སྤྱི་འཐུས་རྨོག་རུ་བསྟན་པ།
གངས་རི་དཀར་པོའི་མཛེས་སྡུག་གི་རྒྱན་ཆ་སྒྲོན་པའི་བསིལ་ལྡན་གྱི་གངས་ལྗོངས་ནི་ང་ཚོའི་མེས་པོ་དག་གི་ལེགས་སྐྱེས་ཀྱི་འོད་སྣང་སྒྲོན་སའི་བསྟི་གནས་ཡིན། ང་ཚོས་ལོ་རྒྱུས་ཆེས་རིང་ས་ནས་བཤད་ན་གངས་ལྗོངས་དང་ཁ་བ་ནི་བོད་མི་རིགས་འདིའི་ཚེ་སྲོག་གི་དར་སྐུད་ཉག་ཅིག་ཡིན། ང་ཚོ་དང་ལོ་རྒྱུས་ཀྱི་དབང་པོ་དག་གི་བར་ལ་ཁ་བའི་འཚོ་ལམ་ནས་རྙེད་པའི་དམིགས་བསལ་གྱི་འབྲེལ་ལམ་ཞིག་ཡོད་པ་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་དམ་ཚིག་གི་ཡང་སྙིང་ཞིག་ཡིན་མོད། དམ་ཚིག་དང་དད་པའི་བར་མཚམས་དེ་ནས་ང་ཚོ་ལ་མི་རབས་ནས་མི་རབས་སུ་ཕན་ཚུན་ལྟོས་གྲུབ་ཀྱི་ལས་དབང་ཞིག་གྲུབ་པ་ཡིན། ལྟོས་གྲུབ་དེའི་དབང་གིས་བླ་མ་དང་སྤྲུལ་སྐུའི་རིན་ཐང་ནི་བོད་མི་རིགས་ཀྱི་གོང་ན་མེད་པའི་རིན་ཐང་ཡིན་ལ། བོད་མི་རིགས་ཀྱི་རིན་ཐང་ནི་བླ་སྤྲུལ་དམ་པའི་མདུན་ལམ་ཡང་ཡིན།
དེའི་ཕྱིར་བླ་སྤྲུལ་དམ་པའི་མཛད་འཕྲིན་གྱི་འོད་སྣང་དཀར་པོས་གངས་ལྗོངས་ཀྱི་རྨི་ལམ་ལ་ཚེ་སྲོག་བསྩལ་ཅིང་། ཚེ་སྲོག་དང་ཚེ་སྲོག་མཐུད་པའི་དེ་རིང་ཡང་ཁོང་ཚོ་ང་ཚོའི་སེམས་སྟེང་གི་དྲོད་ཐིགས་སུ་གྱུར་ཡོད། འདི་ལྟར་ང་ཚོས་དྲོད་ཐིགས་ལས་རྙེད་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ནི། ཁ་བ་དང་འཁྱག་ཀློང་ཆེས་རྩུབ་ས་ནས་རང་ཉིད་ཀྱི་བཞུགས་ཁྲི་ལ་བདག་གཅེས་མི་གནང་ཞིང་། རང་ཉིད་ཀྱི་མལ་ས་དྲོན་མོར་མཐོང་ཆེན་མི་བྱེད་པའི་རྒྱལ་གཅེས་པ་ཞིག་ཡིན།
ཁོང་གི་ཐུགས་སྟོབས་དང་། དཔའ་མཛངས། བདེན་སྟོབས་ཀྱི་ལ་རྒྱ་ཡིས་མུན་ནག་གི་ཁོར་ཡུག་ཅིག་ལ་འགྲེལ་བརྗོད་དཀའ་བའི་ཕྱག་རྗེས་འཆང་ཡོད། ཁོང་གི་བརྩེ་ཆེན་སྙིང་རྗེ་ཡི་འཆིང་ཐག་གིས་མ་ལྷོད་པར་སྐུ་ཕྲེང་བཅུ་གཅིག་གི་དམ་ཚིག་ནི་དུས་ཡུན་ཐུང་ཐུང་ཞིག་མིན་ཕྱིར། ང་ཚོས་ཡིད་འཇོག་དང་བློ་ཉེ་ཡིས་ཁོང་གི་རིན་ཐང་དང་མཛད་རྗེས་ལ་ཕྱིར་དྲན་བྱེད་དགོས་པ་ཡིན།
ཞིབ་ཏུ་བསམ་ན་ཁོང་ནི་མེ་ཏོག་ལྟ་བུའི་ཁོར་ཡུག་ནས་སྐྱིད་ཉལ་བྱས་ཆོག་ལ། རང་བདེ་ཁོ་ནས་འཚོ་ལམ་ནས་ཤར་བསྐྱོད་བྱས་ཆོག་མོད། ཁོང་གིས་གདོང་མཆོངས་དང་གཟི་བརྗིད་བཏེགས་སྟེ། ཡོད་ཚད་བོད་མི་རིགས་ཀྱི་ཆེད་དུ་བློས་གཏོང་བྱས་ཡོད།
རྒྱ་དམར་གྱི་གདུག་རྩུབ་དྲག་པོས་ཁྲག་མདོག་གི་རྨི་ལམ་ལ་དབང་བསྒྱུར་བྱས་ཉིན་དེར་ཡོད་ཚད་ཀྱིས་རང་འགོ་འགེབས་སྲུང་བྱེད་བཞིན་སྐྱ་ཐིག་གི་ལམ་ཕྲན་ཞིག་ཏུ་འཚངས་ཁ་བྱས་མོད། སྐུ་ན་ཕྲ་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྔོན་ནས་ཕུལ་ཟིན་པའི་ཐུགས་བསྐྱེད་དང་དུ་བླངས་ཏེ། རང་ཉིད་ཀྱི་གཅེས་སྲོག་ཀྱང་འདར་ལྕུག་ལྕུག་གི་གངས་རིའི་གཏའ་མར་བཞག
ཁོང་གིས་(ལས་ལ་བརྩོན་ཅིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།) ཁོང་གི་ཐུགས་སྟོབས་འདིས་ང་ཚོར་ཅི་ཞིག་གསལ་བཤད་བྱས་ཡོད། ང་ཚོས་བདེན་མཐའ་ནས་རྙེད་པ་ནི་འདས་ཟིན་པའི་ཁོང་གི་ཞུམ་མེད་ཀྱི་འཚོ་ལམ་དང་། མི་ལོ་ཉི་ཤུའི་བཙོན་འོག་གི་དཀའ་སྡུག་ཡིན། ཀུན་གཟིགས་སྐུ་ཕྲེང་བཅུ་པ་་མཆོག་གི་མཛད་འཕྲིན་དེ་འདི་ལྟར་རླབས་ཆེ་གྱི་ཞལ་ཆེམས་ཁྲོད་ནས་མཇུག་བསྡུས།
བོད་མི་རིགས་ཀྱིས་ལག་ཟུང་བྲང་ཁར་སྙིམ་བཞིན། མིག་ཟུང་གནམ་ལ་བཏེགས་སྟེ་འཁྲུངས་རབས་གསར་པ་ཞིག་གི་སྐྱ་རེངས་ལ་མགྲོན་བརྡ་བཏང་། འཕོ་འགྱུར་བླ་མེད་ཅིག་གི་དྲོད་འཇམ་ལ་ངང་སྒུག་བྱས། ཟད་མཐའ་མི་མངོན་པས་མགོན་པོ་མཆོག་གི་ཐུགས་སྟོབས་ལས། སྐུ་ཕྲེང་བཅུ་གཅིག་པའི་འཕྲིན་ལས་དཀར་པོས་ང་ཚོར་ཕྱི་གཤོལ་བྱེད་མི་སྲིད། འོན་ཀྱང་ལན་ཆགས་མ་དག་པའི་གངས་ལྗོངས་ཀྱི་ཁུར་བོ་དེའི་དབང་གིས། རིན་པོ་ཆེ་མཆོག་ཨ་མའི་ནུ་རྩ་ནས་བཀོག་སྟེ་རྒྱ་དམར་གྱི་སྡུག་ལས་ལྕི་བའི་བཙོན་ཁང་དུ་ཁྲིད། འདི་ནི་ཀུན་གཟིགས་མཆོག་སྤྲུལ་ཁོ་ནས་ལས་དབང་གི་འགན་འཁྲི་ཙམ་མིན་པར། བོད་མི་རིགས་ཀྱི་སྙིང་རྩ་ལ་གྲི་འཛུགས་བྱས་པའི་ལོ་རྒྱུས་ཀྱི་རྨ་ཁ་གསོན་པོ་ཞིག་ཡིན། དེའི་ཕྱིར། ང་ཚོས་ཀྱང་རིན་པོ་ཆེ། ཨོ་བརྒྱལ་མྱངས་སོང་། དད་འདུན་དང་མིག་ཆུ་གྲང་མོ་ཞིག་གི་སྐྱིན་ཚབ་ཏུ་དགུང་གྲངས་༢༢་ལ་ཕེབས་པའི་འཁྲུངས་སྐར་ལ་དྲན་གསོ་གཏོང་། སྨོན་ལམ་ཞུ། བོད་མི་རིགས་ཀྱིས་རིན་པོ་ཆེ་མཆོག་ནམ་ཡང་མི་བརྗེད་པའི་དམ་བཅའ་འཇོག
རིན་པོ་ཆེ། ཁྱེད་ཀྱིས་བློས་གཏོང་མི་ཐུབ་པའི་ང་ཚོ་དང་། ང་ཚོས་བརྗེད་པར་མི་ནུས་པའི་ཁྱེད་རང་ནི་རྒྱ་དམར་གྱི་དྲག་རྩུབ་རྣོན་པོའི་ཕར་ཚུར་ན་ཅི་འདྲའི་ལས་ངན་ཞིག་རེད་ཨང་།
རིན་པོ་ཆེ། ནམ་ཞིག་འཁྲུལ་སྣང་ལྟ་བུའི་རྨི་ལམ་གྱི་སྐྱེ་སྒོ་དེ་འགག་ནས། བདེན་པ་དང་ལས་འབྲས་ཀྱི་འཇིག་རྟེན་དབང་པོར་བཟུང་སྟེ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་ཅིང་། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་དཀའ་སྤྱད་ཀྱི་མཛད་འགན་ལ་འོ་བརྒྱལ་ཞུ་ཐུབ་པར་སྨོན།
བོད་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་ལོ།
་༢༠༡༢།༤།༢༥་ཉིན།