆོས་དགེ་ལུགས་འདྲ་འདྲེས་ལྟ་བུར་སོང་གཤིས། རང་ལ་ཆ་རྒྱུས་མེད་པའི་ཆོས་བརྒྱུད་གཞན་པའི་ཚོགས་གྲལ་དུ་འགྲོ་བའི་གོམས་གཤིས་དེ་འདྲ་ད་དུང་ཆགས་མེད། ཨ་ལེག་སིས་ཆོས་ཚོགས་ཀྱི་བླ་མ་ལམ་མཁྱེན་རིན་པོ་ཆེ་དང་བཀའ་མོལ་ཇི་བྱུང་རོབ་ཙམ་བཤད་རྗེས། རྒྱ་ཡིག་ཐོག་ཡོད་པའི་དཔེ་དེབ་ཅིག་ང་ལ་བསྟན་བྱུང་། ངའི་རྒྱ་ཡིག་གི་ཆུ་ཚད་དེ་ཙམ་མི་བཟང་མོད་ཅུང་ཟད་ཤེས་ཚོད་ཅིག་ལ་དེབ་དེ་ནི་ཕྱག་ཆེན་ལྔ་ལྡན་གྱི་ཁྲིད་ཡིག་ཅིག་ཡིན་པ་ཚོར་བྱུང་། དཔེ་ཆ་དེའི་མདུན་ངོས་སུ་བླ་མ་སྐུ་ན་ཅུང་བགྲེས་སོན། ཞལ་རས་སྨུག་པོ། སྤྱན་ཟླུམ་པོ། ཅུང་ཁྲོ་ཉམས་ཅན་སྨ་ར་ཕྲ་མོ་ཡིད་དུ་འོང་བ་ཞིག་ཡོད་པ་མཇལ། ངའི་སེམས་ལ་བླ་མ་དེ་རྫིག་མདོག་ཁ་པོ་ཞིག་འདུག སྐུ་ཡོན་ག་འདྲ་ཡོད་མཁན་ཞིག་ཡིན་ནམ་སྙམ་དུ་དྲན། ངས་ཨ་ལེག་སི་ལ། ང་ལ་རྙིང་ཕྱོགས་ཀྱི་ཆོས་འགའ་ཞིག་ངེས་པར་དུ་སློབ་འདོད་ཡོད། འོན་ཀྱང་། ཆོས་བཤད་ཤེས་ཚད་ཀྱི་མདུན་ནས་ཞུ་མི་ཐུབ། ཆོས་བརྒྱུད་གཙང་ཞིང་ཉམས་ལེན་བཟང་བའི་བླ་མ་བགྲེས་སོང་ཞིག་བསྟེན་ན་འདོད་ཀྱི་འདུག དཔེར་ན། བྱ་བྲལ་རིན་པོ་ཆེ་ལྟ་བུ་ཞེས་བཤད་སྐབས། ཁོང་གིས་བྱ་བྲལ་རིན་པོ་ཆེ་དང་། མཁན་པོ་ཨ་ཁྱིག་ལྟ་བུའི་ཉམས་ལེན་ཡག་པོ་ཡོད་མཁན་ཞིག་ཕལ་ཆེར་རྙེད་དཀའ་རྒྱུ་རེད། གལ་སྲིད་ཁྱོད་བྱ་བྲལ་རིན་པོ་ཆེའི་མདུན་དུ་འགྲོ་ན་འགྲོ་སོང་གང་དགོས་ངས་གཏོང་། ང་གཉིས་མཉམ་པོར་འགྲོ་ཞེས་ཨུ་ཚུགས་བརྒྱབ་གནང་། དེ་བཞིན་ཁོང་གིས་ཅིག་བྱས་ན་བླ་མ་ལམ་མཁྱེན་པ་འདི་ལའང་ཁྱོད་ལ་མཁོ་བའི་བླ་མའི་ཡོན་ཏན་ཚང་སྲིད། ཁྱོད་ངེས་པར་དུ་ཆོས་ཚོགས་དེར་འགྲོ་རིགས་སོ་ཞེས་མིག་གཉིས་ཧྲིག་ཧྲིག་ངང་ང་ལ་གཏད་ནས་སྐུལ་མ་གནང་། དེ་ནས་རེ་ཞིག་བྱ་བའི་བྲེལ་ཟིང་ངང་འདོད་ཡོན་སྒྱུ་མའི་བསླུ་བྲིད་དང་། སྔར་གོ་ཐོས་མ་མྱོང་བའི་ཕྱི་གླིང་བའི་ལོ་རྒྱུས་དང་། ལྟ་གྲུབ་ངོ་མཚར་མཚར་དུ་སྣང་བ་ལྟ་བུའི་ནང་མགོ་འཁོར་ནས་རྒྱུན་ལྡན་གྱི་ཆོས་སྤྱོད་དག་ཀྱང་ཅུང་ཉམས་རྒུད་བརྗེད་ངེས་ཀྱི་དབང་དུ་གྱུར་སྟབས། ངས་ཆུང་མས་ནམ་རྒྱུན་དྲན་སྐུལ་བྱེད་དགོས་པ་ཞིག་ཏུ་གྱུར། གཟའ་མཇུག་གི་ཉིན་ཞིག་ལ་མོས་དེ་རིང་ཆོས་ཚོགས་དེར་མཇལ་སྐོར་དུ་འགྲོ་རྒྱུ་ཡིན། བླ་མ་དེ་བཞུགས་ཡོད་པར་མ་ཟད་མཇལ་དུས་ཀྱང་དུས་བཏབ་ཚར་རོ་ཟེར། ང་ཚོས་མཇལ་དར་དང་ཤིང་ཏོག་ཅུང་ཟད་ཅིག་གྲ་སྒྲིག་བྱས་ཏེ་ཆོས་ཚོགས་སུ་སོང་བ་ཡིན། སྒམ་པོ་པའི་ཆོས་ཚོགས་དེ་ནི་ང་བསྡོད་ས་ནས་མ་ལེ་བཅུ་གཉིས་ཙམ་གྱི་ས་ན་ཕྱོགས་མཐའ་ཤིང་ཚལ་ཅན་གྱི་ཆུ་མིག་དང་། དེ་ལ་གནས་པའི་བྱ་བྱེའུ་སྣ་ཚོགས། གྲོང་སྡེའི་རྩེད་རྭ་ཆུང་ངུ་། ཟམ་པ་ཆེ་ཆུང་། གྲོང་ཁྱིམ་གྱི་བཀོད་པ་སྣ་ཚོགས་པ། མེ་ཏོག་གི་ལྡུམ་ར་ལྟ་བུས་བསྐོར་བའི་ས་ཁད་ཅུང་མཐོ་བའི་རི་འབུར་ལྟ་བུ་ཞིག་གི་ཐོག་ན་ཆགས་ཤིང་། མཚོ་དེ་དག་གི་སྤྱི་མིང་ལ “འཇའ་མཚོ”ཞེས་བྲིས་འདུག ཆོས་ཚོགས་ཀྱི་ཕྱི་བཀོད་ནི་ཁང་བ་ཉིས་ཐོག་རྒྱ་ཕིབས་ཅན་ཁང་མདོག་སེར་སྐྱ། མདུན་ངོས་འབྲི་གུང་བསྟན་སྲུང་ཨ་ཕྱི་ཆོས་ཀྱི་སྒྲོན་མའི་དར་ཆེན་པོ་ཞིག་ཕྱར་ཡོད་པ་དང་། འཛུལ་སྒོའི་འགྲམ་ན་སེངྒེ་གཉིས་འགྱིང་སྟབས་སུ་ལངས་ཡོད་པར་བལྟས་ན། ཁང་བ་དེ་ནི་དཀྱུས་མའི་ཁང་བ་ཞིག་མ་ཡིན་པར་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཡོད་པའི་གནས་ཤིག་ཡིན་པ་རང་བཞིན་གྱིས་ཚོར་ཐུབ་པ་ཞིག་རེད། ང་ཚོས་སྒོ་བརྡ་མནན་པས་གྲྭ་པ་ལོ་གཞོན་ཞིག་ཕེབས་ནས་སྣེ་ལེན་གནང་ཞིང་། ཁོང་གིས་ང་ཚོ་བླ་མའི་བཞུགས་ཤག་ཏུ་ཁྲིད། ང་ཚོ་ནང་དུ་སླེབས་འཕྲལ་རིན་པོ་ཆེས་ཕྱག་ཡར་འཇོག་ཙམ་འཇོག་ཙམ་གནང་བཞིན་ཡར་ཕེབས་རོགས། ཕྱག་མ་མཚལ་རོགས་གནང་ཞེས་ཤིན་ཏུ་གཉོམ་ཆུང་གུས་ཞབས་ཀྱི་རྣམ་པ་ཤུགས་ཆེར་སྟོན་གནང་གིན་འདུག ངས་སེམས་ལ་བླ་མ་འདིས་ང་མི་ང་རྒྱལ་ཅན་ཞིག་ཡིན་པ་མཁྱེན་ཡོད་པ་འདྲ་ཨང་བསམ། སྟན་ཞིག་བཏང་ཡོད་པ་དེའང་ཕྱིར་བླངས་ཏེ་གུས་ཕྱག་ཕུལ་ནས་ཐང་དུ་བསྡད། རིན་པོ་ཆེས་གདན་དེ་བེད་སྤྱོད་གནང་རོགས་ཞེས་ཨུ་ཚུགས་གནང་སྟབས། འབོལ་སྟན་དམར་མོ་དེ་བསྐྱར་དུ་བཏང་ནས་སྟེང་དུ་བསྡད། ངས་ཕྲན་གྱི་ངོ་སྤྲོད་རོབ་ཙམ་ཁོང་ལ་སྙན་ཞུ་ཕུལ། བླ་མས་ཀྱང་ཁོང་གི་ལོ་རྒྱུས་ལས་འཕྲོས་ཏེ་བཀའ་མོལ་གནང་ཞིང་། ཁོང་བོད་ཡུལ་མདོ་དབུས་ཁམས་གསུམ་དུ་ཐེངས་འགར་ཕེབས་མྱོང་བ་དང་། ལྷག་པར་ལོ་རྒྱུས་ཀྱི་གནད་འགག་ཆེ་བའི་ས་ཚུགས་དང་། ཡུལ་སྡེ་རེ་རེའི་གནས་ཚུལ་ཞིབ་འཕྲོས་གནང་བས། བླ་མ་དེ་ལོ་རྒྱུས་ལ་ཐུགས་སྣང་དང་མཁྱེན་རྒྱ་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། ཁོང་གི་བཀའ་མོལ་དེ་བཞིན་ཁམས་སྐད་ཅུང་མཁྲེག་ཞེད་ཅན་དུ་སོང་གཤིས། མཚམས་རེར་ངས་གོ་མི་ཐུབ་པ་དང་། ངའི་སྐད་ཆའང་ཁོང་གིས་གསལ་བོར་གོ་མི་ཐུབ་པའི་དཀའ་ངལ་བྱུང་། ངས་ཀྱང་ཁོང་གི་བཀའ་མོལ་ལས་འཕྲོས་ཏེ་བོད་སིལ་བུའི་གནས་སྐབས་དང་། ཁྱད་པར་ས་ཕག་ནང་འཁྲུགས་སྐོར། འབྲི་གུང་སྤྱན་སྔས་ཧོར་དམག་གི་སྟེང་རྡོ་ཆར་ཕབ་པའི་ལོ་རྒྱུས་དང་། ཕྱི་གླིང་གི་ཤེས་རིག་སྐོར་ནས་ཀྱང་གལ་ཆེན་འགའ་རེ་ཡར་ཞུ་རྒྱུ་བྱུང་། བླ་མ་ཁོང་ཐུགས་ཤིན་ཏུ་མཉེས་པོ་གནང་སྟེ་རྗེས་མར་ང་གཉིས་མཉམ་པོར་བོད་ཡུལ་དུ་ལྟ་སྐོར་འགྲོ་དགོས། ངས་ཁྱེད་ལ་ལོ་རྒྱུས་ཀྱི་གནད་འགག་ཆེ་བའི་ས་ཁུལ་ཁག་དང་། གནས་ཆེན་འགའ་ཞིག་ངོ་སྤྲོད་བྱེད་རྒྱུ་བྱུང་ན་ཡག་པོ་ཡོང་ས་རེད་ཅེས་གསུང་། འཕྲོས་མོལ་སྣ་མང་དེའི་ངང་ནས་ངའི་ཆུང་མ་དང་བུ་གཉིས་གཟིམས་ཤག་གི་ཕྱི་ལ་ག་དུས་སོང་བའང་མ་ཚོར། ཁ་བརྡ་བྱས་ནས་ཆུ་ཚོད་གསུམ་ཙམ་འགོར་འདུག དུས་དེ་ནས་བཟུང་ཕྲན་ཁོམ་པ་ནམ་ཡོད་ལ་ལམ་མཁྱེན་པའི་མདུན་སར་ཡང་ཡང་བཅར་སྙིང་འདོད་ཅིང་། ཡིག་ངག་གཉིས་ཀྱི་སྲོལ་རྒྱུན་སྣ་ཚོགས་པ་ཞིག་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་། གུས་པ་ཁོང་གི་སྐུ་མདུན་དུ་བཅར་ཐེངས་རེ་རེར་སྔར་མཐོང་ཐོས་འགངས་ནས་མ་མྱོང་བའི་ལོ་རྒྱུས་ངོ་མཚར་ཅན་དང་། སྔར་གོ་མྱོང་ནའང་གནས་ཚུལ་དེ་ལྟ་བུ་ཅིའི་ཕྱིར་བྱུང་བ་ཞིག་ཡིན་མིན་གསལ་ཁ་མེད་པའི་རིགས་ལ་གནས་ལུགས་དང་རྒྱུ་མཚན་གྱིས་ཕྱུག་པའི་བཀའ་མོལ་རེ་རེས། ངས་བོད་ཀྱི་ལོ་རྒྱུས་སློབ་སྦྱོང་དང་། དཔེ་ཀློག་བྱས་ཚད་ཆུ་བུར་ལྟར་སོབ་སོབ་ཅིག་ལས་བྱུང་མེད་པའི་ཚོར་སྣང་བྱུང་། འོན་ཏེ་ཆོས་ཕྱོགས་ནས་བཀའ་མོལ་ཁོང་གིས་ཀྱང་མི་གནང་ལ་ངས་ཀྱང་མ་ཞུས། ང་ལ་རྒྱུན་དུ་དམིགས་བསལ་དོ་སྣང་བྱུང་བ་ཞིག་ནི། སྐབས་རེར་ཁོང་གིས་གློ་བུར་དུ་སྤྱན་ཟླུམ་པོ་དེས་ཅི་ཞིག་ལ་འབུར་ཚུགས་སུ་གཟིགས་བཞིན་ཞལ་ནས་མ་ཎི་གསུང་སྟངས་ལ་བལྟས་ན། ཁོང་གིས་ངས་མཐོང་མི་ཐུབ་པའི་གསང་བ་ལྐོག་གྱུར་གྱི་གནས་ཚུལ་གང་ཞིག་གཟིགས་ཀྱིན་ཡོད་པ་དང་། གནས་ཚུལ་དེ་རྣལ་འབྱོར་བའི་ལྟ་དགོངས་མཐོན་པོ་ཅི་ཞིག་གི་དབྱིངས་སུ་རོ་མཉམ་ངང་གཟིགས་ཀྱིན་ལོས་ཡོད་སྙམ་པའི་ཚོར་སྣང་ཞིག་རང་བཞིན་གྱིས་སྐྱེ་འོང་། དེ་ནས་ངལ་གསོའི་དུས་ཚུགས་ཤིག་དང་སྟབས་བསྟུན། ངེད་བཟའ་ཚང་ང་ཚོའི་མངའ་སྡེ་ན་ཡོད་པའི༧རྒྱལ་དབང་ཀརྨ་པའི་གདན་སར་མཇལ་སྐོར་དུ་ཕྱིན། གདན་ས་དེའི་ཆོས་ཁང་གི་ནང་དུ་བཀའ་བསྟན་གཙོ་བོར་གྱུར་པའི་ཆོས་དཔེ་ཤིན་ཏུ་མང་བོ་བཞུགས། ངས་དཔེ་གཟུགས་སུ་བཞེངས་པའི་པོ་ཏི་ཞིག་ཕྱིར་བཏོན་ནས་མཚན་བྱང་ལ་ལྟ་སྟབས། “ཕྱག་ཆེན་ལྔ་ལྡན་སྔོན་འགྲོའི་ཁྲིད་ཡིག”ཅེས་པ་ཞིག་མཇལ། དབུ་ནས་མར་ཤོག་གྲངས་ཁ་ཤས་ཤིག་བཀླགས་པས། བརྗོད་བྱ་རྗོད་བྱེད་གང་ཅིར་བལྟས་ཀྱང་གནའ་བོའི་བླ་མ་ཚད་ལྡན་ཞིག་གི་གསུང་རེད་དྲན་ཞིང་། ༧རྒྱལ་དབང་ཀརྨ་པ་སྐུ་ཐོག་གོང་མ་ཞིག་གི་གསུང་རྩོམ་ཨེ་ཡིན་ནམ་སྙམ། མཛད་བྱང་ལ་བལྟས་པས། མཁས་དང་གྲུབ་པའི་དབང་ཕྱུག་འབྲི་གུང་ལམ་མཁྱེན་རྒྱལ་པོ་ཞེས་མཐོང་བས། སླར་ཡང་བསྐྱར་དུ་བཀླགས་པས་གཞུང་དེ་ནི་ལམ་མཁྱེན་རིན་པོ་ཆེའི་གསུང་ཡིན་པ་གཞི་ནས་ཧ་གོ་ཞིང་། བླ་མ་དེ་དཀྱུས་མ་ཞིག་རེད་མི་འདུག་བསམ། ཕྱིར་ནང་དུ་སླེབས་ནས་ལམ་སང་སྒམ་པོ་པའི་ཆོགས་ཚོགས་ཀྱི་དྲྭ་སྒོ་ཕྱེས་ཏེ། ཞིབ་མོར་བལྟས་པས་ཁོང་ལ་གསུང་འབུམ་རྩ་ཆེན་མང་བོ་བཞུགས་པ་མཐོང་ཞིང་། ལྷག་པར་ཁོང་གིས་མཛད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེའི་མཛད་རྣམ་ཞིག་བཞུགས་པ། དུས་ཚོད་ཕུད་ནས་ཉིན་ཤས་རིང་ཞིབ་མོར་བཀླགས་པ་ཡིན། ངས་རྣམ་ཐར་དེ་ཀློག་གིན་ཀློག་གིན་ཡིད་ལ་བསམ་ཡུལ་ལས་འདས་པའི་དོན་ཆེན་ཞིག་ཤེས་རྟོགས་བྱུང་བ་ནི། བླ་མ་འདིར་ངས་ལོ་བར་མང་བོའི་རིང་རྩད་འཚོལ་བྱེད་བཞིན་པའི་གདམ་པ་རྩ་ཆེན་ཞིག་ཡོད་པར་རྟོགས། ཁོང་ནི༧གོང་ས་རྒྱལ་བའི་དབང་བོའི་བྱང་ཆུབ་ཀྱི་སེམས་གང་ལས་འཁྲུངས་པར་གསུང་བའི་སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་དང་ཉེ་བར་གནས་པའི་སྐལ་ལྡན་གྱི་སློབ་མ་ཞིག་ཡིན་འདུག་པ་མ་ཟད། འོད་གསལ་རྫོགས་པ་ཆེན་པོའི་སྙན་བརྒྱུད་ཀྱི་གདམ་པ་དམར་ཁྲིད་གནང་མྱོང་སའི་བླ་མ་ཞིག་ཀྱང་རེད། ཁུ་ནུ་བླ་མ་ནི་རྫོགས་ཆེན་མཁན་པོ་ལྷ་དགའ་དང་། གཞན་དགའ། ཀུན་དཔལ། བྷི་མ་དངོས་སྣང་ཀ་ཐོག་མཁན་ཆེན་ངག་དབང་དཔལ་བཟང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཨ་འཛོམས་འབྲུག་པ་འགྱུར་མེད་རྡོ་རྗེ། རྫོགས་སྤྲུལ་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོར་རྗེ། ཀ་ཐོག་སི་ཏུ། འབྲུ་འཇམ་དབྱངས་གྲགས་པ་སོགས། སྐབས་དེའི་བླ་མ་ཆེ་རྒུ་ཕལ་ཆེར་གྱི་ཞལ་ཟིན་གྱི་དངོས་སློབ་ཅིག་ཡིན་པ་མ་ཟད། མཁན་པོ་གཞན་དགའ་དང་། ཀུན་དཔལ། ཀ་ཐོག་མཁན་ཆེན་ངག་དབང་བཟང་བཅས་ལས། རྫོགས་ཆེན་ཁྲིད་གཞུང་ཡེ་ཤེས་བླ་མའི་སྨིན་གྲོལ་ཟབ་ཁྲིད་ཡོངས་སུ་རྫོགས་པ་ཞུས་མྱོང་ཡོད་པའི་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་དང་། ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པར་མཁས་པའི་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་ཡིན་པ་ཡོངས་གྲགས་རེད། བླ་མ་ལམ་མཁྱེན་པ་ཚང་ནི་ཁོང་གི་མདུན་ནས་བཀའ་རྫོགས་སྤྱི་དང་། ཁྱད་པར་རྫོགས་ཆེན་ཁྲིད་གཞུང་ཡེ་ཤེས་བླ་མའི་ཟབ་གསང་ཡོངས་སུ་རྫོགས་པའི་མྱོང་ཁྲིད་ཐོབ་མྱོང་ཡོད་པའི་སྐལ་ལྡན་གྱི་སྐྱེས་མཆོག་ཅིག་ཡིན་པར་ཧ་གོ ས་སྐྱ་པཎ་ཆེན་གྱིས། འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ།། སྟོན་པ་གཞན་ལ་གུས་བྱེད་པ།། ཡན་ལག་བརྒྱད་ལྡན་ཆུ་འགྲམ་ནས།། བ་ཚྭའི་ཁྲོན་པ་རྐོ་བ་ཡིན།། ཞེས་གསུངས་པ་ལྟར། ངས་ལོ་བར་འདི་དག་གི་རིང་དོན་དག་གཞན་ཞིག་ལ་མགོ་འཁོར་ནས། བླ་མ་རྩ་ཆེན་འདི་འདྲ་ལ་དོ་སྣང་བྱེད་རྒྱུ་མ་བྱུང་བའི་ངང་ཚུལ་དེར་འགྱོད་གདུང་དང་། ཕངས་སེམས་ཅི་ལས་ཀྱང་ཆེ་བ་བྱུང་ཞིང་། བླ་མ་འདི་པ་ལས་ཟབ་ཆོས་རེ་ཞུ་ཨེ་ཐུབ་བལྟ་རྒྱུར་སེམས་ཐག་བཅད་པ་ཡིན། དེ་ལྟ་ནའང་། བླ་མ་ལམ་མཁྱེན་པས་ང་རྗེས་སུ་འཛིན་ནམ། ང་ལ་ཁོང་གི་མདུན་ནས་ཟབ་ཆོས་དེ་ཞུ་བའི་ཆ་རྐྱེན་ཚང་ངམ། གལ་སྲིད་ཁོང་གི་ཞལ་ནས་ཆོས་དེ་ཞུ་བ་ལ་ཆོས་སྤྱོད་ཀྱི་བྱ་བ་འདི་དང་འདི་འདྲ་དགོས་ཞེས། ཚད་བཀག་ཅན་གྱི་འགན་ཁུར་འདྲ་གནང་སྲིད་དམ། ང་ནི་ཅི་བྱ་གཏོལ་མེད་ངང་དྭོགས་འདྲི་སྣ་མང་བའི་གནས་སུ་ལྷུང་། ངའི་བུད་མེད་དང་མོའི་གྲོགས་མོ་རིང་ནས་བོད་བརྒྱུད་ནང་ཆོས་ལ་དོ་སྣང་གནང་མཁན་གྱི་ཐེ་ཝན་བུད་མེད་ཅིག་ཡོད། ཁོང་གཉིས་ཆས་ཁྱོད་ལ་དགོས་པའི་ཟབ་ཆོས་དེ་ལམ་མཁྱེན་རིན་པོ་ཆེར་ཡོད་ཐག་གིས་ཆོད། ཁྱོད་ཀྱིས་ཅིའི་ཕྱིར་ཁོང་གི་མདུན་ནས་ཆོས་མི་ཞུ་ཞེས་ཨུ་ཚུགས་བརྒྱབ། དེ་ལྟ་ནའང་། དང་པོ་བླ་མ་བརྟག་ལ་མཁས་པ་དང་། བར་དུ་བླ་མ་བསྟེན་ལ་མཁས་པ་དང་། ཐ་མ་བླ་མའི་དགོངས་སྤྱོད་བསླབ་ལ་མཁས་པ་ཞིག་དགོས་ཚུལ་གསུང་བ་ལྟར། བླ་མ་དེ་ཉིད་ཀྱི་རྣམ་ཐར་ལོ་རྒྱུས་སྐོར་སླར་ཡང་རྩད་གཅོད་ཅི་ནུས་ཞུས། གོ་སྐབས་ནམ་ལྡན་ལ་སྐུ་གམ་དུ་བཅར་ཏེ་ཆོས་འཇིག་གཉིས་ཆ་ནས་བཀའ་མོལ་སློང་ཅི་ཐུབ་བྱས། ངས་ཤེས་རྟོགས་བྱུང་བ་ཞིག་ལ། བླ་མ་འདིར་རིགས་ཀྱི་འདུན་པ་ཤིན་ཏུ་ཟབ་ཅིང་། ཆོས་སྲིད་གང་གི་ཐད་ནས་ཀྱང་དོན་དང་དོན་མ་ཡིན་པར་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་རྩལ་རབ་ཏུ་རྒྱས་པ། མཐོང་བརྒྱུད་ཕྱག་བཞེས་ཕྲ་རགས་མི་དགོངས་པ་མེད་ཅིང་། མ་འོངས་རྒྱང་རིང་གཟིགས་ཐུབ་པའི་སྤྱན་རྒྱ་ཡངས་པོ། རྩ་རྒྱུད་བླ་མར་དད་པ་དང་དམ་ཚིག་ཤིན་ཏུ་གཙང་མའི་ཆོས་པ་རྣམ་དག བདག་ཉིད་སྒྲོག་པ་སོགས་འཇིག་རྟེན་ཆོས་བརྒྱད་དང་ཞལ་རིང་དུ་གྱེས་པ། སྟོང་ཉིད་སྙིང་རྗེའི་སྙིང་བོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཐུགས་དམ་གྱི་མཐིལ་དུ་འཛིན་མཁན། ཕྱི་བཀའ་བརྒྱུད། ནང་རྙིང་མ། གསང་བ་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཚད་དང་ལྡན་པ་ཞིག་ཡིན་པར་ཡིད་ཆེས་བྱེད་རུང་བ་ཞིག་བྱུང་། སྐབས་དེ་ཤེད་ཅིག་ནས་ཁོང་བལ་ཡུལ་དང་། ཐེ་ཝན་ཁུལ་དུ་ཆོས་འབྲེལ་གྱི་མཛད་སྒོ་སྐྱོང་བར་ཕེབས་ཏེ་རེ་ཞིག་འགོར། ངས་མུ་མཐུད་དུས་ཚོད་བཏང་སྟེ་སྒམ་པོ་པའི་ཆོས་གླིང་གི་དྲྭ་ངོས་ན་བཞུགས་པའི་ཁོང་གི་གློག་རྡུལ་ཕྱག་དེབ་ཁག་མཇལ་ཞིང་། རྣམ་ཐར་ལོ་རྒྱུས། གདམ་ངག་ཟབ་ཁྲིད། རྣམ་བཤད། གཞུང་འགྲེལ། མགུར་གླུ། རི་མོ་སོགས་ཤེས་བྱའི་གནས་གང་ཅིར་སྔོན་བྱོན་མཁས་པའི་ཞབས་རྗེས་ཟིན་ཡོད་པའི་ཚོར་སྣང་བྱུང་ཞིང་། བརྗེད་དུ་ཕངས་པའི་ཉམས་མྱོང་རྒན་པོའི་གསུང་སྒྲོས་ཀྱང་མང་དག་ཅིག་ཡོད་པར་མཐོང་སྟེ། བླ་མ་འདི་རྩ་ཆེན་པོ་ཞིག་རེད་འདུག་བསམས་ཏེ། དད་པ་སྐྱེས་ཤིང་སེམས་པ་དགའ་ལྷང་ལྷང་བྱེད་པ་ཞིག་བྱུང་། དེ་རྗེས་ཉིན་གཅིག་ལ་སྟིང་དབང་ཞིག་གིས། ༧སྒམ་པོ་པའི་ཆོས་ཚོགས་ཀྱི་བླ་སྤྲུལ༧སྐྱབས་རྗེ་སྤྱན་སྔ་མཆོག་སྤྲུལ་རིན་པོ་ཆེ་དང་ང་ཚོ་ཐེ་ཝན་གྱི་མི་ཚང་ཞིག་ཏུ་ལྷན་འཛོམས་བྱུང་ཞིང་། ཆོས་དང་འཇིག་རྟེན་ལས་འཕྲོས་པའི་བཀའ་མོལ་མང་བོ་བྱས་མཐར། སྤྱན་སྔ་རིན་པོ་ཆེར་ལམ་མཁྱེན་རིན་པོ་ཆེའི་མདུན་ནས་བཀའ་ཆོས་དེ་ཞུ་ཐུབ་མིན་སྐོར་ནས་དྲི་བ་ཕུལ། ཁོང་གིས་ཞུ་ཐུབ་ཀྱི་རེད་ངས་ཁོང་ལ་ཞུ་དགོས། རིན་པོ་ཆེ་ད་ལྟ་ཐེ་ཝན་དུ་བཞུགས་ཡོད། ཟླ་ཤས་རྗེས་ཚུལ་ཨ་རིར་ཕེབས་ཀྱི་རེད་ཅེས་གསུངས་ཤིང་། གུས་པས་རེ་ཞུས་ལྟར་ཁོང་གིས་ང་ལ་ཀློང་ཆེན་མཛོད་བདུན་ཞིག་ཀྱང་གནང་རྒྱུར་ཞལ་བཞེས་མཛད་པས་རྟེན་འབྲེལ་ཤིན་ཏུ་ལེགས་པ་ཞིག་བྱུང་། དེ་རྗེས་བསྟུན་མར་ཞག་ཁ་ཤས་ནང་། ངས་ད་ལྟའི་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དང་། ངོ་མི་ཤེས་པའི་བཙུན་མ་འགའ་ཞིག་ཡང་ཡང་རྨིས་ཤིང་། སྐབས་རེར་སྒོམ་ཆེན་དབུ་སྐྲ་རིང་བོ་ཅན། ཌྰ་མ་རི་དང་རྡོར་དྲིལ་མཆོད་རྔ་སོགས། ཕྱག་མཚན་སྣ་ཚོགས་མཐའ་སྐོར་དུ་ཡོད་པ་ཞིག་རྨིས། ངས་སེམས་ལ༧སྤྱན་སྔ་སྤྲུལ་སྐུས་བླ་མ་ལམ་མཁྱེན་རིན་པོ་ཆེར་ཆོས་ཁྲིད་གསོལ་འདེབས་ཞུས་པའི་རྟགས་མཚན་འདྲ་ཨེ་ཡིན་བསམ། ངས་ཞལ་པར་བརྒྱུད༧སྐྱབས་རྗེ་སྤྱན་སྔ་རིན་པོ་ཆེར་བཀའ་འདྲི་ཞུས་པར། ལམ་མཁྱེན་རིན་པོ་ཆེས་དེ་ལུགས་ཡོང་བར་ཞལ་བཞེས་གནང་སོང་ཞེས་གསུངས་སོང་བས། རིན་པོ་ཆེའི་གཏེར་ཁ་ཞིག་རྙེད་པ་ལྟ་བུའི་དགའ་ཚོར་སྐྱེས་ཤིང་། བདུན་ཕྲག་ཁ་ཤས་རིང་དགེ་བའི་ཚོར་བ་ཤུགས་ཇེ་ཆེར་སོང་བ་ལྟ་བུའི་ཚོར་སྣང་བྱུང་བ་ནི། བླ་མའི་བྱིན་རླབས་ཀྱི་ནུས་པ་ལས་བྱུང་བ་ཞིག་ཡིན་པར་འདོད། དེ་ནས་ལོ་དེའི་ལོ་མཇུག་ཅིག་ནས་ལམ་མཁྱེན་རིན་པོ་ཆེ་ཕྱིར་ཨ་རིའི་སྒམ་པོ་པའི་ཆོས་གླིང་དུ་ཞབས་སོར་བཀོད་ཅིང་། སྙན་སེང་ཞུས་དོན་ལྟར་ཉིས་སྟོང་བཅོ་ལྔའི་ཟླ༢ཚེས༢༣ཉིན་གྱི་དགུང་མོའི་ཆུ་ཚོད༥དང་ཕྱེད་ཀ་སྟེང་ཆོས་ཁྲིད་ཀྱི་དབུ་གཟུག་རྒྱུ་བྱས་པ་ལྟར། གུས་པས་སྔ་སེ་ནས་གྲ་སྒྲིག་ཟིན་པའི་ཁྲིད་ཡིག་མཇལ་དར་ཟིན་ཤོག་བཅས་རླངས་འཁོར་དུ་བཞག་སྟེ་ལས་ཀར་ཕྱིན། ལས་ཀ་གྲུབ་རྗེས་ཐད་ཀར་ཆོས་ཚོགས་སུ་བཅར། སྤྱན་སྔ་རིན་པོ་ཆེས་བླ་མའི་གཟིམས་སྒོ་ཕྱེས་ཏེ་ནང་དུ་ཁྲིད་འཕྲལ། གཟིམས་སྒོ་བསྡམས། རིན་པོ་ཆེ་གཟིམས་འགག་ཕྱི་མའི་མཆོད་ཁང་ཆོས་ཁྲི་ཆུང་ངུ་དེའི་སྟེང་བཞུགས་འདུག ཉིན་དེར་རིན་པོ་ཆེས་ཐིལ་བ་དམར་སྨུག་ཅིག་བསྣབས་ཤིང་། ཞལ་རས་ཅུང་ཁྲོ་ཞིང་འུར་བའི་ཉམས་ལྡན་གཟི་མདངས་ཆེན་པོ་འདུག ངས་རྟབ་རྟབ་པོར་ཆོས་ཕྱག་གྲུབ་རྗེས་མཇལ་དར་ཕུལ། བླ་མས་རྐུབ་སྟེགས་ཆུང་ངུ་ཞིག་ལ་སྤྱན་གྱིས་གཟིགས་བཞིན་འདིའི་ཐོག་སྡོད་ཅེས་གསུངས། ང་རྐུབ་སྟེགས་ཐོག་སྡོད་མ་བཟོད་པར་ཐང་དུ་བསྡད་རྗེས་རྒྱབ་ཁུག་ཐོག་དཔེ་ཆ་བཞག་སྟེ་སེམས་རྣལ་དུ་ཕབ་ནས། སྐྱབས་འགྲོ་སེམས་བསྐྱེད་དང་། ཤེས་རབ་སྙིང་བོ། མནྡྲལ་བཅས་གྲུབ་མཚམས། བླ་མས་གང་བློ་མ་དང་རྒྱུན་འདེབས་གསུངས་ཚར་ནས་བཀའ་ཕེབས་རྒྱུར། དངོས་གཞིའི་ཁྲིད་མ་སོང་བའི་སྔོན་དུ་ཀློང་ཆེན་པའི་སྔོན་འགྲོའི་བློ་སྦྱོང་བདུན་དང་། དེ་ནས་ཚིག་གསུམ་གནད་རྡེག དེ་རྗེས་གཞུང་དངོས་ཁྲིད་ན་ཡག་པོ་ཡོད་པ་རེད། ཚིག་གསུམ་གནད་རྡེག་གི་སྒོ་ནས་ལྟ་སྒོམ་སྤྱོད་གསུམ་རོབ་ཙམ་ངོས་མ་ཟིན་ན། ཡེ་ཤེས་བླ་མའི་ཟབ་དོན་ངོ་འཕྲོད་རྒྱུ་དཀའ་མོ་རེད། ཚིག་གསུམ་གནད་རྡེག་ཤིན་ཏུ་གལ་ཆེན་པོ་རེད། དེ་ཡག་པོ་ཞིག་ངོ་འཕྲོད་སོང་ན། ནང་བའི་ལྟ་སྤྱོད་མཐའ་དག་དེའི་ངང་དུ་འུབ་ཀྱིས་འདུ་གི་རེད། སྤྱིར་རྫོགས་ཆེན་གྱི་ལྟ་བ་ཞེས་པ་དེ་རི་རབ་ཀྱི་རྩེ་ནས་གཤམ་ལ་བལྟ་བ་ལྟ་བུ་རེད། ལྟ་སྤྱོད་གཞན་རྣམས་ནི་དེའི་མངའ་འོག་གི་རྣམ་འགྱུར་ཙམ་ཡིན་པ་ངང་གིས་རྟོགས་རྒྱུ་ཡོད་གསུངས་ཤིང་། ཀུན་མཁྱེན་ཀློང་ཆེན་པའི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ལས་སྔ་མ་དྲུག་དང་། བདུན་པའི་ནང་ཚན་བདེ་སྟོང་རྣམ་པར་མི་རྟོག་པ་ལ་བློ་སྦྱོང་ཚུལ་གྱི་བར་ཁྲིད། སྐབས་དེར་བླ་མས། བདེ་སྟོང་རླུང་སྦྱོར་འདི་རྩོལ་མེད་ཡིན་པས་སྣ་ནས་དབུགས་འགྲོ་འོང་ཅི་བདེར་བྱས་ན་ཆོག རྩོལ་བཅས་ལྟར་རླུང་གི་ཁུགས་པ་བརྩི་མི་དགོས། རླུང་ལོག་ན་ན་ཚ་འབྱུང་བས་རླུང་ལྟེ་འོག་ཏུ་འཛིན་ཐུབ་པ་དགོས། འགྲོ་ལུགས་ཉིན་རེར་ཐུན་བཞི་ཡིན་ཡང་། གོ་སྐབས་ནམ་ལྡན་ལ་ཉམས་ལེན་བྱས་ན་ཤིན་ཏུ་ལེགས། བདེ་ཐབས་འདིས་ཤེས་རབ་སྟོང་བ་ཉིད་འཆར་བའི་གྲོགས་བྱེད། ལུས་ཀྱི་སྟོངས་ར་དང་རླུང་སྦྱོར་བྱེད་ཐབས་འདི་སྙན་བརྒྱུད་ལས་ཡོངས་གྲགས་མིན། བཀའ་བརྒྱུད་ལུགས་ལ་འདི་ལ་བར་རླུང་ཞེས་འབོད། ཅེས་གསུངས་ཤིང་། གཟིམས་ཐུལ་ཁ་ཕྱེ་ནས་འདི་ལྟ་བུ་དགོས། ཞེས་ཕྱི་ལ་དབུགས་ལྒང་ལྟར་འབུར་བའི་ཁོང་གི་ལྟོ་བ་དེ་བཞིན་གུས་པར་ཡིད་ཙམ་རིང་བསྟན། ཆུ་ཚོད་བརྒྱད་ཡས་མས་སུ་བསྔོ་བ་དང་འབྲེལ་ནས་དེ་ཉིན་གྱི་ཆོས་ཁྲིད་མཚམས་བཞག་སྟེ། བོད་པས་བྲིས་པའི་ལམ་རིམ་ཀྱི་ཐོག་མ་མཉམ་མེད་དྭགས་པོ་པའི་ལམ་རིམ་ཐར་རྒྱན་རེད། ལམ་རིམ་བློ་སྦྱོང་ཕྱི་མ་ཕལ་ཆེར་ཐར་རྒྱན་གྱི་བསྐྱེད་འབྲས་ཡིན་ཞེས་བཤད་ན་ཕལ་ཆེར་འགྲིགས་པ་ཞིག་རེད། ཀློང་ཆེན་པའི་སྔོན་འགྲོ་འདི་ལམ་གྱི་རིམ་པའི་སྙིང་བོ་ཚིག་ཉུང་དོན་འདུས་བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེན་པོ་རེད། འདིའི་ཐོག་རྒྱུན་དུ་བློ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ད་ཁྱོད་ཀྱིས་ཉིན་ཤས་རིང་བདེ་སྟོང་མི་རྟོག་པ་ལ་བློ་སྦྱོང་གྱིས། ང་ལ་ཕྱི་དྲོའི་ཁ་ཏོན་དགེ་སྦྱོར་ཕྲན་བུ་ཞིག་ཡོད་སྟབས། ཆོས་ཁྲིད་ཀྱི་དུས་ཚོད་འདི་ཅུང་ཕྱིས་དྲགས་འདུག ཞེས་གསུངས་བྱུང་། དེར་བརྟེན་གུས་པ་འཆར་ཅན་གཟའ་མིག་དམར་ལ་སྔ་དྲོ་ཆུ་ཚོད་དགུ་བ་ནས་བཅུ་གཉིས་བར་དང་། ཕྱི་དྲོའི་ཆུ་ཚོད་ལྔ་བ་ནས་དགུ་བ་བར་ལས་ཀར་འགྲོ་དགོས་པས། བར་སྟོང་དེར་ཆོས་ཁྲིད་གནང་རྒྱུ་བྱས། ང་ལ་མཚོན་ན་ལམ་རིམ་ཁྲིད་ཆེན་ཕལ་ཆེར་དང་། ལྷག་པར་ཀུན་བཟང་བླ་མའི་ཞལ་ལུང་གི་བཀའ་ཁྲིད་དང་བློ་སྦྱོང་ཅུང་ཟད་ཅིག་ཡོད་པས། དོན་ཁྲིད་བདུན་གྱི་སྔ་མ་དྲུག་ལ་བློང་སྦྱོང་རྒྱུར་དཀའ་ཁག་ཅིའང་མེད་ནའང་། བློ་སྦྱོང་བདུན་པ་དེ་བཞིན་དམིགས་རྣམ་སྐྱོང་ཚུལ་ཁྱད་པར་ཞིག་ཏུ་ཚོར་བས། བློ་སྦྱོང་སྔ་མ་རྣམས་དཔྱད་འཇོག་སྤེལ་མ་དང་། ཕྱི་མ་འཇོག་སྒོམ་གྱི་ཐོག་ནས་ཉམས་ལེན་བྱས་པ་ཡིན། ཐོག་མར་ཨ་ཡིག་སྙིང་ནང་ལས། དབུ་མའི་ནང་འཆར་དཀའ་བ་དང་། ལུས་ཀྱི་ཕྱི་ནང་གང་སར་ཤོར་འགྲོ་བ་ཞིག་བྱུང་ཀྱང་། རིམ་པས་ཅུང་ཡག་ཏུ་ཕྱིན། ཉིན་དེ་དག་གི་རིང་ཕྲན་གྱི་དྲན་ཤེས་ཅུང་བརྟན་དུ་ཕྱིན་པ་དང་། ཉོན་མོངས་པའི་སེམས་པ་འཕང་དམའ་རུ་སོང་བ་ལྟ་བུ་དགེ་སྦྱོར་གྱི་ངོ་བོ་ཅུང་ཟད་ཅིག་འཕེལ་བཞིན་པར་དོ་སྣང་བྱུང་། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཀྱི་ཉིན་གུང་ཆུ་ཚོད་དང་པོའི་ཐོག་སླར་ཡང་ཆོས་ཁྲིད་ཀྱི་དབུ་བརྩམས། བླ་མས་ཁྱོད་ཀྱི་བློ་སྦྱོང་ཅི་འདྲ་བྱུང་ངམ། ཞེས་དྲིས་བྱུང་། གུས་པས་བདེ་སྟོང་མི་རྟོག་པ་ལ་བློ་སྦྱོང་སྐབས། དམིགས་གཏད་ཀྱི་ཡུལ་ལུས་ཀྱི་ཕྱི་ནང་གར་སར་ཤོར་འགྲོ་བ་ལྟ་བུའི་དཀའ་ངལ་བྱུང་། ཞེས་ཞུས་པར། དེ་ཉམས་རེད། ག་ལེར་ཡག་པོར་ཆགས་ངེས་ཡིན། སྤྱིར་ཁྲིད་ལ་སྨིན་ཁྲིད་དང་། བཤད་ཁྲིད་གཉིས་ཡོད་པ་རེད། སྨིན་ཁྲིད་ནི་སློབ་མའི་རྒྱུད་སྨིན་རིམ་བཞིན་ཁྲིད་གདབ་པ་ནི་སྨིན་ཁྲིད་རེད། བཤད་ཁྲིད་ནི་དཀྱུས་མའི་དཔེ་ཁྲིད་རེད། དངོས་གནས་བྱས་ན་གཞུང་འདི་ལྟ་བུ་སྨིན་ཁྲིད་ཀྱི་ཐོག་ནས་འགྲོ་དགོས་པ་རེད་ཅེས་གསུངས། གསལ་སྟོང་མི་རྟོག་པ་ལ་བློ་སྦྱོང་སྐབས། རླུང་རོ་བསལ་སྟངས་འགའ་ཞིག་གསལ་བོར་བསྟན་ནས་ཁྲིད་གནང་། བློ་སྦྱོང་འདིར་སྟེང་འོག་གི་རླུང་གཉིས་ཁ་སྦྱོར་གྱི་ཚུལ་དུ་ལྟེ་འོག་འཛིན་དགོས་པ་རེད། རླུང་སྦྱོར་འདི་རྩོལ་བཅས་ཡིན་པས་རླུང་གི་ཁུགས་པ་བརྩི་དགོས་ཤིང་། ཁུགས་པ་རེར་དུས་ཡུན་སྐར་མ་གཉིས་ཡིན། ཞེས་གསུངས་ཏེ་སྲོལ་རྒྱུན་ཁུགས་པ་བརྩི་སྟངས་ཕྱག་རྒྱ་བཅས་བསྟན། དེང་སང་ཆུ་ཚོད་ཡོད་པས་ཆུ་ཚོད་བེད་སྤྱོད་བཏང་ནའང་འགྲིགས་པ་དང་། འདིས་གསལ་སྟོང་སྐྱེ་བའི་གྲོགས་བྱེད། སྤྱིར་ནྰ་རོ་ཆོས་དྲུག་ལྟ་བུ་ནི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་སེམས་ཀྱི་ཆོས་ཉིད་འཚོལ་བས་རྩོལ་བཅས་དང་། རྫོགས་ཆེན་ནི་སེམས་ལ་གནད་དུ་བསྣུན་ནས་རིག་ངོ་འཚོལ་བས་རྩོལ་མེད་ཀྱི་ཁྱད་པར་ཡོད་གསུངས། རྣམ་པར་མི་རྟོག་པའི་བློ་སྦྱོང་སྐབས་གཙོ་བོ་དམིགས་གཏད་མེད་པའི་ངང་ནས་སེམས་ལྷོད་དེ་འཇོག་པ་ཡིན་གསུངས། ངེད་བླ་སློབ་གཉིས་ཆས་གསལ་སྟོང་མི་རྟོག་པའི་བློ་སྦྱོང་རྒྱུན་རིང་བོར་བྱས། ཉིན་དེར་ཕྲན་གྱིས་དྲི་བ་འགའ་ཞིག་ཕུལ་བར་ལན་དུ། མི་རྟག་སེམས་སྦྱོང་སྐབས་བློ་སྣ་ཐུང་དུ་འགྲོ་བ་ཞེས་པ་ནི་འདིར་སྣང་ལ་ཞེན་ཆགས་ཆུང་དུ་སོང་བའི་དོན། འཕྲལ་ཕུགས་ཀྱི་བདེ་བར་སེམས་སྦྱོང་སྐབས། འཁོར་བ་མཐོ་དམན་ཟོ་ཆུའི་འཁྱུད་མོ་དང་འདྲ་ཚུལ་ནི། ཆུ་གྱེན་ལ་འདྲེན་བྱེད་ཀྱི་འཁོར་ལོས་ཆུ་འདྲེན་སྐབས། ཆུ་འདྲེན་འཁོར་ལོ་བརྒྱུད་ཆུ་གྱེན་དུ་བཏེགས་ཏེ་མཐོ་སར་སླེབས་རྗེས་མར་དམའ་སར་བབ་ནས་ཆུ་འདྲེན་པ་བཞིན། སེམས་ཅན་རྣམས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འཁོར་བར་འཁོར་ཚུལ་གྱི་དོན། ཁུ་ནུ་བླ་མ་རིན་པོ་ཆེས་གསུང་ཆོས་གནང་སྐབས། ཐོག་མར་བསྟན་པ་སྤྱིའི་བབ་དང་། དེ་ནས་སྐབས་བབ་ཀྱི་གཞུང་དངོས་ཁྲིད་པའི་སྲོལ་ཡོད་འདུག རྩ་བའི་བླ་མ་ཞེས་པའི་དོན་ནི། གྲུབ་མཐའ་གཞན་གྱི་ལུགས་ལ་དབང་བསྐུར། རྒྱུད་བཤད། མན་ངག་གནང་མཁན་ལ་རྩ་བའི་བླ་མ་ཞེས་བརྗོད་ཀྱང་། བཀའ་རྙིང་གི་ལུགས་ལ་རང་ཉིད་ལ་སེམས་ཉིད་ཀྱི་རིག་པ་ངོ་སྤྲོད་མཁན་ལ་རྩ་བའི་བླ་མ་ཞེས་འབོད། ཅེས་གསུངས་ཏེ་དེ་ཉིན་ཆོས་ཁྲིད་བསྔོ་བའི་མཚམས་སྦྱོར་གྱིས་མཇུག་བསྡུས། དེ་ནས་ཕྲན་ཕྱིར་ལས་ཁུངས་སུ་སོང་སྟེ། འཆར་ཅན་ལས་ཀའི་མགོ་ཚུགས། དེ་ནུབ་ལས་བྲེལ་ཆེར་མེད་པས་བློ་སྦྱོང་བདུན་དང་། ཚིག་གསུམ་གནད་རྡེག ནྰ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་བསྡུས་པ་བཅས་དཔེ་གཟུགས་སུ་པར་ལོག་བརྒྱབ་སྟེ་ཁ་ཏོན་གྱི་གྲས་སུ་བཞུགས་སུ་གསོལ། ལས་སྟེགས་མཐོན་པོ་དེའི་སྒང་ག་ལེར་བསྡད་རྗེས། སེམས་རྣལ་དུ་ཕབ་སྟེ་སྙིང་ཐིག་སྔོན་འགྲོ་ལྟར། བློ་ལྡོག་རྣམ་བཞི་ནས་བླ་མའི་རྣལ་འབྱོར་བར་ཤར་སྒོམ་ཅི་ཤེས་ཤིག་བྱས། རྡོར་སེམས་སྒོམ་བཟླས་དང་། ཟབ་མོ་གཅོད་ཀྱི་རྣལ་འབྱོར། བླ་རྣམ་བཅས་ཀྱི་སྐབས། རང་ཉིད་སྡིག་ཅན་ཐ་མལ་བའི་གནས་སྟངས་ཤིག་གི་འོག་བླ་མ་རྡོར་སེམས་ཀྱིས་རང་གི་ཉེས་པ་སྦྱངས་རྗེས། རང་ཉིད་ཀྱང་ཁོང་དང་གནས་ལུས་ལོངས་སྤྱོད་མཉམ་པའི་སྐལ་བ་ཅན་དུ་གྱུར་པ་དང་། ཀུ་སུ་ལུའི་ཚོགས་གསོག་སྐབས། རང་གི་རྣམ་ཤེས་ཕྱི་ལ་ཐོན། དེ་སྐད་ཅིག་གིས་ཁྲོས་ནག་ཕྱི་བོ་ཕག་ཞལ་གྱིས་བརྒྱན་པ། གྲི་གུག་རྣོན་པོ་དེ་གནས་ལ་འཕྱར་ནས་ལུས་ཕུང་རྙིང་བའི་ཐོད་པ་བྲེག་པ་སྟོང་གསུམ་འཇིག་རྟེན་ཤོང་བའི་སྣོད་དུ་གྱུར། མི་མགོའི་སྒྱེད་པུ་རི་རབ་ཙམ་པ་གསུམ་གྱི་སྟེ་བཞག་སྟེ། ཤ་རུས་དུམ་པུར་བཅད་ནས་ནང་དུ་བླུག ཁྲག་གི་ཡུར་ཆུ་ལྷུང་ལྷུང་བབ། འོག་ནས་ཨ་ལས་བྱུང་བའི་བསྐལ་བ་འཇིག་པའི་མེ་ཆེར་འབར། སྟེང་ནས་ཧམ་ལས་བྱུང་བའི་བདུད་རྩི་བབ། འབྲུ་གསུམ་གྱི་ནུས་པས་དཀྲུག་དཀྲུག་བཏང་སྟེ། འདོད་ཡོན་ལྔའི་ལོངས་སྤྱོད་ནམ་མཁའ་མཛོད་དུ་གྱུར་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་ཚོགས་རྣམས་ཚིམས་ཤིང་དགའ་ནས། བདག་གི་སྡིག་པ་དག་ནས་ལུས་ཐོག་རེག་བྲལ་བ་འཇའ་ཚོན་གྱི་ཐིག་ལེ། ངག་འཇམ་རྩུབ་བྲལ་བ་གྲགས་སྟོང་གི་རང་བཞིན། སེམས་གསལ་སྒྲིབ་མེད་པ་ཡེ་ཤེས་ཀྱི་ངོ་བོར་གནས་འགྱུར། ཡང་། རང་གི་ལུས་པོ་འདི་ཉིད་སྐད་ཅིག་གིས་མཁའ་སྤྱོད་བདེ་ཆེན་དབང་མོར་གནས་འགྱུར། རྩ་བའི་བླ་མ་གུ་རུ་རིན་པོ་ཆེ་ལས། དབང་བཞི་བླངས་པས་རང་ཉིད་ཀྱང་གུ་རུའི་ཐིག་ཀར་ཐིམ་ནས། སློབ་དཔོན་ཉིད་དང་སྐལ་བ་མཉམ་པའི་སངས་རྒྱུས་སུ་གྱུར་ཚུལ་སོགས། མདོར་ན་བློ་སྦྱོང་ཉམས་ལེན་འདི་དག་ཐ་མལ་བའི་སྣང་ངོར་གཟུགས་ཅན་བཞིན་དུ་གྲུབ་སྟེ། མཐོང་ཐུབ་པ་ཞིག་སྲིད་པའི་དབང་དུ་བཏང་ན་མི་འདི་དག་གིས་ཅི་ཞིག་བསམ་སྲིད་དམ། མི་འདི་དག་གིས་ང་བདུད་ཅིག་གམ། ཡང་ན་ལྷ་ཞིག ཡང་ན་སྨྱོན་པ་ཞིག ཡང་ན་རྫུ་འཕྲུལ་ཅན་སོགས། ཅི་འདྲ་ཞིག་ཏུ་ཚོར་སྲིད་དམ། མ་གཞི་ང་བོད་མཐོ་སྒང་གི་རྟ་རྫི་ཞིག་ནུབ་ཕྱོགས་ཀྱི་ཡུལ་འདིར་ཡོང་ནས་སྒོམ་ཉམས་ལེན་འདི་འདྲ་ཞིག་བྱེད་དགོས་པའི་རྒྱུ་རྐྱེན་གང་ཞིག་ལ་ཐུག་གམ། ངའི་སེམས་ལ་ཚོར་འདུ་སྣ་ཚོགས་གློག་ལྟར་འཁྱུགས་ཀྱང་། རྣམ་པར་མི་རྟོག་པའི་ཐོག་བློ་སྦྱོང་བྱེད་ཅི་ཐུབ་བྱས། སྤྱི་ཟླ་གསུམ་པའི་ཚེས་གཅིག་ཉིན། བློ་སྦྱོང་བདུན་དང་། ཚིག་གསུམ་གནད་རྡེག་གི་ལུང་ཞིག་གསུངས་རྗེས་ཁྲིད་མགོ་བརྩམས། ཁྲིད་དངོས་གཞིའི་སྐབས འཇིགས་མེད་གླིང་བའི་མཚན་ལ་མཁྱེན་བརྩེའི་འོད་ཟེར། ཚེ་གཅིག་སངས་རྒྱས་ལ་ཐང་མེད་ཅེས་པའི་དོན་ནི། ཡར་ལ་དང་མར་ཐང་དུ་འབབ་པ་ལྟ་བུ་མི་དགོས་པའི་དོན། ཧད་དེ་བ་ཞེས་པ་ནི། ལྟ་བ་མཐོང་བའི་ཚད། དཔལ་སྤྲུལ་ལ་གཞུང་སྔ་ཕྱིའི་འགྲེལ་བ་གཉིས་བཞུགས་པ་ལས། གཞུང་ཕལ་ཆེར་དང་བོ་རྩ་བ་དང་། དེ་ནས་འགྲེལ་བཤད་ལ་འཇུག་པ་ཡིན་མོད། འདིར་ནི་དམིགས་བསལ་གཞུང་འགྲེལ་ཐོག་མ། རྩ་བ་མཐའ་མར་བཀོད་པ་རེད་ཅེས་དང་། སྔོན་འགྲོའི་ལམ་རིམ་བཀའ་གསར་རྙིང་ཚང་མ་ལ་ཡོད་པ་རེད། ཀུན་བཟང་བླ་མའི་ཞལ་ལུང་ལ་ལུས་སྦྱིན་དང་། འཕོ་བ། རྡོར་སེམས། བླ་མའི་རྣལ་འབྱོར་རྣམས་ཁྱད་པར་གྱི་ཆོས་ཡིན། དངོས་གཞི་ཚིག་གསུམ་གནད་རྡེག་ཡིན་ལ། བླ་མ་ཡང་ཏིག་དང་། ཡེ་ཤེས་བླ་མ་བཅས་ལ་ཚེ་འདི་དང་བར་དོ་འཆི་བ་གསུམ་གྱི་གདམས་པ་ཡོད། འདི་རུ་ཚེ་འདིར་སངས་རྒྱས་པའི་གདམས་པ་གཙོར་འདོན་བྱས་ཡོད། སྔ་འགྱུར་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། མན་ངག་སྡེ་ལ། རྒྱུད་དང་གདམས་ངག་གཉིས་ལས། ཀུན་བཟང་ཐུགས་ཀྱི་མེ་ལོང་དང་། རྡོར་སེམས་ཐུགས་ཀྱི་མེ་ལོང་། སྒྲ་རྩ་བའི་ཐལ་འགྱུར་བཅས་ཀྱི་གོ་དོན་རྟོགས་སླ་བ་མན་ངག་གི་ཚུལ་དུ་ཚིག་གསུམ་གནད་རྡེག་འདི་རྫ་དཔལ་སྤྲུལ་གྱིས་གསུངས་པ་རེད། ལྟ་བ་ངོས་འཛིན་སྐོར་ཁྲིད་གནང་། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཡིན། སེམས་བསྐྱེད་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡིན། དེའི་ཕན་ཡོན་མཚོན་དཔེ་བརྒྱ་དང་སུམ་ཅུ་སྡོང་པོ་བཀོད་པའི་མདོ་སོགས་ན་གསུངས་ཡོད། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། རྟོགས་པ་མཆོག་ལྡན་གྱི་བླ་མའི་བྱིན་རླབས་ཉག་ཅིག་ལས། ཐབས་ཤེས་གཞན་གང་གིས་ཀྱང་རྟོགས་སུ་མེད། སེམས་ཀྱི་བྱུང་གནས་འགྲོ་གསུམ་གྱི་ལུང་ཁུངས་རྒྱུད་དང་། རིགས་པ་གནས་ལུགས་ལ་ལ་གཏུགས་དགོས་པ་རེད། སེམས་ཞེས་པ་མི་ཤར་དགུ་ཤར་དེ་རེད། རྫོགས་ཆེན་ཁྱད་ཆོས་སེམས་རིག་ཤན་འབྱེད་དགོས། མི་ཚོས་སེམས་ཡོད་བསམ་གྱི་རེད། མ་བརྟགས་ཉམས་དགའི་དབང་དུ་ཡོད་ཀྱང་། རྫོགས་ཆེན་པས་མེད་ཟེར་བ་རེད། དང་པོ་བྱུང་བ་སོགས་བརྟག་པས་མེད་པར་འགག འོ་ན་སེམས་དེ་འགག་པ་ལས་བྱུང་སྙམ་ན་བྱུང་མེད་དུ་ཐལ། མ་འགག་པ་ལས་བྱུང་ན་རྒྱུ་འབྲས་དུས་མཉམ་པར་ཐལ་བ་སོགས་ཀྱི་སྐྱོན་འབྱུང་། སེམས་དང་རིག་པའི་བརྡར་ཤ་གཅོད་དགོས། བྱུང་གནས་འགྲོ་གསུམ་བརྟག་པ་ཙམ་གྱིས་སེམས་ངོ་འཕྲོད་དཀའ་བས། གཙོ་བོ་སེམས་ཀྱི་ཡལ་ས་ངོས་ཟིན་དགོས། སེམས་ལས་འདས་པའི་ཡེ་ཤེས་ཤིག་ཡོད་པ་ངོ་འཕྲོད་རྒྱུ་གནད་འགག་རེད། མན་ངག་སྡེ་ལ་ཁྲེག་ཆོད་དང་ཐོད་བརྒལ་གཉིས་པོར་གཙོར་འདོན་གྱི་ཁྱད་པར་ལས། ཡོན་ཏན་ལྔ་དང་བདུན་སོགས་གསུང་ཡོད། ཅེས་སོགས་གསུངས། སྐབས་དེར་ངོ་མཚར་བ་ཞིག་བྱུང་བ་ནི། བླ་མའི་མཆོད་ཁྲིའི་ནང་ཞིག་ནས། ཌཱ་མ་རིའི་སྒྲ་ཐག་རིང་ཞིག་ནས་གྲགས་པ་ཐག་ཉེར་སླེབས་རྗེས། སླར་ཡང་ཐག་རིང་ཞིག་ཏུ་ཡལ་འགྲོ་བ་དེ་རེད། ངས་མཆོད་སྟེགས་ཀྱི་ངོས་སུ་ཡང་ཡང་བལྟས་ཀྱང་། གང་ཞིག་ནས་གྲགས་ཀྱི་ཡོད་མེད་ངོས་མ་ཟིན། ཕར་བལྟས་ཚོད་ཅིག་ལ་རྗེ་བཙུན་མི་ལ་དང་། རྡོ་རྗེ་རྣལ་འབྱོར་མའི་སྐུ་འདྲ་ཞིག་ཡོད་པ་དེའི་བར་སེང་ཞིག་ནས་གྲགས་ཡོང་གི་ཡོད་སྣང་འཆར། དེ་ནས་བཟུང་ཁྲིད་མགོ་ནམ་བཟུང་ལ་སྒྲ་དེ་རྒྱུན་པར་གྲགས་ཀྱིན་འདུག ངས་རིན་པོར་ཆེར་ཞུས་པས། ཆོས་འདི་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་རྟགས་རེད། སྔགས་རྙིང་མའི་ཕ་ཆོས་འདི་ཚོར་འགྲན་ཟླ་ཞིག་ཡོད་པ་མ་རེད། ཅེས་གསུངས་ནས་སྤྱན་གཉིས་ནམ་མཁར་གྱེར་གྱིས་གཟིགས་ནས་ཡིད་ཙམ་བཞུགས། བསྔོ་བས་མཚམས་སྦྱར་ཏེ་དེ་ཉིན་གྱི་ཆོས་ཁྲིད་རེ་ཞིག་མཇུག་གྲུབ། སྒོམ་པ་ཉམས་ལེན་གྱི་སྐབས། ཆོས་ཐམས་ཅད་སྔར་ངོ་སྤྲད་པའི་ལྟ་བའི་རང་མདངས་སུ་སེམས་ཀྱིས་བཅོས་སླད་མེད་པར་རང་སོར་འཇོག་དགོས། རིག་པའི་རྒྱུན་ཆུ་བོ་ལྟ་བུ་རྒྱུན་ཆད་པ་མེད་པས་དེའི་ངང་དུ་ཐུན་དང་ཐུན་མཚམས། ཞི་གནས་ལྷག་མཐོང་ཞེས་སོ་སོར་འབྱེད་དུ་མེད་པའི་ཡིན་ལུགས་དེའི་ངང་རང་བབས་སུ་འཇོག་དགོས། རིག་པའི་གནས་ཚུལ་ངོ་མ་འཕྲོད་པའི་རིགས་ལ་ལྟ་ཚུལ་འདི་ཅུང་གོ་བརྡ་འཕྲོད་དཀའ་བ་ཡིན། ཁུ་ནུ་བླ་མས་དུས་ཀུན་མ་གཡེངས་རང་བབས་སུ་འཇོག་པ་ཉམས་ལེན་གྱི་གནད་ཡིན་པར་གསུངས། འོད་གསལ་མ་བུ་ངོ་སྤྲོད་ཅེས་པ་ནི། གཞིའི་འོད་གསལ་ལམ་རིག་པ་དེ་ཉིད་ལམ་གྱི་སྐབས་བླ་མས་མན་ངག་གིས་ངོ་སྤྲད་པ་ཡང་ཡང་ཉམས་སུ་བླངས་པ་ལ་བརྟེན་ནས། གཞིའི་འོད་གསལ་མ་ལྟ་བུར་འདྲེས་སོང་བ་ནི། འོད་གསལ་མ་བུ་མཇལ་སྟངས་གཅིག་དང་། གཞན་ཞིག་ནི་འཆི་སྐབས་སྣང་བ་གསུམ་གྱི་སྡུད་རིམ་སྐབས་བླ་མས་ངོ་སྤྲད་པའི་འོད་གསལ་གྱི་དྲན་པ་ལས་གཞིའི་འོད་གསལ་དང་ངོ་ཤེས་བཞིན་འདྲེས་པ་ནི། འོད་གསལ་མ་བུ་ངོ་འཕྲད་ཚུལ་གཞན་ཞིག་རེད། རིག་རྩལ་སློང་བྱེད་ཀྱི་ནུས་པ་ནི་ཤིན་ཏུ་ཕྲ་བའི་འབྱུང་བ་ཕྲ་མོའི་ཆར་གྱུར་པའི་གཉུག་མའི་རླུང་དེ་ཡིན། དེའང་རྒྱུད་སྡེ་གཞན་ན་ཤིན་ཏུ་ཕྲ་བའི་གཉུག་མའི་རླུང་སེམས་ཞེས་པའི་རླུང་དང་། གཉུག་སེམས་དེ་རིག་པ་ལ་གོ་དགོས་པར་གསུངས། རྣམ་རྟོག་གི་རྒྱུན་གཅོད་སྐབས། ཁྱི་ལ་རྡོས་བརྒྱབ་པ་ལྟ་བུ་མ་ཡིན་པར་སེངྒེ་ལ་མདས་བསྣུད་པ་ལྟ་བུ་དགོས། དོན་ནི་ཁྱི་ཕར་ཆེར་ཞིག་རྡོའི་རྗེས་སུ་འགྲོ་བ་དང་། སེང་གེས་མདའ་རྒྱག་མཁན་ལ་འཕྲལ་དུ་ཐད་རྒོལ་བྱེད་པ་ལྟར། མཉམ་བཞག་སྐབས་རྣམ་རྟོག་འཕྲོས་སྐབས་རྣམ་རྟོག་རྒྱུད་གཅོད་པའམ། བཟོ་བཅོས་གཏོང་བ་ལྟ་བུ་མ་ཡིན་པར་རྣམ་རྟོག་སྐྱེ་མཁན་གྱི་སེམས་ལ་ཚུར་ཕྱོགས་ནས་གནད་དུ་བསྣུན་ཏེ་འགྱུ་བ་རིག་ཐོག་ཏུ་དེངས་པའི་ཐབས་བརྟེན་དགོས་པ་སོགས་གལ་ཆེན་མན་ངག་མང་བོ་གསུངས་པ་གཞན་དུ་འབྲི་རྒྱུ་ཡིན། སྤྱོད་པའི་སྐབས། རྣམ་རྟོག་སྐྱེ་སྐབས་གྲོལ་གནད་མ་ཤེས་པར་སེམས་གནས་ཙམ་སྒོམ་ན་ངལ་གསོའི་སྒོམ་དུ་འགྱུར་བས། དེ་ལ་སྐྱོན་བཞི་ཡོད་པ་བི་མ་སྙིང་ཐིག་ལས་གསུང་ཡོད། དེར་བརྟེན་གྲོལ་གཞིའི་ཡེ་ཤེས་ངོས་ཟིན་པ་ཤིན་ཏུ་གལ་ཆེ། སེམས་ནི་སེམས་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་བདག་ཉིད་ཅན། ཡུལ་ལ་བརྟེན་ནས་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་སྐྱེ་འཇིག་བྱེད་པའི་འདུས་བྱས་ཀྱི་ཆོས་ཤིག་ཡིན། འཁོར་བར་འཁོར་བའི་གཞི་རྩའང་དེ་ཡིན། རིག་པ་ནི་འདུས་མ་བྱས་པའི་ཆོས་ཉིད་སྐྱེ་འཇིག་གནས་གསུམ་དང་བྲལ་བ་ཞིག་ཡིན། དེར་བརྟེན་སེམས་རིག་ཤན་འབྱེད་པ་འདི། རྫོགས་པ་ཆེན་པོའི་གནད་གསང་གལ་ཆེན་པོ་ཞིག་རེད། སེམས་དང་རིག་པ་གཉིས་ལ། ཡུལ་རྗེས་འབྲང་མི་འབྲང་། རང་ངོ་རིག་མ་རིག རྣམ་རྟོག་ཡོད་མེད་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་རྫོགས་ཆེན་གཞུང་སོགས་ལ་ཞིབ་ཏུ་བལྟས་ན་གསལ་བོ་ཡོང་ངེས། གདམས་ངག་གནད་གསུམ་པོ་འདི་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཆེན་པོར་བབ་པའི་རྒྱལ་བ་དགོངས་བརྒྱུད་དང་། ཀུན་མཁྱེན་འཇིགས་མེད་གླིང་པ་ཆེན་པོར་བབ་པའི་རིག་འཛིན་བརྡ་བརྒྱུད། རྩ་བའི་བླ་མར་བརྒྱུད་པའི་སྙན་ཁུང་གི་བརྒྱུད་པ་བཅས། བརྒྱུད་གསུམ་བླ་མའི་བྱིན་རླབས་གྲ་མ་ཉམས་གྲུ་མ་ཞིག་པར་ཚང་བ་རེད། མན་ངག་ཟབ་གསང་འདི་ཚོ་སླ་ཆོས་སུ་མི་སྒོམ་པར་ཆེས་ཤིན་ཏུ་ཐོབ་པར་དཀའ་ཞིང་། ཐོབ་ནས་ཉམས་ལེན་ཡག་པོ་བྱས་ན་ཚེ་འདིར་གྲོལ་ཐུབ་པའི་ཁྱད་ཆོས་ཡོད་པ་ངོ་ཤེས་པའི་འདུ་ཤེས་ཀྱི་སྒོ་ནས། ཚེ་འདི་བློས་བཏང་སྟེ་ཉམས་ལེན་ཧུར་ཐག་བྱེད་ཨེ་ཐུབ་བལྟ་དགོས་པ་རེད། ཁྱོད་སྐལ་བ་བཟང་བོ་རེད། ངའི་ཆོས་བརྒྱུད་འདི་ཤིན་ཏུ་གཙང་མ་རེད། ང་བླ་མ་དང་སློབ་མའི་བར་དམ་ཚིག་སེལ་ཕྲ་མོ་ཙམ་ཡང་ཤོར་ཡོད་པ་མ་རེད། འདི་ལ་བྱིན་རླབས་ཀྱི་ཚན་ཁའི་དྲོད་མ་ཡལ་བར་བཞུགས་པ་རེད། མདོར་ན། ལྟ་བ་རང་ངོ་ལ་བལྟ་བ། སྒོམ་པ་དེ་ཉིད་སྐྱོང་བ། སྤྱོད་པ་ཤར་གྲོལ་དུ་སོང་བ་ཞིག་དགོས་ཞེས་གདམས། ཁྱོད་སྐལ་བ་ཤིན་ཏུ་བཟང་ཞེས་ཡང་ནས་ཡང་དུ་གསུངས། ཚིག་གསུམ་གནད་རྡེག་གི་ཁྲིད་འདི་ནས་མཇུག་གྲུབ་པར་གནང་སོང་། སྐབས་དེ་འདྲ་ཞིག་ཏུ་ང་ལ་རྨི་ལམ་ངོ་མཚར་བ་ཞིག་བྱུང་། ང་ལུང་གསུམ་གྱི་འདུས་མདོ་ཞིག་ཏུ་མི་ཚང་ཞིག་གི་ནང་སླེབས། མི་ཚང་དེའི་ཁང་བ་གནའ་སྔ་མོའི་ལུགས་སུ་བྱས་པ་གྱོན་ཆས་ཁྲབ་རྨོག མི་རྣམས་ཀྱང་བོང་ཚད་སྟོབས་ཆེན་པོ་ཅན་ཞེ་གཅིག་རེད། ཀ་བ་དག་གི་ངོས་སུ་རལ་གྲི་དང་མདའ་མདུང་ཆེན་པོ་མང་བོ་བཀལ་འདུག དེའི་གཡས་ངོས་ཀྱི་རི་ངོས་ནས་སོད་སོད་རྒྱོབས་རྒྱོབས་ཀྱི་སྒྲ་གྲགས་ཤིང་། མེ་དཔུང་དང་དུད་ནག་འཁྲིགས་པའི་ཀློང་ནས་ཁྲབ་རྨོག་འཁོར་གསུམ་ཐོགས་པའི་མི་ཆེན་དག་དང་། ཀེང་རུས་དག་གི་བར་གཡུལ་འཁྲུགས་འཇིགས་སུ་རུང་བ་ཞིག་བྱེད་ཀྱིན་འདུག མདུན་ངོའི་ཀྱི་ལུང་གཤོངས་གཏིང་ཟབ་ཅིང་རྒྱང་ཐག་རིང་བོའི་ཕུག་པ་ནས་སྤྱན་ཆེན་པོ་གཅིག་གི་ནང་མེ་ཆེན་གྱི་འོད་ལྷབ་ལྷིབ་ཏུ་གཡོ་ཞིང་། ཐོས་མ་མྱོང་བའི་སྒྲ་ཆེན་པོ་གྲགས། ངས་དེ་ཅི་ཞིག་ཡིན་ནམ་སྙམ་དུ་གཟབ་ནན་གྱིས་ལྟ་སྐབས། སྤྱན་ཆེན་པོ་དེ་ལས་སེངྒེ་ཁམ་མདོག་སྟོབས་རྩལ་རྫོགས་པ་ཞིག་ངར་སྐད་སྒྲོག་བཞིན་ངའི་སྟེང་དུ་བང་བསྟོད་ནས་ལྡིང་ཡོང་གིན་འདུག སྐབས་དེར་ངའི་སེམས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་སྟབས། ང་དེ་ལ་སྐྲག་ནས་གཟུར་དགོས་དོན་རྩ་ནས་ཡོད་པ་མ་རེད་སྙམ་དུ་གདོང་གཏད་ནས་སྡོད་སྐབས། སེངྒེ་དེས་ངའི་གཟུགས་པོ་ཟང་ཐལ་དུ་བརྟོལ་ནས་ཕྱི་ལ་ཐོལ་གྱིས་སོང་བ་ཞིག་རྨིས། གཉིད་སད་སྐབས་སྙིང་ཡང་ལྷོག་ལྷོག་འཕར་བཞིན་འདུག དུས་དེ་ནི་ཁྲིད་སྔོན་འགྲོ་རྫོགས་ནས་དངོས་གཞི་ཁྲིད་ལ་ཉེ་བའི་དུས་སྐབས་ཤིག་རེད། ངས་བླ་མར་རྨི་ལམ་དེ་སྙན་སེང་ཞུས་པས། རྨི་ལམ་ངོ་མཚར་བ་ཞིག་རེད་འདུག དངོས་གནས་བྱས་ན་ཁྱོད་སེངྒེ་དེས་ཁྱུར་མིད་གཏོང་དགོས་པ་རེད་ཅེས་གསུངས། དེ་ནས་ཁྲིད་ཡིག་ཡེ་ཤེས་བླ་མའི་ཆོས་ཁྲིད་ཀྱི་མགོ་བརྩམས། རིན་པོ་ཆེས་ཆོས་ཁྲིད་དབུ་མ་ཚུགས་པའི་སྔོན་དུ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཆེན་པོ་ལ། སྔགས་རྙིང་མའི་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་བབ་པ་ཀློང་ཆེན་སྙིང་ཐིག་ཏུ་གྱུར་ཚུལ། ཁོང་ནི་སྔགས་རྙིང་མའི་ཀུན་མཁྱེན་རྣམ་གསུམ་གྱི་ཡ་གྱལ་ཞིག་དང་། ཡོངས་གྲགས་བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་ནང་ཚན་ཐེག་པ་ཆེ་ཆུང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་ཤིང་། སྐུ་ཚེ་དེར་གདོད་མའི་མགོན་པོའི་སར་གཤེགས་ཟིན་པ་ཞིག་ཡིན་པ་དང་། ཀུན་མཁྱེན་འཇིགས་མེད་གླིང་པ་ཀུན་མཁྱེན་ཀློང་ཆེན་པ་དང་ཆོ་འབྲང་གཅིག་པའི་རྒྱུད་དུ་སྐུ་འཁྲུངས་ཤིང་། ཀུན་མཁྱེན་ཀློང་ཆེན་པའི་ཡེ་ཤེས་སྒྱུ་མའི་སྐུས་ལན་གསུམ་རྗེས་སུ་བཟུང་སྟེ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུང་གི་གནང་བ་ཆེན་པོ་ཐོབ། དག་པའི་གཟིགས་སྣང་མཐའ་ཡས་པ་བྱུང་བ་དང་། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་རྗེས་བསྐུལ་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་སྤྲད་པས་དགོངས་གཏེར་ནམ་མཁའ་མཛོད་ལ་མངའ་བརྙེས་ཏེ་ཀློང་ཆེན་སྙིང་ཐིག་ཅེས་གྲགས་པ་བྱུང་བ་དང་། འཇིགས་མེད་གླིང་བའི་སློབ་མ་གོང་སྨྱོན་སྦས་པའི་རྣལ་འབྱོར་བའི་སྲས་འབྲི་གུང་སྐྱབས་མགོན་པདྨའི་རྒྱལ་མཚན་ཡིན་པ་དང་། འཇིགས་གླིང་གི་སྲས་འབྲི་གུང་སྐྱབས་མགོན་ཆུང་ཚང་ཆོས་ཀྱི་རྒྱལ་མཚན་ཡིན་ཚུལ། གཏེར་སྟོན་བརྒྱ་རྩའི་ནང་ཚན་འབྲི་གུང་གདན་རབས་བཅུ་བདུན་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ལ་ཀུན་མཁྱེན་ཀློང་ཆེན་པས་ཞལ་གཟིགས་ཚུལ། འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱིས་དམ་ཆོས་དགོངས་པ་ཡངས་ཟབ་ཀྱི་ཆོས་སྐོར་ཕྱོགས་སྒྲིག་མཛད་དེ་སྔ་འགྱུར་གྱི་བསྟན་པ་ལ་བཀའ་དྲིན་ཆེ་ཚུལ། དེའི་སློབ་མ་འཕྲེང་བོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱིས་བཀའ་བརྒྱུད་དང་རྙིང་ཆོས་ལ་ཐུགས་སྦྱོང་གནང་སྟེ་ཁོང་གི་རྒྱུད་པ་ཇི་ལྟར་བཟུང་ཚུལ་ལས་བརྩམས་ཏེ་བཀའ་མོལ་རྒྱུན་རིང་གནང་། དེ་ནས་བཟུང་སྟེ་དུས་ཡུན་ཟླ་བ་གསུམ་ལྷག་གི་རིང་ཀ་དག་ཁྲེག་ཆོད་དང་། ལྷུན་གྲུབ་ཐོད་བརྒལ་གྱི་ལམ་རིམ་པ་གཉིས་ཞལ་ཤེས་མན་ངག་དང་བཅས་སྒེར་ཆོས་སུ་བཀའ་ཁྲིད་གནང་ཞིང་། ཕྱག་ཆེན་གངྒྰ་མ་སོགས་སྤྱི་ཆོས་སུ་བཀའ་ཁྲིད་གནང་བའི་བཀའ་དྲིན་ནི་ས་སྟེང་གསེར་གྱིས་བཀང་ཡང་འཚོབ་ཐབས་མེད་པ་ཞིག་ཡིན། ཆོས་ཁྲིད་དེ་དག་གི་སྐབས་ངོ་མཚར་བའི་རྟགས་མཚན་མང་བོ་ཞིག་བྱུང་མོད་ཀྱི་འདིར་དགག་དགོས་ཀྱི་དབང་གིས་སྨྲ་བར་མི་སྤོབས། བླ་མ་ལམ་མཁྱེན་རྒྱལ་བོ་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་ནས་ད་བར་ཉིན་གྲངས་ཉི་ཤུ་རྩ་བཞི་འདས་ཟིན། སྤྱིར་སྐྱེ་བ་འཆི་བའི་ཆོས་ཅན་དང་། འདུ་བ་འབྲལ་བའི་རང་བཞིན་ཡིན་པར་ཟློག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་ནའང་། རྡོ་བྲག་དགེ་འདུན་ཆོས་འཕེལ་གྱིས། རོ་དང་མཚུངས་པའི་ལུས་པོ་འདི།། ག་དུས་ཤི་ཡང་མི་འགྱོད་དེ།། གསེར་དང་མཚུངས་པའི་རྣམ་དཔྱོད་དག། མཉམ་དུ་ཤི་ན་ཤིན་ཏུ་ཕངས།། ཞེས་གསུངས་མྱོང་བ་ལྟར། ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་དམ་པ་རེ་རེ་སྐུ་ཚེའི་འཕེན་པ་རྫོགས་འགྲོ་དུས། བོད་གངས་ཅན་པའི་དུས་རབས་ཅིག་གི་ཆོས་དང་འཇིག་རྟེན་གྱི་བཙན་རྫོང་བརྟེན་སའི་ཀ་ཆེན་རེ་རེ་འགྱེལ་འགྲོ་བའི་ཚོར་བ་སྐྱེས་ཤིང་། དོན་ལའང་དེ་ལྟར་རེད། བླ་མ་ཁོང་ནི་ཆོས་ཐད་ནས་བཤད་ན་ཐུབ་བསྟན་སྤྱི་དང་། ལྷག་པར་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་རེད། འདོན་རྟ་དབྱངས། རྡུང་ཕྱག་ལེན། ཐིག་རྡུལ་ཚོན། དབང་ལུང་མན་ངག ལོ་རྒྱུས་དང་རྣམ་བཤད། དམངས་ཁྲོད་སྲོལ་རྒྱུན་སོགས་གང་ཅིའི་ཐད་འཐོར་བ་བསྡུས། སྦས་དོན་བཀྲལ། ཆད་པ་ཁ་སྐོང་གནང་སྟེ་བསྟན་པ་ཆགས་འཇིག་ལོ་རྒྱུས་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་ཡིད་ཆེས་འཕེལ་ཆོག་པའི་ཚད་ཐིག་ལྟ་བུར་གྱུར་ཡོད། འཇིག་རྟེན་ཕྱོགས་ནས་བལྟས་ན་ཁོང་རང་བཞིན་གྱི་རྩྭ་མི་ཤིང་མི་དེ་འདྲ་ཞིག་མ་རེད། ཡུལ་ཁམས་ཤིག་གི་བླ་དཔོན་ཞིག་རེད། བླ་དཔོན་མི་རིགས་དང་རིག་གཞུང་ལ་ཁ་མིན་དོན་གྱིས་ཤ་ཚ་མཁན་རེད། དེས་མ་ཚད་བཙན་བྱོལ་བོད་གཞུང་གི་ཞབས་ཕྱི་སྒྲུབ་མྱོང་བའི་གཞུང་ཞབས་ཟུར་བ་ཞིག་ཀྱང་རེད། བླ་མ་ཁོང་གི་ཕྲག་སྒང་ནས་རང་ལམ་མཐོང་མཁན་གནད་ཡོད་མི་སྣ་ཚོས། ཆོས་འཇིག་གང་གི་ཐད་ནས་ཀྱང་ཁོང་སྐུ་གཤེགས་པར་རྗེས་དྲན་སེམས་གསོའི་རྣམ་འགྱུར་ཙམ་ཡང་མི་སྟོན་པ་ནི་ཡ་རབས་ཚུལ་ལྡན་གྱི་འགྲོ་ལུགས་ཤིག་མ་རེད། བློ་ཕམ་པོ་བྱུང་། གུས་པ་འབྲི་གུང་པ་ཞིག་མིན་རུང་ཁོང་གིས་ཆོས་བརྒྱུད་དེར་བཟུང་བའི་བརྩེ་སེམས་དང་། དད་འདུན་མཛད་ཁུར་ཅི་འདྲ་ཞིག་བཞེས་ཡོད་མེད་གསལ་བོར་ཧ་གོ་གི་ཡོད། བླ་མ་ལམ་མཁྱེན་པ་ལྟ་དགོངས་མཐོན་པོ་རེད། ཆོས་པ་མགོ་མཁྲེག་རེད། ཁོང་གནས་ལུགས་དང་རྒྱུ་མཚན་གྱི་རྗེས་སུ་འབྲང་མཁན་ཞིག་ལས། གནས་ལུགས་དང་རྒྱུ་མཚན་རང་ཉིད་ཀྱི་རྗེས་སུ་འབྲང་དགོས་པའི་ཨུ་ཚུགས་པ་ཞིག་མ་རེད། གང་ལྟར་བླ་མ་ཁྱེད་ཕེབས་སོང་། སྐུ་ལ་ཝོ་བརྒྱལ་ཅུང་བཞེས་ཚུལ་བསྟན་མོད། གནད་ལ་ཐུག་དུས་བླ་མ་རྟོགས་ལྡན་དེ་ཚོར་འདྲ་རྒྱུ་ཞིག་མི་འདུག ཁྱེད་མཉམ་བཞག་ནམ་མཁའ་ལྟ་བུའི་ཐུགས་དམ་རྩེ་གཅིག་པའི་ངང་ཕེབས་སོང་། ཁྱེད་དོ་ཧ་རྡོ་རྗེའི་མགུར་གླུ་ལེན་བཞིན་གྲུབ་བརྙེས་བླ་མ་གོང་མ་ཚོའི་ཞབས་རྗེས་བརྒྱུད་ནས་ཕེབས་སོང་། བླ་མ་ལགས། ཁྱེད་ཀྱིས་གུས་པར་གསུངས་པའི་ཆེས་མཐའ་མཇུག་གི་བཀའ་མོལ་དང་། ལེགས་སྐྱེས། ད་དུང་ཟབ་ཅིང་བརླིང་བའི་མགུར་གླུ་རིང་མོ་འདི་ངས་ནམ་ཡང་སེམས་ནས་བརྗེད་མི་སྲིད། བླ་མ་ལགས། བཀའ་དྲིན་ཆེ། བླ་མས་ཁོ་བོར་བཞེངས་བའི་ཐ་མའི་མགུར་གླུ།
རྗེ་བླ་མ་ཁུ་ནུའི་མཚན་ཅན་དེ།།
སྐད་ཅིག་ཡིད་ལ་དྲན་པའི་ངོ་།།
ལུས་འབྱུང་བཞིའི་འཁྲུལ་བ་རང་སར་ཡལ།།
སེམས་ཉིད་མ་དང་ལྷན་ཅིག་མཇལ།།
རྗེ་བླ་མ་དྲན་པའི་སྐད་ཅིག་ལ།།
ཡིད་མོས་གུས་གདུང་བས་གསོལ་བ་བཏབ།།
དུས་སྐད་ཅིག་འབྲལ་བ་མེད་པ་རུ།།
རྟོགས་གྲོལ་དུས་མཉམ་དུ་སྐལ་མེད་ཀྱང་།།
རང་ངོ་ཤེས་ཙམ་གྱི་ངེས་ཤེས་ཐོབ།།
ཕ་བླ་མའི་མོས་གུས་ཀྱི་རྟ་ལ་དྲངས།།
བདེ་ཆེན་ཐང་དུ་ཁ་ཡན་ལྷོད།།
དེ་ཨེ་མ་ངོ་མཚར་མི་ཆེའམ།།
ང་རང་བྱུང་རིག་པའི་ཁྱེའུ་ཆུང་དེ།།
སེམས་ཉིད་ཡེ་ཤེས་ཀྱི་རྟ་ལ་དྲངས།།
ཆོས་ཉིད་གཉུག་མའི་ཐང་དུ་གློད།།
དེ་ཨེ་མ་ངོ་མཚར་མི་ཆེའམ།།
ང་ཀློང་ཆེན་ཆེན་པོའི་བུ་རྒྱུད་ཡིན།།
སེངྒེ་དཀར་མོའི་བུ་རྒྱུད་ཡིན།།
རྗེ་བཙུན་མི་ལའི་སློབ་རྒྱུད་ཡིན།།
དུས་ད་རེའི་འདི་ལས་དགའ་བ་མེད།།
ཆོས་ཉིད་གཉུག་མའི་ཡེ་ཤེས་འདི།།
རང་གསལ་ལྷང་ངེར་གསལ་བཞིན་དུ།།
ཨ་ལ་ལ་འབྲོང་པ་རྒྱལ་བོ་དགའ་བ་ལ།།
ཨ་ལ་ལ་འབྲོང་པ་རྒྱལ་བོ་སྐྱིད་པ་ལ།། ཞེས་གསུངས།། དེ་རིང་ཕྱི་ལ་སྨུག་སྤྲིན་འཐིབས་ཤིང་ཆར་བ་འབབ། ནང་གི་ཁམས་དུབ་ཅིང་རྨེང་སེམས་ཤིག་གི་ངང་ཡིད་ལ་གང་དྲན་ཤར་མར་བྲིས་པས་ཞུ་དག་ཡག་པོ་ཞིག་བྱེད་ལོང་མ་བྱུང་། ནོར་བ་ཡོད་ཚེ་དགོངས་དག་ཞུས་པ་ལགས། 11/7/17
ངོ་མ་ཡག་སོང་བཀྲིན་ཆེ།
སྙན་པོ་བྱུང་སྐྱབས་སུ་མཆི།
“ཁོང་དང་ཁོང་ལྟ་བུའི་སྐྱེས་བུ་དམ་པ་རེ་རེ་སྐུ་ཚེའི་འཕེན་པ་རྫོགས་འགྲོ་དུས། བོད་གངས་ཅན་པའི་དུས་རབས་ཅིག་གི་ཆོས་དང་འཇིག་རྟེན་གྱི་བཙན་རྫོང་བརྟེན་སའི་ཀ་ཆེན་རེ་རེ་འགྱེལ་འགྲོ་བའི་ཚོར་བ་སྐྱེས་ཤིང་། དོན་ལའང་དེ་ལྟར་རེད།”
ཟེར་བ་འདི་ཐུགས་ཤིན་ཏུ་མད། བླ་མའི་ཐུགས་རྒྱུད་ཟིན་པའི་སྨོན་ལམ་ཡོད།
་་་་་་་ སྤྱིར་ནྰ་རོ་ཆོས་དྲུག་ལྟ་བུ་ནི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་སེམས་ཀྱི་ཆོས་ཉིད་འཚོལ་བས་རྩོལ་བཅས་དང་། རྫོགས་ཆེན་ནི་སེམས་ལ་གནད་དུ་བསྣུན་ནས་རིག་ངོ་འཚོལ་བས་རྩོལ་མེད་ཀྱི་ཁྱད་པར་ཡོད་གསུངས། ་་་་་་
་་་་་་་ རྩ་བའི་བླ་མ་ཞེས་པའི་དོན་ནི། གྲུབ་མཐའ་གཞན་གྱི་ལུགས་ལ་དབང་བསྐུར། རྒྱུད་བཤད། མན་ངག་གནང་མཁན་ལ་རྩ་བའི་བླ་མ་ཞེས་བརྗོད་ཀྱང་། བཀའ་རྙིང་གི་ལུགས་ལ་རང་ཉིད་ལ་སེམས་ཉིད་ཀྱི་རིག་པ་ངོ་སྤྲོད་མཁན་ལ་རྩ་བའི་བླ་མ་ཞེས་འབོད། ་་་་་་
༄༅།་རིང་དྲག་ནས་ཚང་མ་ཀློག་ཐུབ་མ་སོང།
དུས་ཚོད་ཀྱང་མི་འདུག་ བཀྲིས་བདེ་ལེགས།
༄༅། གངས་དཀར་པོའི་འོད་ཟེར་ཕོག་འདྲའི་སྐུ།
བྱམས་སྙིང་རྗེའི་རང་གཟུག་སྤྱན་རས་གཟིགས།།
མགོན་ཁྱེད་ནི་ང་ཚོའི་ལྷ་སྐལ་ཡིན།།
ལག་མཇལ་དར་དཀར་པོ་ཁྱེད་ལ་འབུལ།།
༄༅། སྤང་མེ་ཏོག་མཛེས་པའི་སྐྱེ་ཚལ་བཀྲ།།
ཆུ་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ།།
གནས་གངས་ལྗོངས་ལྷ་ཡི་གྲོང་འཁྱེར་དེ།།
བུ་ང་ཚོའི་སྐྱེ་ས་སྐྱེ་ཡུལ་ཡིན།།