ཨ་འཇམ་དང་རས་པ།
གློ་བུར་དུ་ཅི་ཞིག་བོར་སོང་ཡང་ཆོག
རྒྱང་རིང་ནི འུ་ཚོའི་རབ་རིབ་ཀྱི་མེ་ལོང་འདི་ཡིན
དོ་ནུབ་ཀྱི་གཏིང་ས་ནས ཁྱོད་ཀྱི་ངོ་གདོང་ལ་བྱིལ་ཐེངས་རེ་རེར
རི་ངོགས་ཀྱི་དར་ཚོན་ཡང ཁེར་རྐྱང་གི་རྨི་ལམ་ལ་ཡན་པར་བྱས
དོ་ནུབ རུས་པའི་གསེང་ནས
འཕྲིན་ཡིག་ལྟ་བུའི་ཆང་ཕོར་ཞིག མ་འོངས་པའི་ཕྱོགས་སུ་འགུལ་གྱིན་ཡོད
ངས་ཅི་ཡང་དྲན་ཆོག་སྟེ
ཧྲལ་ཧྲུལ་གྱི་མི་ལོ་འདི་དག་གི་ཁྲོད་དུ བན་བུན་གྱི་དོ་ནུབ་བཞིན
ཁྱོད་ཀྱི་ངོ་གདོང་གི་གསལ་ལ་མི་གསལ་བའི་མཛེས་སྡུག་གི་སྨེ་བ་མཐོང་ཐུབ
ད་དུང གྲོགས་པོ་ཚོའི་བཟི་ཁ་ལས
ཐ་སྙད་སྐོར་ཞིག་ལ་འཚང་བའི ཐག་རིང་ཟེར་བ་དྲན་གྱིན་འདུག
འདར་འདར་དུ་གནས་པའི རྐང་འོག་ན
ཅི་ཡང་ཡོད་ཁུལ་བྱས
ཆེས་རྒྱང་རིང་རྒྱང་རིང་ཞིག་ཏུ
སེམས་ཀྱི་སྨྲེང་བ་ཡོད་ཚད
ཡིག་ཚོགས་ཀྱིས་བཀབ་པའི་ཟླ་འོད་ཀྱི་ཞུན་མར་གྱུར
གསེར་མདོག་གི་ཉི་འོད་དཔྲལ་བར་འཛུམ་ཞིང
རེ་སྒུག་ཡོད་ཚད་སྨུག་ལོང་གི་དཀྱིལ་དུ་འཐིམས
ཨ་མས་གྱེས་བྲལ་གྱི་ལམ་བྲོ་མ་ཕུལ་བའི་སྔོན་དེར
ངས་རིགས་རྒྱུད་ཀྱི་རུས་པའི་ན་ཟུག་རུམ་ཞིང
ཚོར་བའི་ཕུང་བོར་སྤྲས་པའི་མཇའ་འོད་ཀྱི་སྨྲེང་བ
ཁེར་རྐྱང་གི་གདུང་དབྱངས་སུ་བརྗོད
ད་ནི་འགྱུར་ཚར་ཏེ
ཉམ་ཆུང་བའི་རྦབ་ཆུའི་ཤག་སྒྲའི་དབྱངས་ལ་ཉན་ཞིང
ཡལ་དཀའ་བའི་བརྩེ་སེམས་རོལ་དབྱངས་ཀྱིས་བདག་ལ་དྲན་སྣང་བགོ
ཨ་མ བདག་གི་བརྩེ་སེམས་ཀྱིས་བར་མེད་དུ་གྱེར་བའི་གདུང་གླུ
རླུང་བུའི་རྒྱུ་བར་འགྲོགས་ཤིང
སེར་ཐིགས་ལྷུང་བའི་སྡོང་ལོ་དེ་རུ་སྨྲ
ཨ་མ་ནི་ཁོད་ཡངས་པའི་འཇིག་རྟེན་ཞིག་ཡིན་པས
དབྱངས་གསལ་ཀྱི་མཐོ་སར་འགྲེང་བའི བོད་ཀྱི་ན་རོ
ཆང་ཕོར་གྱི་ཏིང་སྒྲ་ལ་རྡེབ་པའི སྙིང་གི་འཕར་ལྡིང་ཡིན་ཆོག
ངོས་མི་ཟིན་པའི་མཚན་གཞུང་གི་དཔེ་དེབ་ཀྱི་ཁྲོད་ན
ང་ཚོ་ནི སྐྱེད་ཚལ་ལ་འཁྱུད་པའི་གཤོག་ཟུང་སྟེ
ཕ་རོལ་ཕ་རོལ་གྱི་སྤྲིན་པ་ཞིག་ཏུ་བསམ་ཆོག
དོ་ནུབ འཁུར་བཞིན་པའི་བར་སྣང་ན
ཡི་གེ་ཐོགས་པའི་བོད་པ་ཞིག་གི་རྟ་ཕོ་འཚོལ་བཞིན
སུ་ལའང་གསང་མ་མྱོང་བའི་ཞལ་ཐང་དེ རང་ཉིད་ཡིན་པར་བྱས
མེས་པོ་ཨ འདི་ལྟར་ཁྱོད་ཀྱི་མངའ་འོག་གི་རྦ་རླབས་སྒུལ་བཞིན
བདག་གིས་གངས་རི་ཞེས་པའི་ཚིག་སྦྱོར་ཞིག་མཐོ་བར་བཞེངས་ཀྱིན་ཡོད
རྨི་ལམ་ནི་ག་ལེར་འཛད་ཀྱང་ཆོག
བདག་གིས་འཚོལ་བཞིན་པའི་ཆུ་བོའི་འགོ་ཁུངས་ན
སྐྱ་རེངས་སྔར་བཞིན་ཉལ་ཡོད
འུར་སྒྲ་སྔར་བཞིན་འཁྱིལ་ཡོད
བདག་ནི་སྤྲིན་པའི་གསེབ་ཀྱི་ཉི་འོད་དེ་བྱ་འདོད
བདག་ནི་རྩྭ་ཐང་སྟེང་གི་གླག་རྒོད་དེ་བྱ་འདོད
བདག་ནི་ཉི་འོད་རལ་གྲི་ལས་མཆེད་པའི་རྟ་བའི་རྗེས་རབས་པ་ཡིན
བདག་ནི་གདུང་སྨྲེ་བརྗོད་པའི་དབྱངས་མཁན་ཞིག་མིན་ཏེ
གཉིད་ལམ་གྱི་འཇིག་རྟེན་དུ
ཆར་རྗེས་གློག་དམར་ལ་འགྲོགས་པའི་བཙན་པོའི་དཔུང་རོགས་ཡིན
འཇིག་རྟེན་ནི་སྔར་ནས་བཟི་ཟིན་པའི་ར་རོ་རུ་གྱུར་ཞིང
རྩྭ་ཐང་དང་རྟ་མཆོག་ཀྱང་བདག་གི་དྲན་སྣང་དུ་ལྷགས་པའི་དག་ཞིང་དུ་གྱུར
མགོན་མེད་དུ་གྱུར་བའི་དཔུང་སྟོབས་ཀྱིས་ཉི་འོད་ལ་རེ་ཞིང
སྐྱེས་ལྷའི་རི་རབ་ཀྱི་རྩེ་རུ་ཡལ་བ་མེད་པའི་སྨུག་པ་འཐིམས
ཨ་མ ངས་བརྗེད་མེད་དུ་ཉར་བའི་ཡིད་ཀྱི་དག་ཞིང
ཁྱོད་ཀྱི་བརྩེ་བའི་འཇིག་རྟེན་ལ་སྨོན་པས་འཚོ
རྡོ་རིང་ངོས་ལ་དཔྱངས་པའི་དུས་ཚོད་ཀྱི་ཐིགས་པ་རེ་རེ
ཁྱོད་ཀྱི་སྐྲ་གསེང་ལ་ཐེབས་པའི་འོད་ཀྱི་ཟེར་མ་རེ་རེ
རྨིག་སྒྲས་ཡུན་རིང་བརྫིས་པའི འོ་དོད་ལས་སླར་ཡང་གསོན་དུས
གཏན་དུ་འཕྱི་མི་སྲིད་པའི ཤ་འོད་ལ་འགེལ་ཐེངས་རེ་རེར
ད་དུང་འཕག་འཚག་གི་མཐོ་ཚད་ངོམ་ཡོད
དོ་ནུབ རྡོ་ཁང་གི་ངོས་ལ་འབྱར་བའི གནའ་མི་ཇི་བཞིན
ཚ་གློག་ཁོ་ནས་ཀྱང་བརྒལ་མི་ཐུབ་པའི་དགུན་ཁ་ཞིག་ཁུར་ནས
ཤ་དང་རུས་པའི་མདུན་དུ་འགྲེང་སྟེ
རང་ཉིད་སྔར་བཞིན་གསོན་པའི དཔུང་བ་བཀྱགས་ཡོད
ད་དུང་བཟི་མི་སྲིད་དེ ཀྱག་ཀྱོག་གི་ལམ་བུ་འདི་ལས
རི་བོའི་ཕྲག་ཁ་ན་འགུལ་བའི་རྣ་རྒྱན་མཐོང་གིན་ཡོད
འུ་ཚོའི་ནམ་མཁའ་ནི རང་བྱུང་གི་སེམས་པའི་ཡངས་ས་སྟེ
ཁུང་བུ་ཁ་ཤས་ལ་མེ་ཏོག་གི་ལྷན་པ་གླན
རི་མོའི་ཟུར་ངོས་ལ་ཡིག་དྲུག་གི་ཚོན་སྣ་བསྡེབས
ཧུར་ཐག་གིས་ལམ་ལ་ཆས་པ་ནི གཏན་དུ་ཆས་པར་བརྩམས
རྩྭ་ཐང ཁྱོད་ཀྱི་མཁའ་དབྱིངས་ན་རང་དབང་གིས་འཕུར་བའི
སེམས་ཀྱི་གླག་མོ་གང་དུ་ཡོད གང་དུ་ཡོད
ཕྱི་ལོ་2016ཟླ་1ཚེས་25མཚན་ལ། འཇམ་སྦྱིན་ལུག་རྫིས་ཁ་བྱང་བཏགས་ཤིང་ཨ་འཇམ་དང་རས་པས་མཉམ་བྲིས་བགྱིས།