ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
རེ་བ་དང་དོགས་པ་ནི་བོད་རྒྱ་གཉིས་ཀྱི་ལོ་རྒྱུས་རྒྱུད་རིམ་ཁྲོད་ཕུང་བྱེད་ཀྱི་རྒྱུ་གཉིས་སུ་གྱུར་ཡོད་པ་དང་། དེ་ཡང་དུས་རབས་ལ་འཕོ་འགྱུར་ཇི་ལྟར་སོང་ཟིན་ནའང་། ཆབ་སྲིད་དང་སྤྱི་ཚོགས་ལ་ལེགས་ཉེས་ཀྱི་ཕོག་ཐུག་ཇི་ལྟར་བྱུང་ཡོད་ནའང་། རྒྱུ་རྐྱེན་འདི་གཉིས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་པར་བོད་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་རོལ་མོའི་འགྱུར་ཁུགས་སུ་རེ་བ་དང་དོགས་པ་གཉིས་ནི་སྔར་བཞིན་དོ་མཉམ་མེད་པར་གནས་ཡོད། ད་ལྟའི་ཆར་ང་ཚོའི་མྱུག་ཐོག་པ་མང་པོ་ཞིག་གིས་བཙན་བྱོལ་བོད་ཀྱི་བཀའ་ཤག་གསར་པས་ཕྱག་ལས་གནང་ནས་ལོ་འཁོར་གཅིག་ཧྲིལ་བུ་ཁོར་བའི་དུས་དྲན་ཏུ་སྟོད་བསྔགས་ཀྱི་མེ་ཏོག་ཕུལ་ཞིང་། སྤྲེལ་ལད་ཀྱི་མཆོད་རྫས་འབུལ་བཞིན་ཡོད་ལ། བཀའ་ཤག་གསར་པའི་ལོ་གཅིག་གི་མཛད་རྗེས་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལ་ཤ་མ་རེག་པར་ཤ་བགོས་རྒྱག་པའི་དཔེ་ལྟར་ཉིན་མོའི་རྨི་ལམ་སྐྱིད་པོ་ཞིག་ཀྱང་རྨིས་བཞིན་ཡོད། སྤྱི་བཏང་ནས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱིས་འགན་དབང་ཡོད་ཚད་སྐབས་བཅུ་བཞི་པའི་བཀའ་ཤག་སྟེ་མི་དམངས་ནས་འདེམས་ཐོན་བྱུང་བའི་བཀའ་ཤག་ལ་བརྩིས་སྤྲོད་བྱུང་པ་དང་། དེ་དང་དུས་འཁེལ་གྱིས་གཞིས་བཞུགས་བོད་མི་ཚོས་ཞུམ་མེད་ཀྱི་སྙིང་སྟོབས་དང་། འགྱུར་མེད་ཀྱི་ཡིད་ཆེས་ཀྱིས་མེ་བསྲེག་ལས་འགུལ་བསྟུད་མར་བྱུང་བའི་ཆབ་སྲིད་རང་བཞིན་དང་མི་རིགས་རང་བཞིན་གྱིས་རྒྱ་ནག་གཞུང་ལ་ངོ་རྒོད་བྱས་པ་སོགས་ཀྱིས་ཉས་ལེན་ལ་བརྟེན་ནས། དཔལ་ལྡན་བོད་ཀྱི་བཀའ་བློན་ཁྲི་པ་མཆོག་གཙོས་པའི་བཙན་བྱོལ་བོད་ཀྱི་དབུ་གཙོ་རྣམ་པར་རྒྱལ་སྤྱིའི་ཡུལ་གྲུ་དུ་མར་སྐོར་བསྐྱོད་ཀྱི་གོ་སྐབས་བྱུང་ཡོད་ལ། ཉི་ཧོང་(Japan)དང་ཨ་རི(USA)།ཡུ་རོབ་(Europe)སོགས་སྟོབས་ཆེན་རྒྱལ་ཁབ་ཀྱི་གནད་ཡོད་དཔོན་རིགས་མང་པོ་དང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་བྱུང་པ་མ་ཟད། ཨ་རིའི་གྲོས་ཚོགས་གོང་མ་དང་ཡུ་རོབ་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གལ་ཆེའི་གྲོས་ཆོད་ཀྱང་འཇོག་ཐུབ་པ་བྱུང་ཡོད་ལ། ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས་བོད་དོན་སྐོར་རྒྱབ་སྐྱོར་གྱི་ཡོངས་གྲགས་འབོད་སྐུལ་ཡང་་སྤེལ་ཐུབ་པ་བྱུང་ཡོད། དེ་ནི་བདག་ཅག་བོད་རིགས་སྤུན་ཟླ་རྣམས་གཞན་སྐུལ་བཙན་བཤེར་གྱིས་བཙན་བྱོལ་ཏུ་གྱར་བའི་ལོ་རྒྱུས་ནང་། བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་བཞག་ཅིག་ཡིན་པར་སྨོས་མེད་ཡིན་པ་དང་། དེ་ལ་ང་ཚོས་ཕྱོགས་གཅིག་ནས་དགའ་སྤྲོའི་གླུ་གཞས་གཏོང་འོས་ལ། དྲིན་རྟེན་གྱི་དུས་ཆེན་སྲུང་རྩིས་ཀྱང་བྱེད་འོད་སྙམ། འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམ་བློ་གཏོང་པ་ཡིན་ན། སྐབས་འདིར་ང་ཚོར་བསམ་བློ་གཏོང་དགོས་པའང་མང་པོ་བྱུང་ཡོད་དེ། འདི་དག་ཡོད་ཚད་ཀྱིས་བདག་ཅག་བོད་ཀྱི་དོན་དམ་གྱི་ཆབ་སྲིད་གནས་བབས་དང་། ཛ་དྲག་གི་དུས་ཚིགས་འདི་ལ་སྲོག་སྐྱོབ་ཀྱི་ནུས་པའི་གྲུབ་འབྲས་ཞིག་ཐོན་ཡོད་དམ། འདི་དག་ཡོད་ཚད་ནས་ང་ཚོའི་ཆབ་སྲིད་ཀྱི་དཀའ་ངལ་ལ་དོན་དམ་གྱི་ཕན་འབྲས་ཇི་ཙམ་ཐོན་ཡོད་ཅེས་ཞུས་ན། ངས་བསམ་པར་འདིའི་ཐད་ང་ཚོས་ད་དུང་ཡང་ཕྱོགས་གཅིག་ནས་ཁོར་བའི་སྤྲོ་སེམས་བཞེས་ནས་དོན་དངོས་ཀྱི་གནས་ཚུལ་ལ་ལྷོད་གཡིང་ཤོར་མི་རུང་སྙམ། དེ་ཡང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལྟ་གྲུབ་ནས་བཤད་ན། ད་བར་ལོ་འཁོར་གཅིག་གི་རིང་ང་ཚོར་བྱུང་བའི་གྲུབ་འབྲས་དག་ཡོད་ཚད་ཀྱིས། རྒྱལ་སྤྱིའི་ཆབ་སྲིད་རྩེད་རྭའི་ནང་རྩེད་ཆས་ཚུལ་དུ་རྩེད་བའི་བོད་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁྲོད་གནས་པའི་བོད་ཀྱི་རྕེད་ཆས་འདི་ཉིད་ཀྱི་རིན་ཐང་དེ་ཉིད་སྔར་ལས་རིན་ཐང་ཆེ་རུ་གཏོང་ཐུབ་པར་བྱུང་ཡོད་པ་ལས། བོད་ཀྱི་ཆབ་སྲིད་ཀྱི་གནད་བབས་དང་བོད་མིའི་དམྱལ་བ་ལྟར་མྱོང་བའི་སྐྱོ་སྡུག་གི་གནས་སྟངས་འདི་ལ་དངོས་ཤུགས་སོགས་གང་གི་ཆ་ནས་ཀྱང་ཕན་འདོགས་ཐུབ་པ་ཞིག་གཏན་ནས་བྱུང་མེད་སྙམ། དེ་ལས་ལྡོག་ཏེ་ད་དུང་བོད་ཀྱི་སྒྲིག་འཛུག་གིས་བཟུང་བའི་དངོས་ཡོད་ཀྱི་ལམ་ཕྱོགས་དང་རྒྱ་ནག་གི་བཙན་བྱོལ་བོད་ཀྱི་སྒྲིག་འཛུག་ལ་བཟུང་བའི་རྒྱུན་ལྡན་གྱི་དོགས་པ་འདི་ཉིད་ཇེ་ཆེར་སྐྱེས་འགོ་བརྩམས་ཡོད་པར་སོམ་ཉི་མེད། སྤྱིར་“ཆབ་སྲིད་”ཅེས་པའི་ཐ་སྙད་འདི་ལ་ཚིག་འགྲེལ་རྒྱག་སྟངས་མང་པོ་ཡོད་མོད། འོན་ཀྱང་མདོར་བསྡུས་ན་“ཆབ་སྲིད་”ཅེས་པ་ནི་རང་དོན་དང་རང་ཕན་གྱི་དོན་དུ་རྒྱལ་ཁབ་ཀྱི་སྐབས་དུས་ལ་བསྟུན་ནས་སྒྲིག་སྲོལ་འགྲོ་སྟངས་ཤིག་དང་། ཁྲིམས་ལུགས་ཀྱིས་འཛིན་སྐྱོང་དང་སྟངས་འཛིན་བྱེད་ཕྱོགས་ཤིག་རེད། རྒྱལ་ཁབ་སུ་ཞིག་ཡིན་ནའང་རང་ཉིད་ཀྱི་ཁེ་ཕན་དོར་ཏེ་གཞན་གྱི་ཁེ་ཕན་ལ་སྲུང་སྐྱབས་དང་རྒྱབ་སྐྱོར་བྱེད་སྲོལ་གནའ་ནས་ད་བར་བྱུང་མྱོང་མེད་པ་ཞིག་རེད་ལ། འབྱུང་ཡང་མི་སྲིད་པ་ཞིག་རེད། རྒྱུ་མཚན་དེས་རྐྱེན་པས་འཛམ་གླིང་ནང་གི་རྒྱལ་ཁབ་ཆེ་ཕྲ་སུ་ཡིན་ནའང་སོ་སོར་མཁོ་བའི་ཆབ་སྲིད་ལམ་ལུགས་ཤིག་ཏུ་གོམས་སྟབས་གང་མྱུར་དང་གང་གཟབ་ཀྱིས་སྤོ་ཡི་ཡོད་པར་ལྟར། བོད་པའི་ཆབ་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་ལ་དངོས་སུ་ཤུགས་ཆེ་པོའི་ཐོག་དོ་བརྒལ་མི་འགྲོ་པ་དང་བོད་ཀྱི་གནད་དོན་དེས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་སྒྲུབ་ཐུབ་པའི་དོ་མཉམ་གྱིས་མཚམས་རེར་རྒྱབ་སྐྱོར་དང་། ལེན་རེར་ཕྱུར་ནུད་རྒྱག་པ་ནི་རྒྱུན་ལྡན་གྱི་གནས་དོན་ཞིག་རེད་ལ། ང་ཚོས་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་ཉམས་མྱོང་བསག་པའི་དོན་དངོས་ཀྱི་ཆབ་སྲིད་གནད་དོན་ཞིག་ཀྱང་རེད། ད་དིང་ཆར་བོད་མི་མང་ཆེ་ཡིས་ལོ་འདིའི་ནང་དོན་ཆེན་ནང་གི་འགངས་ཆེན་ཁ་ཤས་བྱུང་པའི་ནང་ནས་ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས་བོད་དོན་སྐོར་རྒྱབ་སྐྱོར་གྱི་ཡོངས་གྲགས་འབོད་སྐུལ་སྤེལ་ཐུབ་པ་བྱུང་ཡོད་པ་དེ་གཅིག་བརྩིས་བཞིན་ཡོད་མོད། འོན་ཀྱང་དོན་དངོས་ཐོག་ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་དེས་དེ་སྔོན་བོད་དོན་ཐད་འདི་ལྟར་ཡོངས་གྲགས་འབོད་སྐུལ་མ་སྤེལ་པར་ཐེངས་འདིར་སྤེལ་པ་གང་ཡིན་ནམ། ཉེ་ཆར་མ་གཏོགས་བོད་དང་བོད་མི་ལ་རྒྱ་ནག་གིས་བཙན་གནོན་དང་བཤུ་གཞོག བརྡུང་བརྡེབ་སོགས་བཏང་ནས། བོད་མིར་བཟོད་ཐབས་མེད་པ་བཟོས་མེད་པ་རེད་དམ། ཡང་ན་ཐེངས་འདིར་བཙན་བྱོལ་བོད་ཀྱི་བཀའ་ཁྲི་མཆོག་གིས་བོད་མིའི་ལྷ་སྲུང་གཅིག་བསྡུས་ཀྱི་མཐུ་ནུས་ལ་བརྟེན་ནས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་བརྒྱ་སྐོར་དེ་དག་མཐུ་འགུགས་བྱས་པ་ཡིན་ནམ། ཆབ་སྲིད་ཀྱི་ལྟ་གྲུབ་མེད་པ་དང་རྒྱལ་སྤྱིའི་འབྲེལ་ལམ་རྩོད་གྲུབ་ཀྱི་ཐད་ཤེས་རྒྱ་མེད་པ་དག་གིས། ཐེངས་འདིར་ཉི་ཧོང་གྲོས་ཚོགས་འཐུས་མི་དེ་ཚོས་བོད་ཐོག་འཛིན་བའི་བཟང་ཕྱོགས་ཀྱི་ལས་འགུལ་འདི་ནི་བོད་ཀྱི་གནད་དོན་ལ་གཙོར་དམིགས་ཀྱིས་སྤེལ་པ་ཡིན་པར་ངོས་འཛིན་བྱེད་སྲིད་ལ། ད་དུང་ཉི་ཧོང་གྲོས་ཚོགས་འཐུས་མི་དེ་ཚོས་འབོད་སྐུལ་སྤེལ་པ་དེས་བོད་ཀྱི་དོན་དམ་ཆབ་སྲིད་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཀྱང་འཐོབ་ངེས་ཡིན་པར་རྨི་ལམ་གཏོང་སྲིད་མོད། འོན་ཀྱང་དོན་དངོས་ཐོག་ཉི་ཧོང་དང་རྒྱ་ནག་ནི་ལོ་རྒྱུས་རིང་ས་ནས་ཕན་ཚུན་མེ་དང་ཆུ་འཕྲད་པ་ལྟར་མཐུན་སྒྲིལ་མེད་ལ། དུས་རྒྱུན་དུ་ནས་སེམས་ཁོངས་རུས་པའི་གཏིང་ནས་དགྲ་བོའི་འདུ་ཤེས་འཛིན་པ་དང་ཕན་ཚུན་འཁོན་འཛིན་ཆེས་ཆེར་ལྡན་པའི་རྒྱལ་ཁབ་གཉིས་ཡིན། ཡིན་ནའང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ལ་ཉེ་པའི་མཚམས་སུ་ཨ་རིའི་གཞུང་ནས་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤིས་མ(Hiroshima)དང་ན་གཱ་ས་ཀིད(Nagasaki)གཉིས་རྡུལ་ཕྲན་མཚོན་ཆས་གཏོར་བཤིག་ཚབ་ཆེན་བཏང་པ་ནས། ཉི་ཧོང་ནི་འགུལ་རྒྱུ་མེད་པའི་ཨེ་ཤི་ཡིའི་(Asia)སྟག་རྒོད་ཅིག་ཏུ་བསྒྱུར་པ་དང་། དེ་ནས་ཉི་ཧོང་གིས་རང་སྲུང་དམག་མི་ཙམ་ལས་གཞན་རྒོལ་དང་གཞན་རྒྱལ་ལ་དམག་འཐབ་བྱེད་པའི་དཔུང་དམག་དང་གོ་མཚོན་སོགས་བཟོ་མི་ཆོག་པའི་མཆན་ཡིག་འཇོག་དགོས་བྱུང་ཡོད་ལ། རྒྱལ་ཁབ་གཞན་ལ་སྔར་བཞིན་དྲག་འཐབ་བྱེད་པའི་ནུས་པའང་རྗོགས་ཡོད་པ་རེད། དེ་ནས་བཟུང་ཉི་ཧོང་ནི་རྒྱ་ནག་ལ་གནོད་སྐྱོན་གང་ཡང་ཐེབས་མི་ཐུབ་པའི་རྒྱལ་ཁབ་ཞིག་ཏུ་འགྱུར་པ་མ་ཚད། ལོ་འདི་དག་གི་རིང་ཉི་ཧོང་གིས་ཚན་རྩལ་དང་སོ་སོའི་དཔལ་འབྱོར་གོང་མཐོར་གཏོང་པ་ལས། རྒྱལ་ཁབ་གཞན་གྱིས་ཆབ་སྲིད་ཀྱི་རྩོད་རྙོག་ཆེ་ཁག་ནང་དང་ལངས་ཀྱིས་འཛུལ་མྱོང་ཧ་ལམ་མེད་ལ། རྒྱ་ནག་སོགས་ཉི་ཧོང་གི་དགྲ་བོ་ཁ་ཐད་ཚོས་ཀྱང་ཉི་ཧོང་གི་རྒྱལ་སྲིད་བརྟན་ལྷིངས་དང་ས་ཁྱོན་ལ་གནོད་པའི་ལས་འགུལ་ཆེན་པོ་ཧ་ལམ་བརྩམས་མྱོང་མེད་པ་རེད། རྒྱུ་མཚན་དེས་རྐྱེན་པས། བོད་ཀྱི་གནད་དོན་ཡང་ཉི་ཧོང་གྲོས་ཚོགས་ལ་མཚོན་ན་མཁོ་མེད་རན་མེད་དུ་གནས་ལ། བོད་དང་ཆོས་འབྲེལ་ཙམ་ལས་དངོས་གསལ་ཐོག་ཆབ་སྲིད་ཀྱི་འབྲེལ་བ་བྱས་མྱོང་མེད། ཡིན་ནའང་ལོ་ཤས་སྔོན་ལ་རྒྱ་ནག་གིས་ཉི་ཧོང་གི་ཤིས་ར་ཀ་པཱ(Shirakaba)ཞེས་པའི་མཚོ་ས་བཙན་བཤེར་གྱིས་བཟུང་ཐབས་བྱས་པ་དང་། ཉི་ཧོང་གི་ས་ཁྱོན་ཁྱབ་ཁོངས་ནས་བརྒལ་ཏེ་དམག་དཔུང་སྦྱོང་བརྡ་བྱས་པ་མ་ཟད། མངོན་གསལ་དོད་པོས་ཉི་ཧོང་གི་མཚོ་ས་རུ་དམག་ཚུགས་འཛུགས་པ་སོགས་ཉི་ཧོང་གི་སྤྱི་ཚོགས་ལྷིངས་འཇགས་དང་ཆབ་སྲིད་སྒྲོམ་གཞི་ལ་ཕོགས་གཏུག་ཆེ་བའི་མཐོང་ཆུང་བཏང་ཡོད་ལ། གནས་དོན་དེའི་ཐད་རྒྱུན་དུ་ནས་ཉི་ཧོང་སྲུང་སྐྱབས་འགན་ལེན་བྱེད་མཁན་ཨ་རི་ལ་མཚོན་ནའང་དོན་ཕན་གྱིས་རོགས་རམ་གང་ཡང་བྱེད་ཐུབ་མེད། དེས་མ་ཚད་རྒྱ་ནག་གི་ཚོང་རྭ་རྒྱ་བསྐྱེད་དང་ཚོང་རྫས་ལད་ཟླུས་ཀྱི་དཔལ་འབྱོར་ཆབ་སྲིད་དེས་ཉི་ཧོང་གི་ཚན་རྩལ་ཡར་ཐོན་གྱི་ཐོན་རྫས་ཡོངས་བབ་སོགས་ལ་གྱོང་རྒོད་ཚབས་ཆེན་བྱུང་ཡོད་པ་དང་། ཉི་ཧོང་གི་ལོ་རེའི་དཔལ་འབྱོར་ཡོང་བབ་ཀྱི་རྒྱ་ཆ་བཅོ་ལྔ་(15%)ཙམ་ཇེ་ཉུང་དུ་སོང་པ་རེད། དེ་ནི་རྒྱལ་ཁབ་ཞིག་ལ་མཚོན་ན་གྱོང་ཕོགས་ཆེན་པོ་ཞིག་རེད་ལ་གོན་གསབ་དཀའ་བའི་དཔལ་འབྱོར་ཉམས་རྒོད་ཞིག་ཀྱང་རེད། ཉི་ཧོང་གིས་འདི་ལྟར་རང་ཉིད་ཀྱི་རྒྱལ་སྲིད་དང་བདེ་འཇགས་ལ་གནོད་བའི་བྱ་བ་མཐོང་པར་ལྷོད་གཡེང་དུ་སྡོད་མི་སྲིད་ལ། མུ་མཐུད་དུ་རང་མགོ་ཡང་ཐོན་དཀའ་བའི་ཨ་རི་སྲིད་གཞུང་ལ་རྒྱབ་གཉེར་ནས་སྡོད་མི་སྲིད། རྒྱུ་མཚན་འདིའི་རྐྱེན་པས་ཉི་ཧོང་ཡང་སྟོབས་ཆེན་རྒྱལ་ཁབ་གཞན་པ་ནང་བཞིན་རང་ཉིད་ཀྱིས་རྒྱ་ནག་སྲིད་གཞུང་ལ་འཇིགས་སྣང་སྐུལ་བྱེད་ཀྱི་ཆབ་སྲིད་ལག་ཆ་མཁོ་བསྒྲུག་བྱེད་འགོ་བརྩམས་པ་དང་། དེ་ཡང་ཉི་ཧོང་གཞུང་གིས་རྒྱ་ནག་ལ་འཇིགས་སྐུལ་ཙམ་བྱེད་ཆེད་ཡིན་པ་ལས། དོན་དངོས་ཐོག་ཁོང་ཚོས་རྒྱ་ནག་གཞུང་དང་དངོས་གསལ་དོད་པོ་ངང་ཁ་གཏད་བཅག་འདོད་མེད། དེས་ནི་ཁོང་ཚོའི་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས་བོད་དོན་ཐད་རྒྱབ་སྐྱོར་བྱས་པ་ལས་གཞུང་གིས་རྒྱབ་སྐྱོར་བྱས་མེད་པའི་རྒྱུ་མཚན་རེད། ཆབ་སྲིད་ཀྱི་ཐབས་ཇུས་དེ་ནི་རྒྱ་ནག་གནའ་རབས་ཀྱི་སོན་ཙིའི་དམག་ཇུས་ནང་གསལ་བའི་“རི་དཀྲུག་ནས་སྟག་དཀྲོག་”པ་དེ་རེད། རྒྱུ་མཚན་དེས་རྐྱེན་པས་དེ་སྔོན་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་ཉི་ཧོང་གྲོས་ཚོགས་འཐུས་མི་བརྒྱ་སྐོར་གྱིས། བོད་དོན་ཐད་བྱས་བའི་རྒྱབ་སྐྱོར་གྱི་སྣང་པ་དེའང་བྱུང་པ་རེད།
ལོ་རྒྱུས་ཐོག་གཟི་བརྗིད་དུ་སྣང་བའི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དེ་ཆགས་པ་ནི་དོན་དངོས་ཐོག་ཡུ་རོབ་རྒྱལ་ཁབ་རྣམས་ཆིག་སྒྲིལ་དང་སྤྱི་མཐུན་གྱི་རྣམ་པའི་ཐོག་ཡུ་རོབ་རྒྱལ་ཁབ་དེ་དག་སྲུང་སྐྱབས་བྱེད་ཆེད་དང་། ཡུ་རོབ་རྒྱལ་ཁབ་ཁག་གི་དཔལ་འབྱོར་སྲ་བརྟན་དང་། སྤྱི་ཚོགས་བདེ་འཇགས་སུ་བསྐྲུན་བྱེད་ཙམ་ཡིན་པ་ལས། དེ་ལ་དམིགས་བསལ་གྱི་དགེ་མཚན་ཞིག་མི་ལྡན། ཁོང་ཚོས་འཛམ་གླིང་དཔལ་འབྱོར་ཁྲོམ་རྭ་རང་དབང་དང་སྲ་བརྟན་ཡོང་པར། དེ་སྔོན་ཕྱར་བ་གྲི་འདེབས་བྱས་ནས་གྲུབ་འབྲས་ཆེས་ཆེར་ཐོན་ཡོད་ནའང་། ལོ་ཤས་རིང་རྒྱ་ནག་གི་ཁྲོམ་ཪྭ་རྒྱ་བསྐྱེད་དང་ཁྲོམ་ས་རྩོད་ལན་སོགས་ལ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་ཐོབ་ཡོད་པ་མ་ཟད། དེས་སྔོན་ཡུ་རོབ་ཀྱི་ཚོང་ས་དང་ཁྲོམ་རྭ། ད་དུང་ཐོན་རྫས་སོགས་མང་པོ་རྒྱ་ནག་གིས་བཙན་འཕྲོག་བྱེད་ཅིང་ཡོད་པར། རྒྱ་ནག་ནི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་མཚོན་ན་མིག་ནང་གི་འཚེར་མ་ལྟར་གྱུར་ཡོད། དེས་མ་ཚད། དཔལ་འབྱོར་ཁྲོམ་རྭ་ཇེ་ཆུང་དུ་སོང་པ་དང་། དཔལ་འབྱོར་ཐོན་རྫས་ལ་ཁྲོམ་ས་མེད་པར་ཐོན་ཁུངས་གྱོང་རྒོད་དུ་སོང་པས་ན། ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲོམ་རྭ་དང་ཐོན་ཁུངས་ཡོ་བྱེད། དངུལ་ཁང་གྱོང་རྒོད་སོགས་བྱུང་ནས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ལ་བྱུང་མྱོང་མེད་པའི་དཔལ་འབྱོར་དཀའ་ངལ་དེ་བྱུང་པ་རེད། རྒྱ་ནག་གིས་ཨ་ཧྥི་རི་ཀའི་(Africa)རྒྱལ་ཁབ་རྣམས་ཀྱི་དཔལ་འབྱོར་ཁྲོམ་རྭ་ལ་བཙན་བཟོས་ཀྱིས་འདོད་ངོམ་ཆེས་ཆེར་བཅངས་པ་ལས་ལེ་ཏྲིན་ཨ་མེ་རི་ཀའི་(LatinAmerica)དཔལ་འབྱོར་ཁྲོམ་རྭ་ལ་བཙན་བཟོས་ཀྱིས་འདོད་ངོམ་དེ་ཙམ་མེད་དུས་དེས་ཡུ་རོབ་ཀྱིས་ཨ་ཧྥི་རི་ཀའི་(Africa)རྒྱལ་ཁབ་རྣམས་ལ་བཅངས་བའི་དཔལ་འབྱོར་ཁྲོམ་རྭ་བཙལ་པར་དོ་ཕོག་བྱུང་པ་རེད་ལ། རྒྱ་ནག་གི་ཐོན་ཁུངས་སྤུས་ལེགས་དང་རན་གོང་ཕྱེད་ཆགས་ཀྱི་དཔལ་འབྱོར་ཚོང་རྫས་དེ་ཚོས་ཡུ་རོབ་ཀྱི་ཁྲོམ་རྭ་མང་པོར་ཚོང་ལས་དབང་འཛིན་(Monopoly)བྱེད་ཡོད་པ་རེད། རྡོག་པའི་སྒང་ལ་རྡོས་རྫིས་ཞེས་པའི་དཔེར་ལྟར་རྒྱ་ནག་གིས་ནང་འདྲེན(Import)སྲིད་ཇུས་ལ་དམ་དྲག་བྱས་སྟེ་ཕྱིར་འདྲེན་(Export)བཟོ་ཚོང་ལ་ལྷོད་ཡང་བཏང་པ་རེད། དེ་ནི་ཡུ་རོབ་ཙམ་མིན་པར་ནུབ་ཕྱོགས་རྒྱལ་ཁབ་མང་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འགག་རྡོ་ཞིག་ཏུ་གྱུར་ཡོད་པ་རེད། རྒྱུ་མཚན་དེ་ཚོར་བརྟེན་ནས་ཡུ་རོབ་གྲོས་ཚོགས་ཀྱིས་ནམ་རྒྱུན་ནས་རྒྱ་ནག་ལ་འཇིགས་སྐུལ་བྱེད་བྱེད་ཀྱི་བོད་དོན་འདི་ཉིད་དེ་བས་མངོན་གསལ་བཏང་པ་རེད་ལ། བོད་དོན་གྱི་རན་ཐང་འདིའང་འུ་ཐུག་གིས་ཇེ་ཆེ་སོང་པ་རེད། བོད་དོན་ལ་རྒྱབ་སྐྱོར་གང་ཐུབ་བྱེད་བཞིན་པའི་ཨ་རི་དང་རྒྱལ་ཁབ་གཞན་པར་མཚོན་ནའང་གོང་གསལ་རྒྱུ་མཚན་དང་འདྲ་མཚུངས་སུ་གནས། རྩ་བས་རྒྱལ་སྤྱིའི་ཐོག་བོད་དོན་ཁྱབ་བསྒྲགས་ཇེ་ཆེར་སོང་པ་ནི་དོན་བཟང་ཞིག་ཡིན། ང་ཚོའི་བཤད་རྒྱུན་ལས་“རྐྱེན་ངན་གྲོག་ཆགས་”ཞེས་པ་དཔེར་ལྟར་ཁེ་སང་ཞིག་རེག་མི་སྲིད་པ་མ་རེད། ཡིན་ནའང་དེ་ནི་གནས་སྐབས་ཙམ་ཡིན་པ་ལས་ཕུགས་ཐག་རིང་བའི་ཁེ་སང་ཞིག་མིན་པ་རེད། ཁོང་ཚོས་དམག་ཇུས་ལས་“གྲི་གཡར་ནས་མི་གསོད་”པའི་ཇུས་ལྟར་ང་ཚོ་བེད་སྤྱོད་གཏོང་པ་ཡིན་ན། ང་ཚོས་ཀྱང་དམག་ཇུས་ལས་“གོམས་གང་འགྲོ་ནས་དོན་གང་སྒྲུབ་”པའི་ཇུས་དེ་ལག་བསྟེར་བྱེད་མི་ཆོག་པ་མེད་སྙམ། ཡིན་ནའང་། ང་ཚོས་རྒྱལ་སྤྱི་རོགས་སྐྱོར་དང་རྒྱབ་སྐྱོར་ལ་རེ་བ་ཆེར་བཅངས་ཀྱིས་ཁྱབ་བསྒྲགས་ཇི་ཙམ་སོང་ན། དེ་ཙམ་གྱིས་རྒྱ་ནག་ལ་དོགས་པ་སླངས་པ་རེད་ལ། དེ་ཡང་ང་ཚོས་རྒྱ་ནག་ལ་སྤྲད་བའི་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་”ནང་གསལ་ལྟར་བོད་འདི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་སྡོད་འདོད་ཡོད་པའི་གནས་ལུགས་དེ་ཚོ་ལ་རྒྱ་ནག་གཞུང་ནས་དོགས་པ་སྐྱེས་བྱེད་ཅིག་ཏུ་གྱུར་ཡོད་ལ། ང་ཚོས་ཁ་ཞེ་གཉིས་མེད་ཀྱིས་རྒྱ་ནག་ལ་གྲོས་མོས་བྱེད་ཐབས་ཀྱི་ལྟ་བ་དེ་ལའང་དོགས་པ་ཆེས་ཆེར་སླངས་ཡོད་པར་སྨྲོས་མེད་རེད་སྙམ། གང་ཡིན་ལགས་ན། རྒྱ་ནག་གིས་བོད་ཀྱི་གནས་དོན་འདི་ཉིད་ནི་རྒྱ་ནག་ནང་ཁུལ་གྱི་གནས་དོན་ཞིག་ཏུ་བརྩིས་པ་དང་། དེ་ཡང་རྒྱལ་ཁབ་གཞན་གྱིས་ཁོང་ཚོའི་ནང་ཁུལ་གྱི་དཀའ་རྙོག་ལ་ཐེ་ཇུས་མི་དགོས་ཞེས་ལབ་བསྡད་ཡོད་པ་དང་། དེ་དང་དུས་མཚུངས་སུ་ང་ཚོས་“མེ་སྒང་སྣུམ་བླུག་པའི་”དཔེར་བཞིན་རྒྱལ་སྤྱིའི་རོགས་སྐྱོར་འཚོལ་གང་ཐུབ་བྱེད་ན་ཁོང་ཚོའི་ཁོག་པའི་ནང་མེ་འབར་པ་ནི་དོགས་པ་མེད་པ་རེད།
དེས་མ་ཚད་འདས་པའི་ལོ་གཅིག་གི་རིང་ང་ཚོའི་སྤྱི་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་གོམས་འགྲོས་ལས་འགུལ་ཞིག་བྱུང་པ་རེད། དེ་ནི་སྐུ་ཞབས་ཚེ་བརྟན་རྡོ་རྗེ་མ་མས་གསུམ་གྱི་གོམས་འགྲོས་དེ་རེད། ཁོང་གིས་རང་གཞུང་གི་དོན་དམ་ཆབ་སྲིད་དང་ལམ་ཕྱོགས་དེ་ཉིད་ཕྱི་བསྒྲགས་བྱེད་པ་དང་། རྒྱ་ནག་ལ་གསལ་ཁ་སྟོན་བྱེད་དུ། རྒྱ་ནག་གི་རྒྱལ་དར་དགོང་ལ་འཕྱར་ནས་གོམས་འགྲོས་བརྒྱབ་པ་རེད། དེ་ནི་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་འདོད་ཡོད་པའི་ར་སྤྲོད་གསལ་ཤོས་དེ་བྱུང་པ་རེད་མོད། འོན་ཀྱང་ང་ཚོའི་བོད་གཞུང་ནས་གཞུང་འབྲེལ་གྱིས་དེ་ལ་རྒྱབ་སྐྱོར་གང་ཡང་གནང་མེད་ལ། བཙན་བྱོལ་བོད་མི་ཚོར་དེ་ལ་རྒྱབ་སྐྱོར་དགོས་པའི་སྐུལ་མ་ཙམ་ཡང་བཏང་མེད་པ་རེད། ང་ཚོའི་རེ་བ་ལ་སྐུ་ཞབས་ཚེ་བརྟན་རྡོ་རྗེ་མ་མས་གསུམ་གྱི་བྱེད་ཕྱོགས་དེ་ལ་རྒྱབ་སྐྱོར་མ་བྱེད་པ་ནི། བཙན་བྱོལ་བོད་མིའི་སེམས་ཁམས་དཀྲུག་རྒྱུ་མིན་པ་རེད་བསམ་མོད། འོན་ཀྱང་གནས་དོན་དེས་རྒྱ་ནག་ལ་དོགས་པ་ཆེས་ཆེར་སྐྱེས་བའི་གནས་དོན་ཞིག་ཏུ་གྱུར་ཡོད་ལ། ང་ཚོའི་བོད་རྒྱ་གྲོས་མོས་ཀྱི་ལམ་ཁ་དེ་ཉི་སྒྲིབ་པའི་་རྨུགས་པ་དེའང་ཇེ་མཐུག་ཏུ་སོང་གྱུར་འགོ་བརྩམས་པ་རེད། ཕྱི་ལོ་༢༠༡༢ཟླ་བ་༦པའི་ཚེས་༣་ཉིན་བཙན་བྱོལ་བོད་གཞུག་གི་བཀའ་བློན་ཁྲི་པས། རྒྱ་གཞུང་དཔོན་རིགས་ཀྱི་མཉམ་དུ་འབྲེལ་མོལ་གནང་མཁན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་། སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱི་དགོངས་ཞུ་ངོ་བཞེས་གནང་བའི་གསལ་བསྒྲགས་སྤེལ་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱུན་དུ་ནས་ཁོང་རྣམ་པ་གཉིས་ནི་༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ཡིན་པ་འདོད་ཀྱིས་ཡོད་ལ། ང་ཚོའི་བོད་གཞུང་གིས་ཀྱང་ཁོང་གཉིས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཞེས་འབོད་སྲོལ་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་ཁོང་གཉིས་རྒྱུ་མཚན་གང་ཡིན་ལ་མ་ལྟོས་པར་དགོངས་ཞུ་བྱེད་འདོད་ཡོད་ཚེ་༧གོང་ས་མཆོག་ནས་དགོངས་བཞེས་གནང་དགོས་པ་འདོད་ཀྱི་ཡོད་པ་ལས། བཀའ་བློན་ཁྲི་པས་དགོངས་བཞེས་གནང་དགོས་པར་འདོད་ཀྱི་མེད། འདི་ནི་ཆབ་སྲིད་ཀྱི་ལྟ་གྲུབ་ནས་བཤད་ན་གནད་དོན་གལ་ཆེན་ཞིག་རེད། དེ་སྔོན་སྐུ་ཞབས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཁོང་ནི་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པ་ལས་བོད་གཞུང་བཀའ་བློན་ཁྲི་པའི་སྟངས་འཛིན་འོག་ཚུད་ཀྱི་མེད་ལུགས་གསུངས་ཡོད་པ་དེའང་། རྒྱུ་མཚན་མེད་པ་ཞིག་གཏན་ནས་མ་རེད་སྙམ། ང་ཚོའི་རེ་བ་ལ་བཀའ་བློན་ཁྲི་པའི་འགན་དབང་སྲ་བརྟན་དང་ཁོང་གི་སྐུ་དབང་ཇེ་ཆེར་འགྲོ་མི་ཡོང་ངམ་དྲན་མོད། འོན་ཀྱང་གནས་དོན་འདིས་རྒྱ་ནག་ལ་སླར་ཡང་དོགས་གཞི་ཞིག་སླངས་པ་རེད། དེ་ནི་དེ་སྔོན་ང་ཚོས་ཁོང་ཚོ་མགོ་སྐོར་བཏང་ཡོད་པ་འདོད་རྒྱུ་ཉག་ཅིག་རེད།
གང་ལྟར་ཀྱང་བོད་རྒྱ་གཉིས་ཀྱི་གནས་དོན་འདི་ལ་རེ་བ་དང་དོགས་པ་གཉིས་ཀྱི་ཁ་ལོ་སྒྱུར་པ་ལས། དོན་དམ་གྱི་ཁ་གསལ་དོན་གསལ་ཞིག་ད་བར་བྱེད་ཐུབ་མེད་པ་རེད། ངས་བསམ་པར་གནས་སྟངས་འདི་འདྲའི་འོག་ལ་ང་ཚོས་རྒྱལ་སྤྱིའི་འཁྲབ་སྟོན་ནང་ཁ་སབ་ཀྱི་(Substitution )འཁྲབ་སྟོན་པ་ཞིག་ལ་འབད་བརྩོན་བྱེད་བསྡད་པ་ལས། གཙོ་བོར་ད་ཡོད་བོད་ཀྱི་འཛིན་སྐྱོང་ཇེ་ལེགས་དང་ཇེ་སྲ། ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་བྱེད་གང་ཐུབ་བྱེད་པའི་ཞོར་རྒྱ་བོད་གཉིས་ཀྱི་རེ་བ་དང་དོགས་པ་དེ་གཉིས་མེད་པར་བཟོ་པར་འབད་བརྩོན་བྱེད་ན་བཟང་སྙམ། འདི་ལྟར་བྱེད་ན། ད་གཟོད་ང་ཚོས་༧གོང་ས་མཆོག་སྐུ་ཚོར་བཞུགས་བྱེད་པའི་རིང་། ༧ཁོང་བོད་ལ་གདན་འདྲེན་ཞུ་ཐུབ་སྙམ།།
བསམ་ཚུལ་ཡག་པོ་བྲིས་འདུག་པས་དགའ་བསུ་ཡོད་མོད། འོན་ཀྱང་སྐུ་ཉིད་ཀྱིས་(རྒྱལ་ཁབ་ཆེ་ཕྲ་སུ་ཡིན་ནའང)ཞེས་བྲིས་འདུག་པ་དེ་(རྒྱབ་ཁབ་ཆེ་ཕྲ་གང་ཡིན་ནའང)ཞེས་བྲིས་ན་ལེགས། སུ་ནི་གང་ཟག་གང་ཀུན་ལའོ་ཞེས་གསུངས་པ་ལྟར་སུ་དེ་གང་ཟག་ལས་གཞན་ལ་མི་འཇུག་ཅིང་གང་ཟག་ལས་གཞན་ལ་གང་འབྲི་དགོས་པ་ལས་སུ་འབྲི་བ་ནི་ལེགས་བཤད་ལྗོན་དབང་ཡང་ཡག་པོར་་མ་ཤེས་པའི་རྟགས་མཚན་དམར་རྗེན་དུ་བསྟན་པ་མ་ཡིན་ནམ།
དྲ་གྲོགས་རྩམ་ཕྲུག་ནས་ནོར་འཁྲུལ་གཏོན་པར་ཐུགས་རྗེ་ཆེ། དེ་ནི་དངོས་གནས་ནོར་འདུག་ཨཱ། ཐུགས་རྗེ་ཆེ། རྗེས་སོར་དོ་སྣང་བྱེད་ཆོག
ཁྱོའི་དཔྱད་བརྗོད་འདིའི་གོ་རིམ་ཁྱོ་རང་གིས་ཡང་བཀོད་ལ་ཆུགས་ཀི་མེད་པའི་ཚོར་བ་བྱུང་། སྤྱིར།
དཔྱད་བརྗོད་འབྲི་ན་དང་པོ་བརྗོད་གཞི་ངོ་སྤྲོད་དང་། དེ་ནས་དེའི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་བཟང་སྐྱོན་ལ་མཁས་པའི་མཆན་ལུང་དང་ལྡན་པ། དེ་གཞུག་ནས་རང་ལྟ་མཆོག་འཛིན་གི་རྩོད་གཞི་ལ་མཇུག་སྡོམ་གསལ་ཁ་ཡོད་པ་ཞིག་དགོས་པ་རེད། དེ་མིན་སློབ་མ་ཞིག་གི་འཆར་སྣང་ལ་མཁས་བ་རྣམ་པའི་དཔྱད་མཆན་མེད་ན་དེ་ནི་གཞི་མེད་དཀྲོག་གཏམ་ལས་བཞན་ཡོད་པ་མ་རེད།
སློབ་མཐར་ཕྱིན་ན་ཡག་པོ་ཞིག་ཡོང་བའི་རེ་བ་ཡོད།
བོད་ཀྱི་གཏམ་དཔེ་ཁ་ཤས་ཤིག་འདུག་སྟེ་ཡི་ན་ཡང་རང་དོན་བྱུང་ན་ཆ་ལུགས་བཙོག་ན་བཙོག་ཟེར་བ་དེ་གོ་མེད་པ་འདྲ།
ཡི་གེ་ལ་དག་ནོར་མང་པོ་ཡོད་ས་རེད་བསམ་སོང་། ང་ཡང་ཡག་པོ་མེད་པས་འདི་དང་འདི་འོ་མི་ཟེར་རྒྱུ་བྱ།
གནས་བབས་ཡག་པོ་བྲིས་འདུག །སྐུ་ཉིད་ཀྱིས།
༼ རྒྱ་ནག་གི་རྒྱལ་དར་དགོང་ལ་འཕྱར་ནས་གོམས་འགྲོས་བརྒྱབ་པ་རེད། དེ་ནི་ང་ཚོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བསྡད་འདོད་ཡོད་པའི་ར་སྤྲོད་གསལ་ཤོས་དེ་བྱུང་པ་རེད་མོད། འོན་ཀྱང་ང་ཚོའི་བོད་གཞུང་ནས་གཞུང་འབྲེལ་གྱིས་དེ་ལ་རྒྱབ་སྐྱོར་གང་ཡང་གནང་མེད་ལ། བཙན་བྱོལ་བོད་མི་ཚོར་དེ་ལ་རྒྱབ་སྐྱོར་དགོས་པའི་སྐུལ་མ་ཙམ་ཡང་བཏང་མེད་པ་རེད། ༽ གླིང་ཚས་རྒྱ་ནག་གི་རྒྱལ་དར་དགུང་དུ་འཕྱར་ནས་གོམས་འགྲོས་བརྒྱབ་པ་ལ་བཙན་བྱོལ་གཞུང་དམངས་གཉིས་ཀས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་མ་རེད། གཞུང་འབྲེལ་གྱི་ངོས་ནས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་པ་ལྟར་ད་ལྟ་རྒྱབ་སྐྱོར་བྱེད་པའི་དུས་ལ་བབས་མེད་ཅེས་གསུངས་པ་དེ་གནད་འགག་ཅིག་རེད། མི་དམངས་ཀྱི་ངོས་ནས་ངོ་རྒོལ་བྱས་པ་རེད་ལ་བོད་མི་ཚོའི་སེམས་ལ་ཕོག་ཐུག་ཡང་བྱུང་ཡོད་པ་རེད། འོན་ཀྱང་འདིས་རྒྱ་ནག་གི་རྒྱལ་དར་འཕྱར་བར་ངོ་རྒོལ་བྱས་པ་ལས་དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱས་པ་ཨེ་ཡིན་ན།
སྤྱིར་ཡག་པོ་བྲིས་འདུག་དོན་དང་ལྡན་པ་ཞིག་ཀྱང་འདུག་སྙམ་པ་བྱུང། འོན་ཀྱང་ ༼སོན་ཙིའི་དམག་ཇུས་ནང་གསལ་བའི་“རི་དཀྲུག་ནས་སྟག་དཀྲོག་”པ་དེ་རེད།༽ དེ་འདྲ་ཞིག་ཁོ་བོས་མཐོང་མ་སོང་། སོན་ཙིའི་དམག་ཇུས་ནང་《རྩྭ་ལ་ཞུས་ནས་འབྲུལ་དཀྲོག་པ་》ཟེར་བ་ཞིག་འདུག་དེ་དང་དོན་མཚུངས་འདུག་སྙམ་སོང་།
འོན་ཀྱང་ཉིད་ཀྱི་དགོངས་ཚུལ་གཙོ་བོ་ནི་དེ་སྔ་སློབ་དཔོན་ཟབ་གདོང་རིན་པོ་ཆེས་གསུངས་པའི་རྒྱལ་བོད་དབར་འཁོར་གཡུག་སྐྲུན་དགོས་པའི་བཀའ་སློབ་དགོངས་གཞི་ལྟར་འགྲེལ་གནང་གིས་འདུག ཁོ་བོས་བསམ་པར་འཁོར་གཡུག་བསྐྲུན་བཞེས་པ་དེར་ཕན་ཚུན་གཉིས་ཀས་དགོངས་པ་བཞེས་པ་ཡིན་ན་དགོངས་ས་བཞེས་ས་ཡོད་པ་ཙམ་དུ་མ་ཟད་རླབས་ཆེན་ཞིག་ཀྱང་རེད། འོན་ཀྱང་ཕྱོགས་གཅིག་ཁོ་ནས་དེ་ལྟར་གནང་བ་ཡིན་ན་མགོ་བཏགས་བཞུ་བ་ཙམ་ལས་དོན་དམ་པའི་གོ་བ་ཞིག་རྙེད་ཀྱི་མིན་འདུག ཉིད་ཀྱི་གསུངས་པ་ཇི་བཞིན་དོན་དངོས་ཆབ་སྲིད་ཟེར་བར་འགྲེལ་བ་མང་རབ་ཡོད་མོད་ཀྱང་བདག་གི་བསམ་པར་ཆབ་སྲིད་ནི་ཚོང་དོན་དང་མི་འདྲ་ཞིག་གང་ཡང་མེད། ཕན་ཚུན་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་གྲོས་བསྡུར་གནང་སྐབས་ཕན་ཚུན་གཉིས་ཀ་ཆ་རྐྱེན་སྟོན་ཆོག་པ་ཞིག་ལས་གཅིག་ཤོས་ཁོ་ནའི་ཆ་རྐྱེན་ལ་ཡིད་ཚིམས་ནས་སྡད་པ་ཡིན་ན་གྱོང་རེག་མཁན་དེ་སུ་ཡིན་པ་ངེས་པར་མཁྱེན་དགོས་རེད།
དགོངས་ས་ནོར། དགོངས་པ་བཅོས།
སྡད་པ། བསྡད་པ།
དྲ་གྲོགས་བཙན་ནག་པ་ལགས་ཁྱེད་ཀྱིས་གསུངས་པའི་རྩྭ་ལ་ཞུས་ནས་འབྲུལ་དཀྲོག་པ་ནི་རྒྱ་སྐད་ཐོག་打打打打草惊蛇,
ཞེས་པ་དེ་ཡིན་པ་དང་། ངས་བཤད་པ་དེ་
敲山震虎
ཞེས་པ་དེ་ཡིན། དེ་ནི་དམག་ཇུས་སུ་ཡོད་པ་ཞིག་རེད།
དྲ་གྲོགས་ཚོས་དུས་ཚོད་གཏོན་ཏེ་ངའི་རྩོམ་ཡིག་འདི་བཀླགས་པ་དང་ནོར་འཁྲུལ་དང་སྐྱོན་ཆ་སྟོན་པ་སོགས་གནང་པར་དགའ་བོ་བྱུང་། དེས་མ་ཚད་ང་ལ་བློ་རྒྱ་ཆེ་བསྐྱེད་དང་བསམ་བློ་གསར་པའང་རག་སོང་བས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
打草惊蛇
ཡག་པོ་གསུངས་འདུག ཡིན་ནའང་རྒྱ་མིའི་སེམས་སྟེང་ན་ཡོད་པ་དེ་དོགས་པ་མ་རེད།ཁྱོད་ཚོས་དངོས་ནས་འདོད་བཞིན་པ་ནི་བོད་དོན་དང་བོད་ཅེས་བ་ཞིག་གཏན་ནས་མེད་པ་བཟོ་རྒྱུ་དེ་རེད། ཁོ་ཚོའི་སེམས་སྟེང་ནས་ང་ཚོར་ཅི་ཅང་སྟེར་འདོད་ཡོད་པ་མ་རེད།ཁོ་ཚོ་ཐབས་ཟད་ན་ད་གཟོད་ང་ཚོར་གྲོས་མོལབྱེད་་སྲིད་ཀི་རེད་ལ་ང་ཚོར་དགོས་བ་དེ་ཡང་སྟེར་སྲིད་ཀི་རེད།
ལེགས་པོ་བྲིས་འདུག་པས་བསྔགས་བརྗོད་དང་ཡི་རངས་ཡོད། སློབ་ཕྲུག་འདིའི་རིགས་ལ་མ་འོངས་པར་རེ་བ་ཆེན་པོ་ཡོད།།
དོག་པ་སེལ་ནས་གྲུབ་འབྲས་ཞིག་ཐོན་རྒྱུ་ཡོད་ན་ཟམ་གདོང་རིན་པོ་ཆེའི་དུས་སུ་གྲུབ་འབྲས་ཐོན་དགོས་ངེས་ཡིན། ཁོང་གིས་རྒྱ་གཞུང་ལ་བཏུན་མཁས་བྱེད་རྒྱུ་མེད་ས་བར་དུ་བྱས་པ་རེད་སྟེ། ཐ་མ་གྲུབ་འབྲས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་རྒྱ་གཞུང་གིས་བཟོས་པ་རེད། དེས་ན་གོང་དུ་དྲ་གྲོགས་ཁྱབས་འཇུག་ལགས་ནས་གསུང་པ་ལྟར་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་མ་བྱུང་བ་འདི་རྒྱ་གཞུང་གི་དོག་པ་སེལ་མ་ཐུབ་པས་མ་ཡིན་པར། རྒྱ་གཞུང་གིས་ཤེས་བཞིན་དུ་སྣང་མེད་ཁྱད་གསོད་བྱས་པ་རེད། དེས་ན་རྒྱ་གཞུང་འུ་ཐུག་པ་ཞིག་བཟོ་མ་ཐུབ་ན་བཏུན་མཁས་ཇི་ཙམ་བྱས་ཀྱང་གྲུབ་འབྲས་ཐོན་རྒྱུ་མེད་པ་ས་རིས་ཐང་གསལ་རེད།
སྐད་ཆ་འདི་རྩ་བའི་ཆ་ནས་མོས་མཐུན་མེད། བོད་རེ་བ་དང་རྒྱ་དོགས་པས་ཕུང་ཟེར་བ་ནི་རྒྱ་ནག་གིས་ཆེད་མངགས་ཀྱིས་བོད་པའི་ཀླད་པའི་ནང་དུ་བཟོ་བའི་ཆབ་སྲིད་ཀྱི་གཡོ་ཇུས་ཤིག་རེད། རྐང་གཙུགས་ནས་བོད་ལ་རེ་བ་སྤྲད་ཅིང་རེ་བས་བོད་བརླགས་སུ་འཇུག་རྒྱུའི་གཡོ་ཇུས་ཤིག་རེད། ཁྱེད་ཀྱིས་དེ་བདེན་པ་འདོད་པ་ནི་རྒྱ་དང་མི་སེར་སྤྲེལ་བའི་ཆབ་སྲིད་འགྲོ་སྟངས་ཟུར་ཙམ་ཡང་མ་ཤེས་བས་རེད། དང་པོ་གྲོས་མཐུན་བཅུ་བདུན་ལ་མིང་རྟགས་བཀོད་ན་བོད་ལ་ཁེ་ཕན་ཡོད་ཚུལབཤད་ནས་བོད་ལ་རེ་བ་སྤྲད་པ་རེད། བར་དུ་བོད་རྒྱ་ལས་ལོགས་སུ་མ་ཕྱིན་ན་བོད་ལ་ཁེ་ཕན་སྦྱིན་པའི་རེ་བ་སྤྲད་པ་རེད། ཙོད་ལ་རེ་བ་སྤྲད་མཁན་རྒྱ་ནག་ཡིན་དུས་རེ་བའི་ཁྲོད་དུ་ཤི་རུ་འཇུག་རྒྱུའི་འཆར་གཞིའང་གསལ་པོ་ཡོད་ངེས་རེད།
ནོར་བཅོས། བོད་ལ་རེ་བ་སྤྲད་མཁན་རྒྱ་ནག་རེད། དོགས་པ་ཡོད་ཁུལ་བྱེད་མཁན་རྒྱ་ནག་རེེད། དོགས་པ་ཡོད་ཁུལ་མ་བྱེད་ན་རེ་བ་སྤྲད་པའམ་ཁས་བླངས་བ་དེ་བོད་ལ་སྤྲད་དགོས་བས། དོགས་པ་ཡོད་ཁུལ་བྱས་བ་རེད། གནས་ཚུལ་དེ་ཙམ་མི་ཤེས་ན་ཀླུག་པ་ཡིན་པའི་དེ་ཉིད་ལས་གཞན་དུ་མ་རེད། རྒྱ་ཡིག་ཅུང་ཙམ་ཤེས་ན་ཆུ་ངོགས་གཏམ་རྒྱུད་ལ་ལྟོས་དང་། དབུ་མ་པ་དང་སུང་ཅང་གཉིས་གཅིག་པ་རེད།