སོག་མདའ།
དམར་ཆུང་སྲོག་གི་རིན་ཆེན་ནོར་བུ་མེ་ལ་འབར་བའི་ཕུ་ནུ་ཡི།།
དཔའ་རྟགས་འཛིན་མའི་ཁྱོན་ན་གནས་པའི་བདེན་པའི་མེ་དཔུང་དམར་བོ་སྟེ།།
རུས་རྐང་ཚིག་པའི་མེ་ལྕེའི་ཁྲོད་ན་ད་དུང་སྐད་གསེང་མཐོར་སྒྲེང་དེ།།
གངས་རིའི་མགོན་པོ་རང་ཡུལ་ཕེབས་ནས་བོད་ཡུལ་ཞིང་ལ་རང་དབང་དགོས།།
འབོད་པའི་རེ་འདུན་རིན་ཐང་ཅན་པོ་སྲིད་གསུམ་གཡོ་བའི་འབོད་སྒྲ་རེད།།
ཤུལ་བཞུགས་ས་ཡ་དྲུག་གི་སེམས་ན་འོད་དུ་འཚེར་བའི་མུ་ཏིག་ཅིག །
མཐོན་པོ་དཔོན་གྱི་ཁྲི་ལ་འགྱིང་བའི་གདུང་དམར་བོད་པའི་མགོ་བདག་ཚོ།།
གཞན་ལ་རྒྱུགས་ཁྱིའི་རྔ་མ་མ་གཡུགས་རང་ས་སྲུང་བའི་ཐབས་ལ་བྲེལ།།
བར་ན་གཞུང་གི་ཕོག་ཟས་ཟ་བའི་ཁ་བ་བོད་པའི་ལས་བྱེད་ཚོ།།
རང་དོན་ཁོ་ནར་མགོ་བོ་མ་འཁོར་རང་ས་ངོ་མའི་ལ་རྒྱ་སོམས།།
ཞིང་ཚིགས་གྲུ་བཞིའི་མཐའ་ན་འགུལ་བའི་གངས་ཅན་བོད་ཀྱི་་ཞིང་བདག་ཚོ།།
རང་གི་ཞིང་ཚིགས་རང་གིས་གཉོར་ནས་དོན་གྱི་ཕ་ས་བདག་སྐྱོང་བྱོས།།
རྐང་བཞིའི་ལྷས་རྭའི་དཀྱིལ་ན་འཁོར་བའི་གདོང་དམར་བོད་པའི་རིགས་རྒྱུད་ཚོ།།
ནང་འཁྲུགས་འགྱོད་ཀྱི་འཐེན་ཁ་སྤངས་ནས་འབྲོག་གི་ཕ་ས་སྲུང་སྐྱོབ་དགོས།།
སྨྱུ་གུའི་སུག་ཆུང་གང་སར་གཡུག་པའི་རྩོམ་གྱི་བྱེད་པོ་མཁས་དབང་ཚོ།།
གསར་རྙིང་གཉིས་ཀྱི་གྱོད་དེ་མ་རྩོད་རང་དབང་ཞི་བདེའི་ལམ་སྣེ་སྟོན།།
དམར་སྨུག་ཆོས་གོས་སྐུ་ལ་གསོལ་བའི་དགོན་ན་བཞུགས་པའི་གྲྭ་བ་ཚོ།།
གྲོང་ཆོག་ཙམ་གྱི་ཆོས་ཤེས་མ་གནང་ནང་བསྟན་རིག་པའི་ཀློང་ཆེན་སློབ།།
གསེར་གྱི་ཁྲི་ཡི་སྟེང་ན་བཞུགས་པའི་ན་བཟའ་བཀླུབས་པའི་བླ་མ་ཚོ།།
བུམ་ཆུའི་བྱིན་རླབས་མགོ་ལ་མ་གཏོར་སེམས་ལ་ཕན་པའི་བསླབ་བྱ་སྟོན།།
ལྔ་རིག་འོ་མའི་བཅུད་བཟང་འཇིབས་པའི་སྙིང་གི་གཅེས་ཕྲུག་སློབ་བུ་ཚོ།།
ཕྱི་ཡིག་ཤེས་ན་ཕན་རེ་གནས་ཀྱང་དོན་གྱི་རང་སྐད་གཙང་མ་སློབ།།
སྙན་མོ་ངག་གི་དབྱངས་ལ་འགུགས་པའི་གངས་རིའི་ལྗོངས་ཀྱི་གླུ་བ་ཚོ།།
རྒྱ་མིན་བོད་མིན་གླུ་གཞས་མ་གཏོང་ཕ་སྐད་གཙང་མའི་བོད་གླུ་ལོངས།།
གདོང་དམར་བོད་པའི་རིགས་ལ་གཏོགས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ།།
ཤི་གསོན་གང་བྱུང་ཅི་ལ་ཐུག་ཡང་བོད་པ་རང་གི་རིག་གཞུང་སློབ།།
ཡུལ་གྲུ་སྟོང་གི་གནས་ན་གྱར་བའི་རིགས་མཐུན་ཁ་བའི་མཆེད་གྲོགས་ཚོ།།
རང་དོན་ཁོ་ནའི་མི་ཚེ་མ་སྐྱེལ་རང་རིགས་རང་གི་ལ་རྒྱ་སོམས།།
དོན་གྱི་རྡོག་རྩ་གཅིག་ལ་སྒྲིལ་དགོས་ཆོལ་གསུམ་ཕུ་ནུ་སྤུན་གསུམ་ལགས།།
སྐྱིད་སྡུག་འདྲེས་མའི་ལོ་ཟླའི་འོག་ནས་ང་ཚོའི་ལག་ཟུང་གཅིག་ལ་སྦྲེལ།།
སྤྱི་ཕན་ལྷག་བསམ་གྱི་འབོད་སྒྲ་རེ་རེ་ཟུང་བཅད་སྙན་ངག་འདིའི་མགོ་མཇུག་ཀུན་ན་ཡོད་པས་ཀུན་ནས་བསྟོད་པར་འོས། མ་མཐའ་ཡང་འདིསེམས་ཀྱི་ཞལ་འདེབས་ཤིག་ཡིན་ནི་རེད།
བོད་རིགས་ཆེ་དུ།
བཤད་ན་བོད་རིགས་ཆེད་དུ་ཤོད། །
ལས་པ་བོད་རིགས་ཆེད་དུ་གྱིས། །
གསོན་པ་བོད་རིགས་ཆེད་དུ་འཚོ། །
འཆི་བ་བོད་རིགས་ཆེད་འཆི། །