རྔ་བ་རྒྱལ་ཁམས་པ།
————–
དད་པ་ཅན་ལ་བྱིན་རླབས་གློག་ལྟར་མྱུར།།
ཤེས་རབ་ཅན་ལ་ཤེས་བྱའི་གསང་བ་སྟོན།།
ལྟ་དགོངས་ཅན་ལ་ཉམས་ལེན་གྲོགས་སུ་བྱོན།།
ཨརྱཱཏ་རེར་འཛིན་མེད་སེམས་ཀྱིས་འདུད།།
སྦྱང་བྱ་སྐྱེ་ཤི་བར་དོ་སྦྱོང་བྱེད་ཐབས།། སྣ་ཚོགས་བློས་བཏགས་སྣང་སྟོང་ལྷ་ཡི་སྐུ།།
རྫོགས་རིམ་སྨིན་བྱེད་བསྐྱེད་པའི་རིམ་པ་སྟེ།། དབྱེ་ན་ཕྲ་རགས་རྟོག་དྲན་རྣལ་འབྱོར་གཉིས།།
རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ།། རིམ་པར་གསལ་བཏབ་གསལ་བར་སྣང་ན་ཡང༌།།
སྐད་ཅིག་ཡུན་ལ་དེ་འཆར་མི་ནུས་པའི།། རྣལ་འབྱོར་ལ་བ་ལ་ལས་དང་བོ་ཞེས་བརྗོད།།
ཡུད་ཙམ་རགས་དཀྱིལ་དུས་གཅིག་གསལ་སྣང་ཡང༌།། ལྷ་ཡི་སྐྱེ་མཆེད་ཕྲ་བའི་ཁྱད་པར་རྣམས།།
སྒོམ་ཚེ་གསལ་སྣང་བརྟན་པོ་མི་འཔྱུང་ན།། ཡེ་ཤེས་ཅུང་ཟད་དབབ་པར་ཤེས་པར་གྱིས།།
དག་ལྷའི་དཀྱིལ་འཁོར་ཕྲ་རགས་མངོན་སུམ་ལྟར།། གསལ་སྣང་བརྟན་པོ་ཐོབ་ནས་ཡེ་ཤེས་ལ།།
རྣལ་དབང་མ་འབྱོར་མ་བ་དག་ཡེ་ཤེས་ལ།། ཅུང་ཟད་དབང་ཐོབ་ཅེས་ནི་མཁས་པས་གསུངས།།
བཅོས་མའི་རྣལ་འབྱོར་བསྐྱེད་རིམ་མཐར་ཕྱིན་ནས།། བཅོམ་མིན་རྣལ་འཔྱོར་རྫོགས་པའི་རིམ་པ་ལ།།
ཐུན་མིན་ནུས་པ་ཐོབ་སྐབས་ཡེ་ཤེས་ལ།། ཡང་དག་དབང་ཐོབ་པར་ནི་ཤེས་པར་པྱ།།
བསྐྱེད་རིམ་ཕྲ་མོའི་རྣལ་འཔྱོར་མཐར་ཕྱིན་ནས།། ལུས་སེམས་ཤིན་སྦྱངས་གྲུབ་པའི་ཞི་གནས་དང༌།།
ལྷ་སྔགས་ཕྱག་མཚན་ཐིག་ལེའི་སྤྲོ་བསྡུ་ལ།། དམིགས་པའི་ལྷག་མཐོང་ཟུང་འབྲེལ་ཁྱད་འཕགས་ཐོབ།།
ཐབས་ཤེས་འཁྲིལ་སྦྱོར་རྩ་ཐིག་རླུང་གསུམ་ལ།། གནད་དུ་སྣུན་ལས་རླུང་སེམས་དབུ་མའི་ནང༌།།
ཞུགས་གནས་ཐིམ་པས་དགའ་བཞིས་སྟོང་བ་གཞིའི།། འོད་གསལ་དྲངས་པ་རྫོགས་རིམ་དབྱེ་ན་ལྔ༌།།
མཉམ་བཞག་ངང་ནས་རླུང་རྣམས་དབུ་མ་རུ།། ཐིམ་ལས་བྱུང་བའི་བདེ་སྟོང་ཡེ་ཤེས་སྐྱོང༌།།
རྗེས་ཐོབ་ཡུལ་སྣང་དག་གསལ་བསྐྱེད་རིམ་ནས།། རྫོགས་རིམ་ལུས་དབེན་ངོ་བོར་འཕོས་པ་ལགས།།
སྡང་འཇུག་གནས་གསུམ་རྩ་རླུང་རྒྱུ་བའི་གདངས།། འབྲུ་གསུམ་རྣམ་ཤར་ནང་གི་རྡོར་བཟླས་ཀྱིས།།
སྙིང་དབུ་མདུད་གློད་རླུང་རྣམས་དགྲ་གཅན་དུ།། ཐིམ་ཚེ་ལུས་དབེན་ངག་དབེན་ངོ་བོར་འཕོས།།
ཕྱི་ནང་རྐྱེན་འཛོམས་སྙིང་མདུད་རྫོགས་པར་གྲོལ།། ཁྱབ་རླུང་ཆ་ཤས་གཅིག་བཅས་རྩ་ལག་རླུང༌།།
མི་ཤིག་ཐིག་ལེར་ཐིམ་ཚེ་ངག་དབེན་ནས།། སེམས་དབེན་རྡོ་རྗེའི་ངོ་བོར་འཕོས་པ་ལགས།།
སེམས་དབེན་ཐོབ་རྗེས་ཕྱི་ནང་ཐབས་གཉིས་དང༌། རིལ་འཛིན་རྗེས་གཞིག་སྡུད་རིམ་བསྒོམས་སྟོབས་ཀྱིས།།
ལུས་ཚིགས་རྣམས་གནས་ཁྱབ་བྱེད་རླུང་གི་ཚོགས།། སྙིང་དབུར་ཐིམ་ཚེ་དཔེ་ཡི་འོད་གསལ་ཟིན།།
འོད་གསལ་དེ་ལས་ལྡང་རྩོམ་ནང་རླུང་གཡོས།། ལུགས་ལྡོག་ཉེར་ཐོབ་གྲུབ་ལྷན་འོད་གསལ་དེའི།།
བཞོན་རླུང་འོད་ལྔས་ཉེར་ལེན་འོད་གསལ་སེམས།། རང་གིས་ལྷན་ཅིག་བྱེད་པས་སྒྱུ་ལུས་གྲུབ།།
མ་དག་སྒྱུ་ལུས་པ་དེས་སྔགས་སྤྱོད་གསུམ།། གང་རུང་ཟླ་དྲུག་སོགས་སུ་སྤྱད་པ་ལས།།
དོན་འོད་གསལ་ཐོབ་ཉེར་ཕྱག་རྒྱ་དང༌།། སྦྱོར་བཞིན་སོར་བསམ་སྡུད་རིམ་བསྒོམས་པ་ལས།།
སྣང་མཆེད་ཐོབ་གསུམ་འོད་གསལ་བཅས་པའི་ཉམས།། འཆར་ཞིང་དེ་ཚེ་འོད་གསལ་ལྷན་སྐྱེས་ཀྱི།།
བདེ་བ་ཆེན་པོས་སྟོང་ཉིད་མངོན་གཟིགས་ཚེ།། རིམ་བཞིའི་དོན་གྱི་འོད་གསལ་ཐོབ་པར་གསུངས།།
དེ་ཚེ་མ་དག་སྒྱུ་ལུས་འགག་པ་དང༌། ཉོན་སྒྲིབ་དངོས་གཉེན་བར་ཆད་མེད་ལམ་དང༌།།
གསང་སྔགས་བླ་མེད་ལུགས་ཀྱི་དང་བོའི་ས།། འཕགས་ལམ་ཐོབ་པ་དུས་མཉམ་ཡིན་བར་བཤད།།
སྒྲས་བརྗོད་དབང་ལས་འོད་གསལ་དཔྱེ་བ་ཡང༌།། ཡུལ་དང་ཡུལ་ཅན་གཉིས་ཡོད་དང་བོ་དང༌།།
སྟོང་ཉིད་དོན་གཅིག་གཉིས་པ་ཆོས་ཉིད་ནི།། དོན་སྤྱིའི་ཚུལ་རྟོགས་མངོན་གཟིགས་དཔེ་དོན་གཉིས།།
སྣང་མཆེད་ཐོབ་གསུམ་གཉིས་སྣང་བག་ཆགས་བཅས།། གཏན་སྤངས་མ་པྱས་འཚང་རྒྱ་མི་ནུས་ཤིང༌།།
སྦྱོང་ཐབས་ལྷན་སྐྱེས་བདེ་བའི་སྟོང་ཉིད་དོན།། མངོན་རྟོགས་བསྒོ་ཕྱིར་བླ་ཐེག་ངེས་འཇུག་དགོས།།
བདེ་སྟོང་བསྒྱུར་བའི་དོན་འོད་མ་བསྒོམས་པར།། ཤེས་སྒྲིབ་རྫོགས་སྤངས་མི་ནུས་ཆོས་ཀྱི་སྐུ།།
ཐོབ་པ་མེད་ཅིང་དོན་གྱི་འོད་གསལ་གྱིས།། སྦྱངས་པའི་རླུང་སེམས་ཙམ་གྱི་སྒྱུ་མའི་སྐུ།།
མ་བསྒྲུབས་གཟུགས་སྐུ་ཐོབ་པར་མི་ནུས་ཕྱིར།། ཐབས་ཤེས་མཉམ་སྦྱོར་དག་རླུང་སེམས་ཙམ་ལས།།
སྒྱུ་སྐུ་སྒྲུབ་པ་ཆོས་གཟུགས་སྐུ་གཉིས་པོ།། རིགས་འདྲའི་རྒྱུ་སྟེ་ངེས་གསང་བླ་མེད་ཀྱི།།
སྙིང་བོ་མཐར་ཐུག་ཡིན་པར་མཁས་པས་གསུངས།། དོན་གྱི་འོད་གསལ་བཞོན་རླུང་འོད་ལྔས་རྒྱུ།།
འོད་གསལ་སེམས་ཉིད་ལྷན་ཅིག་པྱེད་པས་རྐྱེན།། ཉོན་སྒྲུབ་ཟད་སྤངས་དག་པའི་སྒྱུ་མའི་སྐུ།།
ཟུང་འཇུག་རགས་པའི་ལུས་ལས་ལོགས་པ་རུ།། བཞེངས་ཚེ་རིམ་བཞིའི་དོན་གྱི་འོད་གསལ་ནས།།
སློབ་པའི་ཟུང་འཇུག་ངོར་འཕོས་དེ་དང་ལྷན།། དོན་གྱི་འོད་གསལ་དབྱིངས་ལས་ལུགས་ལྡོག་གི།
ཉེར་ཐོབ་གྲུབ་པ་འོད་གསལ་འགགས་པ་དང༌།། རྣམ་གྲོལ་ལམ་ཐོབ་དགྲ་བཅོམ་གྱུར་པ་དང༌།།
ཐེག་ཆེན་སྒོམ་ལམ་དྲི་མེད་ས་གཉིས་པར།། འཕོས་པ་དུས་མཉམ་ཡིན་པར་མཁས་རྣམས་གསུང༌།།
དེ་ཚེ་རྟོགས་པ་ཟུང་འཇུག་མ་ཐོབ་ཀྱང༌།། སྤངས་ཟུང་ཐོབ་ཕྱིར་ཟུང་འཇུག་ཐོབ་པར་ནི།།
འཇོག་གསུངས་རྟོགས་ཟུང་ངོ་བོར་འཕོས་པའི་ཚད།། སྤངས་ཟུང་བ་དེས་སླར་ཡང་སྟོང་ཉིད་ལ།།
མཉམ་བཞག་འོད་གསལ་ལྷན་སྐྱེས་ཡེ་ཤེས་དོན།། མངོན་དུ་གྱུར་ཚེ་སྐུ་དག་སྒྱུ་མའི་སྐུ།།
ཐུགས་དག་དོན་གྱི་འོད་གསལ་སྐུ་ཐུགས་སུ།། དབྱེར་མེད་རོ་གཅིག་རྟོགས་པ་ཟུང་འཇུག་བརྙེས།།
འདོད་ཡོན་སྤྱི་དང་ལྷག་དོན་རིག་མ་ཡི།། འདོད་ཡོན་ཤེས་བཞིན་སྤྱད་པས་བདེ་སྟོང་གི།
ཏིང་འཛིན་ནང་ན་ལྷག་འཕར་ཉམས་ལེན་དེར།། བོགས་འདོན་མྱུར་ཁྱད་ཐབས་ལམ་སྦྱོད་པ་སྟེ།།
དབྱེ་ན་ཤིན་ཏུ་སྤྲོས་མེད་སྤྲོས་བཅས་དང༌།། སྤྲོས་མེད་དང་བཅས་རྣམ་པ་གསུམ་ཡོད་དོ།།
ལས་རྒྱ་འདྲ་འབག་ཆས་གོས་ཡོད་གང་ཞིག། བརྡ་དང་བརྡ་ལན་ལ་སོགས་པྱ་བ་ཡི།།
སྤྲོས་པ་དང་བཅས་སྤྲོས་བཅས་དེ་གང་ཞིང༌།། བརྡ་དང་བརྡ་ལན་ལ་སོགས་པྱ་བ་ཡི།།
སྤྲོས་པ་བྲལ་བ་སྤྲོས་མེད་སྤྱོད་པའི་དོན།། ཕྱི་རོལ་སྤྱོད་པ་ཡོངས་སྤངས་ཡེ་རྒྱ་དང༌།།
སྙོམས་འཇུག་གཉིད་ཀྱི་འོད་གསལ་སྐྱོང་བ་གཉིས།། ཟུང་འབྲེལ་བདེ་སྟོང་གཉིས་མེད་ཡེ་ཤེས་དོན།།
ཆིག་སྒྲིལ་སྒོམ་སྤྱོད་ཤིན་ཏུ་སྤྲོས་མེད་ཀྱི།། མཚན་ཉིད་དེ་གསུམ་ལ་ཡང་བསྐྱེད་རིམ་དང༌།།
རྫོགས་རིམ་སྤྱོད་གཉིས་གསར་ལམ་འཐོབ་ཕྱིར་དང༌།། ཐོབ་ཟིན་བོགས་འཔྱིན་སྤྱོད་གཉིས་སྤྲོས་མེད་ཀྱི།།
སྤྱོད་པ་ལ་ནི་རྒྱས་འབྲིང་བསྡུས་གསུམ་ཡོད།། བླ་མེད་མཐར་འབྲས་མངོན་དུ་པྱེད་ཚུལ་ལ།།
ཟག་ཕུང་འདི་ཉིད་ཐབས་མཁས་སྤྱོད་པ་ཡིས།། ཟད་མཉམ་སངས་རྒྱས་འགྲུབ་པའི་ལམ་སྲོལ་དང༌།།
རྣམ་སྨིན་ཕུང་ཁམས་འདི་ནང་སངས་རྒྱས་ཀྱི།། གོ་འཕང་འགྲུབ་ལུགས་གཉིས་ཡོད་དང་བོ་ནི།།
དུས་འཁོར་ལུགས་ཡིན་ཕྱི་མ་དེ་མ་གཏོགས།། བླ་མེད་རྒྱུད་སྡེ་གཞན་གྱི་ལུགས་ཡིན་ནོ།།
བླ་མེད་ལུགས་ལ་ཚེ་གཅིག་ལུས་གཅིག་འཚང༌།། རྒྱ་ངེས་གང་ཟག་ཡིན་ན་འཛམ་གླིང་གི།
མི་རིགས་ཡིན་པས་ཁྱབ་ཅིང་བར་དོ་རུ།། ལོངས་སྐུའི་ངོ་བོར་སངས་རྒྱས་ཞེས་པ་ཡང༌།།
བར་དོ་གྲུབ་དོད་སྒྱུ་མའི་ལུས་འགྲུབ་ནས།། དེ་ལ་འཚང་རྒྱའི་དོན་ཡིན་རྟེན་དེ་ནི།།
རིགས་དྲུག་གང་གིས་མ་བསྡུས་སྐྱེ་བ་བརྒྱུད།། འཚང་རྒྱ་བ་ལ་ལྷ་མི་གཉིས་ཀ་ཡོད།།
སློབ་པའི་ཟུང་འཇུག་པ་དེས་མཉམ་རྗེས་ཀྱི།། དགེ་སྦྱོར་རྒྱུན་བསྐྱངས་གྲུབ་རྟགས་འཔྱུང་བ་ན།།
ཕྱི་ནང་མངོན་པྱང་གཉིས་ཀྱིས་ཐོ་རངས་དུས།། དོན་གྱི་འོད་གསལ་མངོན་པྱས་འོད་གསལ་དེའི།།
སྐད་ཅིག་དང་གཉིས་གཉེན་པོའི་སྟོབས་དག་གིས།། ཤེས་སྒྲིབ་རྫོགས་སྤངས་མི་སློབ་ཟུང་འཇུག་སྐུར།།
ཁ་སྦྱོར་ཡན་ལག་བདུན་ལྡན་ཆོས་ཀྱི་ཁྲིར།། དབང་བསྒྱུར་འགྲོ་བའི་དོན་ཆེན་པྱེད་ནུས་ཤོག
ཅེས་པ་འདི་བཞིནྋསྐྱབས་རྗེ་ཀིརྟིའི་མཚན་ཞབས་རིན་པོ་ཆེའི་མདུན་ནས། གསང་ཆེན་རྒྱུད་ལུགས་ཀྱི་བཀའ་ཁྲིད་ཞུ་ཁུལ་བྱེད་སྐབས་རང་ཉིད་ཀྱི་བརྗེད་བྱང་ཟིན་བྲིས་སུ་བཏབ་པ་ཞིག་ཡིན། ༡༩༩༧ཟླ༥ཚེས༢༨ལ།
རྔ་བ་རྒྱལ་ཁམས་པ་ལགས།
ངའི་སེམས་ལ་ཁྱེད་ཡེ་ཤུའི་ཆོས་ལུགས་ཉམས་ལེན་པ་ཞིག་རེད་བསམས་བྱུང་། རྒྱུ་མཚན་ནི་ཁྱེད་ཀྱིས་སྔོན་མའི་ནུབ་ཕྱོགས་ཀྱི་དཔེ་ཆ་མང་པོ་ཞིག་གི་ལུང་དྲངས་ཡོང་ཀྱི་འདུག ད་བྱེད་དུས་ང་རང་ནོར་འདུག
ཞར་ལ། གསང་སྔགས་ལ་གསང་བ་བྱེད་དགོས་པའི་བསླབ་བྱ་མང་པོ་ཞིག་འདུག གལ་ཏེ་གསང་བ་གཞན་ལ་བཏོན་ན། སྔགས་ཀྱི་སྡོམ་པ་ཤོར་གྱི་རེད་ཟེར། འདི་བདེན་པ་ཨེ་ཡིན། ཁྱེད་ཀྱིས་འདི་ལ་བྲིས་པའི་ཟིན་བྲིས་དེས་སྔགས་ཀྱི་སྡོམ་པ་ཤོར་རམ།
རྒྱལ་ཁམས་པ་ལགས།
ཁྱོད་ཀྱི་རྩོམ་ཡིག་འདི་ཧ་ཅང་དོན་ཟབ་དྲག་པས་ང་འདྲའི་ཆོས་གཞུང་མི་ཤེས་མཁན་ཚོས་གོ་ཁག་པོ་རེད།
ད་ཅང་མི་བཤད་བུད་ལ་འགྱོག འོ་་་གོ་བདེ་བའི་རྩོམ་ཡིག་རེ་འབྲི་རྒྱུ་བརྗེད་མི་ཉན་ཐུགས་ལ་ཞོག
རྔ་བ་རྒྱལ་ཁམས་པ་ནི་གྲྭ་ཟུར་ཞིག་ཡིན་པ་ཤེས་སོང་།
གསང་སྔགས་གསང་དགོས།
གསང་སྔགས་གསང་ནས་གསུང་དགོས་གསུངས། །
གསང་སྔགས་མོས་ནས་སྒྲུབ་དགོས་གསུངས། །
གསང་སྔགས་གསང་ནས་སྒྲུབ་དགོས་གསུངས།
གསང་སྔགས་གསང་ནས་མྱང་དགོས་གསུངས། །
དམ་ཅན་སྲུང་མར་ཐོལ་ཕྱག་འཚལ། །
བཅོམ་ལྡན་ཐུབ་པའི་གསུངས་ལས། །
གསང་ནས་སྒྲུབ་རྒྱུ་ཡོད་ན། །
ཉལ་ནས་སྒྲུབ་རྒྱུ་ཞིག་ཀྱང་། །
ཡོད་ན་ཅི་འདྲའི་སྐྱིད་པ། །
སྐབས་འདིའི་གསང་བའི་དོན་དེ་ནི། །
གཞན་ལ་འཆད་རྒྱུ་མ་ཡིན་ན། །
གསང་སྔགས་མཁན་པོ་གང་དག་གིས། །
ངལ་བས་མཛད་པ་དོན་རེ་ཆུང་། །
གསང་སྔགས་གསང་ནས་གསུངས་དགོས།
གསང་སྔགས་གསང་ནས་ཉན་དགོས། །
གསང་སྔགས་གསང་ནས་སྒྲུབས་དགོས། །
གསང་སྔགས་གསང་ནས་མྱང་དགོས། །
གསང་སྔགས་གསང་ནས་གསུངས་དགོས། །
གསང་སྔགས་གསང་བ་མཐར་ཐོན་ཤོག །
རྒྱལ་ཁམས་པ་ལགས། གསང་སྔགས་བླ་མེད་ཀྱི་ལྟ་བ་བཤད་ཡོང་དུས། མདོ་ཕྱོགས་དབུ་མ་ཐལ་འགྱུར་བའི་སྟོང་ཉིད་བཤད་སྟངས་དེ་ཡང་མཐར་ཐུག་མིན་པ་ལྟ་བུར་སྣང་བས་དེའི་ཐད་འགྲེལ་བཤད་ཅིག་གནང་རོགས།