མགྲིན་སྒྲ།
——-(དམ་པ་ཕུན་དབང་ལགས་སུ་བྲིས།)
རང་བྱུང་རི་བོ་འགྱེལ་བ་སུ་ལ་འཁོན།།
ཆུ་བོས་རྩྭ་ཐང་བཤལ་བ་ཅི་ལ་འཁྲོ།།
མུན་པར་གནས་ཚང་བཅའ་བའི་མགྲོན་པོ་ཚོར།།
བརྡབ་གསིག་ངུ་ཁ་འཆོར་འདི་རྟག་ཏུ་རྩུབ།།
ལུས་པོ་སིག་སིག་གཡོས་ཏེ་འཁྱག་པ་ལ།།
སེམས་རྩ་ཤུམ་ཤུམ་འདར་ཏེ་གདུང་བ་ལ།།
བོད་ཀྱི་རུས་རྐང་མཁྲེགས་པའི་མི་ཕོ་ཞིག།
དེ་རིང་སྐྱོ་ངལ་སྙིང་ལ་རླུང་ལྟར་ལྡང་།།
རུས་རྐང་རྒས་འཁོག་ཆགས་པར་བྱུང་བ་ཡོད།།
མི་ཚེའི་དཔའ་སྤོབས་གཙང་མ་གནམ་འོག་བྲིས།།
ཕུང་པོ་དུར་ལ་འཇོག་པར་ལོ་རྒྱུས་བདོག།
ཚེ་ཡི་དར་དཀར་རིང་མོ་རྫོགས་པར་སྤྲོས།།
མར་ལེའི་གཞུང་ལ་གློ་སྙིང་ཕུལ་ཡང་ཆོག།
དམར་ཤོག་ཏང་ལ་ལུས་སྲོག་བསྔོས་ཀྱང་རུང་།།
ཁྱིམ་གཞིས་བརླགས་ནས་རང་མིས་ཕུད་པ་ཡན།།
རྣམ་ཤེས་ས་མཐོའི་ལྗོངས་ཀྱིས་དམ་ལ་བཏགས།།
རང་སེམས་སྟོན་པ་རློམ་པའི་བྱིས་ཚོགས་ཏེ།།
ཚོད་ཚོད་ཡིག་གེའི་འབྲུ་ལ་ཐོགས་པ་ཚོས།།
པོད་ངོ་བརྒལ་ཏེ་རྐང་ལག་འཆག་པ་ཡི།།
སྐྱེས་པ་ཁྱོད་ལ་ཅི་ཞིག་སྒྲེང་ཐབས་ཡོད།།
རླུང་ཁར་གཡེངས་ནས་འཆལ་གཏམ་སྤུར་དོན་མེད།།
རང་གི་རྡོག་ལམ་ལྟོས་ཏེ་ལུས་སེམས་སྲོངས།།
གནའ་ཡི་གཞུང་ནས་དེང་གི་ལམ་ལུགས་ཡོངས།།
ཁ་ཡིས་བལྡད་ཅིང་སེམས་པས་ཞིབ་ཀྱིས་མྱོངས།།
དམར་པོའི་ཏང་ལ་འཐད་པ་ཅི་ཞིག་ནོངས།།
རྒྱབ་ལྗོངས་མཁྲེགས་པོ་ལྕགས་ཀྱི་མཁར་རྫོང་རེད།།
གནས་ལུགས་དགེ་ཉེས་གློ་བས་མི་འཇུ་བའི།།
ཤིང་ཁའི་བྱ་ཚོགས་སང་ཕོད་གང་དུ་འཕུར།།
རང་ཤེད་གླུ་རུ་བཀུག་ཏེ་ཁོམ་མེད་ལ།།
རང་སྣང་འཇིག་རྟེན་བསྒོམས་ནས་སད་མེད་ལ།།
རང་མལ་དོག་པོར་གཟིར་ཞིང་འབྱམས་པ་ཚོས།།
ཁྱེད་ཀྱི་གོང་ཁའི་ཤིག་ཙམ་ཁ་སྟབས་ཞན།།
སུ་ཡིས་ལྟག་ཁར་ཟིན་ཡང་མ་ཞུམ་ཞིང་།།
གང་གིས་འོག་ནས་བཏེགས་ཀྱང་མི་འཆོལ་བའི།།
རང་འཁྲིས་ཁུར་པོ་ཤེད་ཀྱིས་འདེགས་པ་ལ།།
གོམ་སྟོབས་བབ་བརླིང་ཅན་དེ་ནམ་ཞིག་དོ།།
སྒྲོན་མེ་གཅིག་རེ་སྦར་ཡང་མི་གསལ་བར།།
སྒྲོན་མེ་སྟོང་ཙམ་སྦར་ཡང་ཨེ་གསལ་ལམ།།
འོད་ཀྱིས་བཀང་ཡང་སྣང་བ་མི་མཐོང་བ།།
རང་རེ་གནག་འདི་མུན་པས་མ་ཡིན་འདྲ།།
དེ་རིང་ཅི་ཞིག་བཅའ་ཞེས་ཁས་རྒྱུ་མེད།།
ངུ་སྟངས་གཞན་ཞིག་བསྟེན་ནས་འཁྲབ་རྒྱུ་མེད།།
ཁ་སང་མཇའ་མཚོན་བཅིབས་ནས་ཡོང་མི་ཚོས།།
སང་ཉིན་ཐོལ་གྱིས་ཅི་ཞིག་གཏེར་དུ་ལོན།།
གང་ཉིད་སྐུ་གཤེགས་པའི་ཉིན་མོ་སྟེ་2014/3/30 ཉིན་བྲིས་ཤིང་ཚེས་31 ཉིན་བཅོས་ཏེ་དྲ་བར་ཁྱབ་སྤེལ་བཏང་།