སྨན་པ་འབུམ་རམས་པ་འཇིགས་མེད་ཕུན་ཚོགས།
གསོ་ཐབས་ཐེངས་དང་པོ།
དང་པོ། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བཀག་སྡོམ་ངེས་པར་དུ་བྱེད་དགོས་པ་རྩ་དོན་རེད།
གཉིས་པ། མི་ཚོགས་ཀྱི་བྱ་བ་མཚམས་འཇོག་དགོས་པ་ནི་གནད་འགགས་རེད།
གསུམ་པ། མི་དང་མིའི་བར་ལ་མུས་གསུམ་ནས་ལྔའི་བར་ཐག་འཇོག་དགོས་པ་ནི་གོམས་སྲོལ་ཆགས་དགོས་པ་རེད།
བཞི་པ། གཙང་དག་དང་བཀྲུ་བཤལ་རྒྱུན་དུ་བྱེད་རྒྱུ་ནི་ལས་བྱར་འཛིན་དགོས་པ་རེད།
ལྔ་པ། ཕྱིར་འགྲོ་དུས་ཁ་ཐུམ་དང་ལག་ཤུབས་མིག་ཤེལ་གསུམ་གྱོན་དགོས་པ་རེད།
དྲུག་པ། ཟས་སུ་སྲོག་ཆགས་སྣ་ཚོགས་ཀྱི་ཤ་དང་ཟས་ལྷག་རུལ་བ། མ་ཚོས་འཚིག་པ་ལ་སོགས་པ་སྤངས་དགོས་པ་རེད།
བདུན་པ། ས་དང་དུས་ཚིགས་ཚ་གྲང་སོགས་ལ་ཡུལ་བབས་དང་གནམ་གཤིས་ལ་བསྟེན་ནས་མི་མཐུན་པའི་བཏུང་བའི་རིགས་ལ་གཟབ་དགོས་པ་རེད།
བརྒྱད་པ། སྔོན་འགོག་གི་སྨན་ནི། ཨ་གར་སོ་ལྔ། རིན་ཆེན་མང་སྦྱོར། རིན་ཆེན་གྲང་སྦྱོར། ལོ་གྱོན་མ། ནག་པོ་དགུ་སྦྱོར་སོགས་ཚད་ལྡན་གྱི་སྨན་སྤྱོད་དགོས་པ་རེད།
དགུ་པ། རྒྱལ་སྤྱིའི་གསོ་རིག་གི་སྔོན་འགོག་ཐབས་ལམ་ངེས་པར་དུ་སྤྱོད་དགོས་པ་ཡིན།
བཅུ་པ། ཉིན་རྒྱུན་ཚ་བ་ཡོད་མེད་ལ་བརྟག་དཔྱད་ཐངས་གཅིག་ངེས་པར་དུ་བྱེད་དགོས་པ་ཡིན།
བཅུ་གཅིག་པ། ཟས་བཅུད་ཅན་གྱིས་ལུས་ཟུངས་བརྟས་པར་བྱས་ཏེ་ལུས་ཀྱི་ཟུངས་སྟོབས་སྲ་བརྟན་ཏུ་གཏོང་བ་ནི་རིམས་ནད་དང་ལེན་བྱེད་མི་ཐུབ་པའི་གོ་མཚོན་རེད།
བཅུ་གཉིས་པ། གལ་ཏེ་རང་ལ་རིམས་ནད་ཡོད་པར་དོགས་པ་ཡོད་པའམ་ཚ་བ་ཆེན་པོ་རྒྱས་ཚེ་གསང་རྒྱ་མི་བྱེད་པར་སྨན་ཁང་དུ་འགྲོ་བ་ནི་རང་སྲུང་དང་གཞན་སྲུང་གཉིས་ཀ་འགན་ཁུར་དགོས་པ་རེད།
བཅུ་གསུམ་པ། རིམས་ནད་གང་ཡིན་ཡང་བོད་ཕྱི་ཟུང་འབྲེལ་གྱིས་སྔོན་འགོག་གསོ་ཐབས་སྤྱད་ན་ཤིན་ཏུ་ལེགས་སོ།།
རིམས་ནད་གསོ་ཐོ།
༡ སྔ་མོ་ཆུ་ཚོད་དྲུག་གི་སྟེང་། རིན་ཆེན་མང་སྦྱོར། རིན་ཆེན་གྲང་སྦྱོར་གཉིས་མཉམ་སྤྲོད།
༢ སྔ་དྲོ་ཆུ་ཚོད་དགུའི་སྟེང་། འཁྲུགས་གློ་ཀུན་སེལ། ལུག་མུར་བདུན་པ་གཉིས་མཉམ་སྤྲོད།
༣ ཉིན་གུང་ཆུ་ཚོད་བཅུ་གཉིས་སྟེང་། སྤང་རྩི་བཅུ་གཉིས། ནོར་བུ་བདུན་ཐང་མཉམ་སྤྲོད།
༤ ཕྱི་དྲོ་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་། ཟངས་ཐལ་ཉེར་ལྔ། བསེ་རུ་ཉེར་ལྔ་མཉམ་སྤྲོད།
༥ ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀའི་སྟེང་། རྟ་ཟི་དམར་པོ། ག་བུར་ཉེར་ལྔ་མཉམ་སྤྲོད།
༦ དགོང་མོ་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་། སྲོག་འཛིན་བཅུ་གཅིག ཞོ་ཤ་སུམ་ཐང་མཉམ་སྤྲོད།
གསོ་ཐབས་ཐེངས་གཉིས་པ།
དང་པོ། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་བཀག་སྡོམ་ངེས་པར་དུ་བྱེད་དགོས་པ་རྩ་དོན་རེད།
གཉིས་པ། མི་མང་འདུ་ཚོགས་ཀྱི་བྱ་བ་མཚམས་འཇོག་དགོས་པ་ནི་གནད་འགགས་རེད།
གསུམ་པ། མི་དང་མིའི་བར་ལ་མུས་གསུམ་ནས་ལྔའི་བར་ཐག་འཇོག་དགོས་པ་གོམས་སྲོལ་ཆགས་དགོས་པ་རེད།
བཞི་པ། གཙང་དག་དང་བཀྲུ་བཤལ་རྒྱུན་དུ་བྱེད་རྒྱུ་ནི་ལས་བྱར་འཛིན་དགོས་པ་རེད།
ལྔ་པ། ཕྱིར་འགྲོ་དུས་ཁ་ཐུམ་དང་ལག་ཤུབས་མིག་ཤེལ་གསུམ་གྱོན་དགོས་པ་རེད།
དྲུག་པ། ཟས་སུ་སྲོག་ཆགས་སྣ་ཚོགས་ཀྱི་ཤ་དང་ཟས་ལྷག་རུལ་བ། མ་ཚོས་འཚིག་པ་ལ་སོགས་པ་སྤངས་དགོས་པ་རེད།
བདུན་པ། ས་དང་དུས་ཚིགས་ཚ་གྲང་སོགས་ལ་མི་མཐུན་པའི་བཏུང་བའི་རིགས་ལ་གཟབ་དགོས་པ་རེད།
བརྒྱད་པ། སྔོན་འགོགས་ཀྱི་སྨན་ནི། ཨ་གར་སོ་ལྔ། རིན་ཆེན་མང་སྦྱོར། རིན་ཆེན་གྲང་སྦྱོར། ལོ་གྱོན་མ། ནག་པོ་དགུ་སྦྱོར་སོགས་ཚད་ལྡན་གྱི་སྨན་སྤྱོད་དགོས་པ་རེད།
དགུ་པ། རྒྱལ་སྤྱིའི་གསོ་རིག་གི་སྔོན་འགོག་གི་ཐབས་ལམ་ངེས་པར་དུ་སྤྱོད་དགོས་པ་ཡིན།
བཅུ་པ། ཉིན་རྒྱུན་ཚ་བ་ཡོད་མེད་ལ་བརྟག་དཔྱད་ཐེངས་གཅིག་ངེས་པར་དུ་བྱེད་དགོས་པ་ཡིན།
བཅུ་གཅིག་པ། ཆོས་པ་ཞག་མཚམས། དགོན་པ་དགོན་མཚམས། སྡེ་བ་སྡེ་མཚམས། སྡེ་ཁག་དང་སྡེ་ཁག་བར། མི་དང་མིའི་བར་གྱི་འབྲེལ་ཐག་དང་རྒྱུ་ལམ་གཅོད་རྒྱུ་ནི་རིམས་ནད་སྔོན་འགོག་གི་ཐབས་ལམ་ཨང་དང་པོ་ཡིན།
ཟས་ཀྱིས་གསོ་ཐབས། ཟས་སྐོམ་གསར་བ་ཚུལ་བཞིན་བསྟེན་ནས་ལུས་ཟུངས་ཀྱི་སྟོབས་བསྐྱེད་དགོས་པ་དེ་ཡིན།
སྤྱོད་ལམ་གྱིས་གསོ་ཐབས། སྤྱོད་ལམ་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་ངན་མ་ལུས་པར་སྤངས་དགོས་པ་དང་། རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་གསུམ་གྱི་སྤྱོད་ལམ་ཚུལ་བཞིན་སྤྱད་ནས་ཚད་ལས་མི་ལྡང་བར་བྱེད་དགོས་པ་ཡིན།
སྨན་གྱིས་གསོ་ཐབས། རླུང་ཚད་དང་སྙིང་ཚད་གློ་ཚད་གཉན་ཚད་རིམས་ཚད་སྲིན་ནད་བཅས་གཙོ་བོར་བཟུང་ནས་གསོ་ཐོ་ཇུས་འགོད་བྱེད་དགོས་པ་ཡིན།
དཔྱད་ཀྱིས་གསོ་ཐབས། རླུང་དུགས་མཁྲིས་དུགས་བད་དུགས་གཉན་དུགས་རིམས་དུགས་གདོན་དུགས་ལ་སོགས་པ་དང་བདུག་སྤོས་ཀྱི་རིགས་སྤྱད་པར་བྱའོ།།
སྔགས་ཀྱིས་གསོ་ཐབས་ནི་དཔེར་ན། རྒྱལ་བའི་བཀའ་རིན་པོ་ཆེའི་རྒྱུད་འབུམ་ལས། ཨོཾ་ཀ་ར་ཀ་ར་པྲཛྙཱ་མ་ཧཱ་ཏིཀྵྞ་པཉྩ་ཨོཾ་བུ་་ཧ། ཨོཾ་ཀྲོ་དྷ་ཧཱུྃ་ཧཱུྃ་ཧཱུྃ། ཨ་ཨ་ཨ་མུ་མུ་མུ་སྭཱ་ཧཱ། སྲུང་བ་རྡོ་རྗེ་གོ་ཁྲབ་ཀྱི་སྔགས། ཨོཾ་པདྨ་ཤ་བ་རི་ཕཊ། ནན་པར་ཤིག ནཱ་ག་ནན། ཏཏྱ་ཐཱ། སརྦ་ཝི་རི་ཏ། ཧ་ན་ཧ་ན་བཛྲེ་ན་རཀྵ་རཀྵ་སྭ་ཧཱ།
དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གྱི་མདོ་སོགས་འདོན།
གཡོག་གིས་གསོ་ཐབས། རྒྱལ་སྤྱིའི་གསོ་རིག་སྤྱིའི་ཐུན་མོང་གིས་སྤྱོད་པའི་རིག་གཞུང་གི་ཚད་གཞི་ལྟར་རིམས་འགོའི་རྒྱུ་ལམ་རྩ་བ་ནས་གཅོད་པའི་ཡོ་བྱད་དུག་སེལ་དང་བཀྲུ་བཤལ། འདག་རྫས་། ལྭ་བ། ཁ་ཐུམ། མིག་ཤེལ། ལག་ཤུབས་རྐང་ཤུབས་ལ་སོགས་པ་རང་གཞན་གཉིས་ཀ་འགོག་སྲུང་བརྒྱ་ཆའི་བརྒྱ་ཐམ་པ་བྱེད་ཐུབ་པའི་གདེང་ཚོད་ཡོད་དགོས་པ་ཡིན།
༢༠༢༠ལོའི་ཟླ་ ༣ ཚེས་ ༡༠ ལ།
རིམས་ནད་གསོ་ཐོ། ཞེས་པར། ༡ མང་སྦྱོར་དང་གྲང་སྦྱོར། ༢ འཁྲུགས་ཀུན་དང་ལུག་མུར་བདུན་པ། ༣ སྤང་རྩི་༡༢དང་ནོར་ཐང་། ༤ ཟངས་ཐལ་༢༥དང་བསེ་རུ་ཉེར་ལྔ། ༥ རྟ་བཟི་དང་ག་བུར་ཉེར་ལྔ། ༦ སྲོག་འཛིན་༡༡དང་ཞོ་ཤ་གསུམ་ཐང་མཉམ་སྤྲོད་ཅེས་ཉིན་རེ་སྨན་གཏོང་བའི་དུས་དྲུག་དང་། དུས་རེར་སྨན་གཉིས་རེ་མཉམ་དུ་སྤྲོད་ཅེས་གསལ། ཡིན་ན་ཡང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པ་གསོ་རིག་ཟིན་ཏིག་གཅེས་བསྡུས་སུ། སྨན་གཉིས་སྡེབ་དགོས་རིགས་ལ། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར། བདུད་ཏིག གི་ཏིག གསེར་ཞི། ཀ་རུ་སོགས་རྒྱུད་དང་མན་ངག་བར་མ་ཆད་པ་ལས་བྱུང་བ་རྣམས་ལས་རིགས་བཟོས་གང་འདོད་དུ་བསྡེབ་མི་རུང་། ཞེས་དང་། གཞན་ཡང་། ཟས་ཞུ་སྨན་ལ་སྨན་ཞུ་ཟས་བཏང་གཅེས། སོགས་སྨན་གཏོང་བའི་དུས་དང་ཚུལ་སོགས་རྒྱུད་དུ་གསུངས་པ་ལྟར་ལས་རོ་ནུས་ཞུ་རྗེས་བསྡེབ་སྟེ་སྦྱོར་བའི་ཚུལ་མ་ཤེས་པར་རང་བཟོ་བྱས་ཏེ་གཉིས་སྡེབ་གསུམ་སྡེབ་སོགས་གཏོང་རྒྱུ་མང་དྲགས་ན་ནད་རྙོགས་ཏེ་བཅོས་དཀའ་བར་འགྲོ་བར་གསུངས་འདུག དེང་གཞིས་བྱེས་གཉིས་ཀར་རྒྱུད་གསུམ་བློ་རྒྱུགས་སྤྲོད་མཁན་ཇེ་ཉུང་ནས་ཇེ་ཉུང་དང་། སྨན་ཡང་གང་བྱུང་སྤྲོད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག དཔེར་ན་ཨ་གར་བཅོ་ལྔ་དང་ནོར་བུ་བདུན་ཐང་ཐང་ཆེན་ཉེར་ལྔ་གསུམ་མཉམ་དུ་སྤྲོད་པ་དང་། སུག་སྨེལ་བཅུ་པ་དང་ཨ་རུ་བཅུ་པ་མཉམ་དུ་སྤྲོད་པ། ཨ་གར་བཅུ་བདུན་དང་ཁྱུང་ལྔ་མཉམ་དུ་སྤྲོད་པ། གློ་སྨན་ལི་རྒུན་བཅུ་གཅིག་ལྟ་བུ་མེད་པའི་སྐབས་ཚབ་གང་བྱུང་སྤྲོད་པ། སྤང་རྒྱན་བཅོ་ལྔ་མེད་ན་ཚབ་སྤང་རྩི་བཅུ་གཉིས། སྤང་རྩི་བཅུ་གཉིས་མེད་ན་ཚབ་སྤང་རྒྱན་བཅོ་ལྔ། སོགས་ར་མགོ་ལུག་སྦྱར་དང་། ལུག་མགོ་ར་སྦྱར་ལྟ་བུ་ཡོང་བཞིན་འདུག་པ་ཁག་ཀྱང་མི་འདུག ལོ་ལྔའི་ཁྲལ་ལྟ་བུ་དེ་འཁྱོལ་མཚམས་ལོ་གཅིག་ཉམས་མྱོང་གསོག་ཏུ་ཉམས་མྱོང་གསོག་བཞིན་པ་ཞིག་གི་སར་དུས་བསྡད་དེ་དུས་རྫོགས།
ལོ་ན་རྒས་པར་བགོ་སླ་ཞིང་། །
ནད་རྙིང་ཡོད་པར་བགོ་བར་སླ། །
ནད་པས་གཞན་པར་བགོ་སྟངས་སོགས། །
གློག་འཕྲིན་བལྟས་ནས་ཉམས་ལེན་གྱིས། །
རིམས་ནད་སྔོན་འགོག་ཏུ་འགྲོ་བ་ནི་གང་ཤེས། སྨན་ལོག་གིས་གསོད་ས་རེད་བསམ་པ་ཞིག་འདུག