རིག་འཛིན།
ཤེས་རབ་འོད་སྟོངས་འབར་བའི་སློབ་བུའི་ཚོགས།།
རིག་པའི་ལང་ཚོ་བག་ལ་མ་བཞག་པར།།
ཉིན་མཚན་དབྱེར་མེད་བརྩོན་པའི་གྲུར་ཞུགས་ཏེ།
ལེགས་བཤད་རྒྱ་མཚོའི་ཕ་མཐར་སོན་པར་འཚལ།།
སྙན་གཞུང་སྤང་ལྗོངས་ཡངས་མོའི་སྐྱིད་ཚལ་དུ།།
དགའ་འཛུམ་སྤྲོ་དགས་མྱོས་པའི་ཁྱུ་བྱུག་ལྷན།།
སྒྱུ་རྩལ་ཉམས་འགྱུར་ཕྱུག་པའི་གསུང་དབྱངས་བཅས།།
བརྩོན་པའི་གཤོག་ཟུང་ཆད་མེད་འགུལ་བར་རྩོམས།།
ཕ་སྐད་དྭངས་མའི་སྐད་ཡིག་ཁྲིམས་ཁང་འདིར།།
ལེགས་པར་བརྟག་སྟེ་ཞིབ་མོའི་རིག་སྟོབས་ཀྱིས།།
བརྡ་སྤྲོད་རིག་པའི་ན་ཆུང་ཡིད་འོང་མ།།
ཐབས་ཤེས་ཟུང་དུ་འབྲེལ་ནས་བག་མར་བསུས།།
དུས་གསུམ་རྣམ་གཞག་གསལ་པའི་ལོ་རྒྱུས་གཞུང་།།
ཕྱོགས་རིས་ཞེན་འཁོན་བསམ་པས་མ་བསླད་པར།།
གཞུང་དྲང་རིག་པའི་བུ་ཆུང་བརྩོན་པས་སྐུལ།།
ལྷད་མེད་བདུད་རྩི་ངོམས་མེད་ཡང་ཡང་ཐུངས།།
དགའ་སྡུག་གཉིས་ཀྱི་མགྲོན་པོ་རེས་མོས་ངང་།།
གཟུགས་མེད་སེམས་ཀྱི་གནས་མོ་སྡུག་ལ་སྦྱར།།
སྐྱོ་བའི་སེམས་གསོ་ཟླ་གྲོགས་དམ་པའི་ཆོས།།
སྐད་གཅིག་ལྷོད་པ་མེད་པར་སྙིང་ནས་སྒོམས།།
སྲོལ་རྒྱུན་རིག་གཞུང་ཞེན་ཆགས་མི་འཛིན་ཨང་།།
དེང་དུས་ཤེས་ཡོན་གསར་གྲོགས་མི་བྱེད་པར།།
གཉིས་ཀའི་ལེགས་བྱ་དྭངས་མ་སྦྲང་རྩིའི་བཅུད།།
བློ་གསར་བུང་བའི་ཚོགས་ཀྱི་འཛེམ་མེད་མཆོད།།
སྙན་པོ་ཞེ་དྲག་བྱུང་་་་་་་་་་་ཚིག་ཉུང་ཉུང་ཞིག་ལ་དོན་གྱིས་ཕྱུག་པའི་རྩོམ་ཡིག་ཅིག་རེད་འདུག ཡིག་ནོར་ཁ་ཤས་ཤིག་ལས་་་་་་གཞན་སྡེབ་སྦྱོར་ཡག་པ་ལ་ཚོད་ཅིག་མི་འདུག
རྩམ་དགའ་ལགས་ཁྱེད་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ།