ནག་ཆུ་ཀུན་དགའ།
ཉི་ཟླའི་འོད་ཀྱི་རྒྱུ་བ་མ་ཕོག་པའི།།
ཉེར་དགུའི་སྨག་ནག་གཏིབས་པའི་སྤྲིན་རུམ་ཁྲོད།།
སྣང་བས་མུན་ལ་ཁྲོས་པའི་སྡང་མིག་འོད།
བདེ་འཐུང་གློག་གི་བུ་མོའི་ཟོལ་གྱིས་ཉུལ།།
འདོད་དགུ་ཟོང་གི་ཐང་མར་བརྡ་བའི་ཁྲོད།།
དོ་ལོའི་མགུལ་རྒྱན་བདམས་པའི་གླེན་པའི་བུ།།
རིགས་མཐུན་བླུན་པོས་ཚོགས་ཀྱི་རྗེར་བསྐོས་པས།།
ཆོས་ཉིད་བདེན་པའི་རྒྱལ་མོར་དགྲ་རུ་སྡངས
སྣང་སྟོང་འཇའ་ཚོན་དཀྲིགས་པའི་གུར་ཁང་ན།།
སྒྱུ་མའི་ལྷ་མོའི་དགུ་འགྱུར་འཕྲུལ་གྱི་གཟུགས།།
རབ་ཆགས་འདོད་པས་འཁྱུད་ལ་རྔམ་པའི་ཚེ།།
བདེ་ཆེན་བྷ་གའི་དགའ་སྟོན་མི་སྦྱིན་ངེས
བདུད་བཞིའི་དཔུང་ཚོགས་མཐའ་ལ་སྤྲད་འདོད་པས།།
བརྒྱ་བཞིའི་གླུད་གཏོར་ཕྱག་དར་ཁྲོད་འཕངས་ཀྱང་།།
རྣམ་རྟོག་འདྲེ་མོའི་ངུ་རྒོད་ཇེ་མང་གྱུར།།
ཡི་དག་གདུག་པའི་ལྟོ་བ་མ་འགྲང་ངམ།།
སྣ་ཚོགས་སྲིད་པའི་ལས་ཀྱི་རླུང་བུ་ཡིས།།
ཀུན་ནས་བསྐྱོམས་པའི་བདེ་སྡུག་རླབས་ཀྱི་རིས།།
བཟང་ངན་འདུ་བྱེད་གར་དུ་རོལ་པ་འདི།།
མཆོག་དམན་ཀུན་ལ་བཏབ་པའི་དྲང་ཐིག་ཉིད།།
སེམས་ཉིད་དག་པ་འོད་དུ་ཞུ་བའི་ལུས།།
སྣང་གསལ་དུས་ཀྱི་ཉི་མའི་ཁ་ལོར་སྤྲུལ།།
ངམ་ནག་མུན་པ་མཐའ་ནས་དེད་བྱས་ཀྱང་།།
གདོང་དམར་མིག་ཟུང་ཟུམ་པས་ཨ་ཐང་ཆད།།
བདེ་ལྡན་ཞིང་གི་དཔལ་ཡོན་འཕོས་པ་ཡི།།
འདོད་དགུར་དབང་བསྒྱུར་སྤྱོད་པའི་ཁབ་མེད་ཀྱང་།
རུ་གཞི་སྐོར་གསུམ་སྒང་དྲུག་མེས་པོའི་ཁྱིམ།།
སྲིད་པའི་འབྱོར་བའི་རྩེ་མོར་སོང་པར་འདོད །།
ངོ་མཚར་མཁའ་སྤྱོད་ཞིང་གི་གཏམ་རྒྱུད་དང་།།
དག་བྱེད་ཐིགས་པའི་སྒྲ་ལས་སྐྱེས་པ་ཡི།།
སོ་སྐྱེས་བ་སྤུ་བསྒུལ་པའི་དད་པའི་རླུང་།།
སྒྱུ་མའི་ཞིང་གི་མཛེས་སྡུག་ཁ་རུ་རྒྱུ།།
རྒྱུ་དཀར་བྱེ་བའི་དོ་ཤལ་འཆང་བ་ཡི།།
ཀུན་ཁྱབ་དབང་གི་དཔལ་མོ་བཞིན་བཟང་མའི།
ཆུ་འཛིན་འོག་པག་རླུང་གིས་དབྱེ་བའི་ཚེ།།
སྒྲིབ་བྲལ་གཅེར་བུའི་རང་གཟུགས་མངོན་པར་འགྱུར།།
མྱ་ངམ་བྱེ་མའི་ཐང་གི་སྨིག་རྒྱུ་ལ།།
སྐོམ་སེལ་བཏུང་བ་འཕྲུལ་ནས་རི་དྭགས་བུས།།
ངལ་བའི་རྐང་འགྲོ་འཁྱོར་བའི་རི་མོ་འདི།།
རེ་དྭོགས་འབད་པས་རྗེས་སུ་བསྙེགས་པའི་ཤུལ།།
ཁྱེད་ཀྱི་སྙན་ངག་ལ་དངོས་གནས་ཚིག་གི་རྒྱན་ དོན་གྱི་ཉམ གོང་འོག་གི་འགྲིག་ག་བ་བལྟས་ཀྱང་ཡིད་འཕྲོག་པ་ཞིག་གདའ་བས་བཀའ་དྲིན་ཆེ་ཞེས་ལེན་བརྒྱར་ཞུ་ཞུ་ཞུའོ།