འོས་སྦྱོར་བ། ཁྲོ་གཏུམ།
༼ཀ་སྐྱེས་འཇིགས་མེད་རང་གྲོལ་ལགས་ཀྱིས་བརྩམས་པའི་<<སྐྱབས་རྗེ་བླ་མ་ངག་བློའི་རྣམ་ཐར།>>གྱི་ཚན་པ་ཞེ་བཞི་པ།༽
སྐབས་འདིར་ཨ་ནེ་གཡང་མོ་མཚོ། བཙོན་ཁང་དུ་ཁོང་ཉིད་བསུ་བ་ལ་ཇི་ལྟར་སོང་ཚུལ་ཞིག་བཤད་ན། ལོ་དེའི་དབྱར་ཟླ་ལྔ་བའི་བཅུ་སོ་ཞིག་ཏུ། ཉ་ལུང་སྡེ་བའི་ཞོལ་གྱི་སྡེ་རོང་ཐང་ཞེས་པར་ཞིང་ལ་ཡུར་མ་ཡུར་བར་འགྲོ་དུས། རྒྱ་མི་གཉིས་ཀྱིས་ལག་ཏུ་ཡིག་ཆ་འཇོག་སྤྱད་ཀྱི་ཁུག་མ་རེ་བཟུང་ནས་ཡར་ཉ་ལུང་དུ་བུད་སོང་། དེ་ནས་མོས་ཡུར་མ་ཡུར་བཞིན་པའི་ཉིན་གུང་གི་སྐབས་ཤིག་ལ། སྡེ་འདབས་ནས་མི་ཞིག་གིས་བོས་ཏེ་ཁྱོད་ཡུལ་ལ་ཤོག་ཟེར། དེ་ནས་ཞིང་གི་ཡུར་མ་ཡུར་མཚམས་བཞག་སྟེ་ཀུང་ཧྲེ་ནང་ལ་སོང་བས། ཉ་ལུང་དཔོན་པོ་བན་དེ་མཁར་དང་། ཨ་ལགས་ངག་ལོ་གཉིས་ལ་དག་སེལ་བྱུང་ནས་བཙོན་ཁང་ནས་གཏོང་བའི་ཆོག་མཆན་བཀོད་འདུག་ཅེས། གཏོང་ཡིག་བྱིན་པའི་ཡི་གེ་སྤྲད། ད་ནངས་སྔ་དྲོའི་རྒྱ་མི་དེ་གཉིས་ནི་གོང་རིམ་ནས་མངགས་པའི་ཡིག་སྐྱེལ་བ་ཡིན་འདུག
དེ་ནས་དཔོན་པོ་ཚང་ལ་ཁྱེད་ཚང་བཙོན་ཁང་དུ་བསུ་བར་འགྲོ་རྒྱུ་ཨེ་ཡིན་དྲིས་པས། ངེད་ཚང་འགྲོ་མི་དགོས་ཉིན་འགའི་རྗེས་ནས་ཡར་བསྐྱལ་ནས་ཡོང་གི་འདུག་ཟེར། དེ་ནས་ཕྱི་དྲོ་དེར་ཁོ་མོ་རོང་བོའི་ས་དཀྱིལ་ཨ་ཁུ་ཀརྨ་ཚང་ལ་སོང་ནས་གཏོང་ཡིག་བྱིན་པའི་ལོ་རྒྱུས་བཤད་པས། ཨ་ཁུ་ཀརྨ་ཡང་དགའ་ནས་ཡར་མར་ལ་འབྲེལ་གཏུགས་བྱས་ཏེ་སང་ཉིན་འབུད་ཤིང་འདྲུད་པའི་རླངས་འཁོར་ཞིག་ཡོད་པ་ལ་བཤད་ནས་འགྲོ་ཆད་བྱས་ཏེ། དགོང་མོ་དེར་ཕྱིར་ཉ་ལུང་ལ་ཡོང་ནས་བྲོ་ཁ་ལ་གོ་རེ་ཞིག་བསྲེགས་ཤིང་ལམ་ཆས་བྱས་ཏེ་ཕྱིའི་ནངས་མོ་སྔ་བར་སོང་བས་གནམ་འབབ་ཆེས་ནས། རླངས་འཁོར་ཁ་ལོ་བས་དེ་ཉིན་ལམ་ནས་མི་ཐར་བས་དེ་རིང་མི་འགྲོ་ཟེར། དེའི་ཉིན་བསྒུགས་ནས་ཕྱི་ཉིན་སྔ་མོར་ལམ་དུ་བུད་ནས་སོང་མུན་རུབ་མཚམས་ཤིག་ལ་ཟི་ལང་དུ་ཐོན།
དེ་ནས་མགྲོན་ཁང་ཞིག་ཏུ་བསྡད་པས་དེ་ན་རེབ་གོང་ཤ་བྲང་ནས་ཡིན་པའི་བཙོན་མ་བཙོན་གྲོལ་བྱས་མ་ཐག་པ་ཞིག་ཀྱང་དེར་ཡོད་པས་ཁ་བརྡ་བྱས་ན། ཁོ་བཙོན་ཁང་ནང་ནས་ཉིན་ཉི་ཤུའི་སྔོན་ལ་བཏང་ཡང་། ཕྱི་ལ་ཡོང་ནས་ཀྲི་ཀོན་ནང་ནས་ཡང་ཉིན་བཅོ་བརྒྱད་ཀྱི་རིང་ལ་ལས་ཀ་ལས་ནས་མ་གཏོགས་འགྲོ་རུ་མ་བཅུགས་ཟེར། དེ་དུས་དེ་ན་དམག་མི་གཉིས་ཡོད་པའི་རྩར་སོང་ནས་མོས་ཀྲི་ཀོན་ནང་ནས་འདུག་མི་དགོས་པ་ལ་ཅི་ཞིག་བྱེད་དགོས་ཚུལ་དྲིས་པས། དམག་མི་ཅིག་ཤོས་དེས་ཀྲི་ཀོན་ནས་འདུག་མི་དགོས་པ་བྱེད་ན། ཟི་ལང་གི་ཧྥ་ཡན་ནང་ནས་ཡི་གེ་ལེན་དགོ་ནི་རེད་ཟེར། དེ་ནས་ཡང་དམག་མི་དེ་ལ་ཁོ་མོས་ཞུ་བ་བྱས་ཏེ། ཨ་ཁུ་ལེ་ལེ་ངས་ཡི་གེ་དེ་ལེན་ཚུལ་ཅི་ཡང་མི་ཤེས་པས་ཁྱེད་ཀྱིས་ང་ལ་རོགས་ཤིག་བྱེད་རོགས་ཞུས་པས། དེ་ཡང་དམག་མི་བཟང་བོ་ཞིག་རེད། སང་ཉིན་ཧ་ཅང་སྔ་མི་དགོས་སྔ་སེ་ཁོ་ཚོས་བྱ་བ་ལས་ནི་མ་རེད། ང་ཚོའི་སྒོ་ཁ་འདིར་ཉི་མ་ཤར་ཡོད་དུས་ཁྱོད་ཤོག་དང་། ངས་ཁྱེད་ལ་ཡི་གེ་ལེན་རོགས་བྱ་ཟེར།
ཕྱི་ཉིན་ཡང་ཁོ་མོ་སྔ་སེ་ནམ་མ་ལངས་གོང་ས་དེར་སོང་ནས་བསྒུགས་བསྡད་པས། སྔ་ཉིན་ཁོས་བཤད་པ་ཇི་བཞིན་ཉི་མ་ཤར་མཚམས་སུ་ཁོ་ཐོན་བྱུང་། དེ་ནས་ཁོ་མོ་ཁྲིད་དེ་ཧྥ་ཡན་ནང་དུ་སོང་ནས་ཀྱང་ཕྱོགས་གསུམ་ནས་ཡི་གེ་དང་ཐེལ་ཙེ་བརྒྱག་དགོས་པས། དེ་དག་སོ་སོར་སོང་ནས་ཡི་གེ་ཁ་ཚང་ལེན་རོགས་བྱས་ནས་དམག་མི་ཁོས་ད་ཁྱོད་སོང་། ཁྱོད་ཀྱིས་ཡི་གེ་འདི་ལོ་གེའི་ཁྲང་གི་འགོ་ཁྲིད་ལ་བྱིན་དང་། ཁྱོད་ཀྱི་བཙོན་མ་དེ་ཀྲི་ཀོན་ནས་འདུག་མི་དགོས་ཟེར་ནས་ལམ་འཇུག་བྱས།
དེ་ནས་ལོ་གེའི་ཁྲང་དུ་སོང་བས་ཉིན་གུང་ཡོལ་ནས་འདུག གཏོང་ཡིག་དང་ཡི་གེ་དེ་དག་ཁྲང་ཀྲང་ལ་བྱིན་པས། དེ་མ་ཐག་ནས་ཅུང་མ་འགོར་བར་ཁོང་གི་བཙོན་གྲོགས་ཚོས་བསྐྱལ་ནས་བཙོན་ཁང་གི་སྒོ་ཆེན་དེ་ལས་ཁོང་ཕྱི་ལ་བུད་ཅིང་། བཙོན་གྲོགས་ཚོས་དེ་ལྟ་བུའི་ཉི་མ་ཞིག་ལ་རེ་སྒུག་གི་སྔམ་པ་འཐེན་ཞོར་ཁོང་ལ་གྱེས་ཕྱག་གི་ལག་འཇུ་དང་། ཁོ་མོ་ལའང་ཁྱེད་ནི་ལོ་ཟླ་འདི་དག་གི་རིང་ལ་སྐྱར་སྐོར་ཡང་སྐོར་བྱས་ཏེ་ཇི་འདྲའི་ཁྲེལ་གཞུང་ལྡན་པའི་བུ་མོ་ཡ་རབས་ཤིག་རེད་ཞེས། ཁོ་ཚོ་ཚང་མའི་མིག་ཀོང་དུ་འཁྱིལ་བའི་མཆི་མ་ཁྲ་ཁྱུག་ཁྱུག་བྱེད་པའི་སྐབས་སུ། ཁོ་ཚོའི་བར་གྱི་ལྕགས་སྒོ་ཆེན་པོ་དེ་ཁྲོབས་སེ་བརྒྱབས་སོང་།
དེ་དུས་ཁོང་གཉིས་ནི་བྱེའུ་དྲྭ་གཟེབ་ལས་ཐར་བའི་དགའ་སྤྲོ་ཞིག་དང་། ཡུལ་མི་དང་ལྷན་འཛོམས་ཀྱི་རེ་ཐག་ཁོང་ན་ཆད་པའི་བཙོན་གྲོགས་ཚོའི་ལས་དབང་ལ་སེམས་པའི་སྐྱོ་བ་ཞིག་གི་ངང་ནས། ཕྱི་ན་ཡོད་པའི་ཀྲི་ཀོན་ནང་དུ་ཡོང་། དེ་ནི་ལོ་གེའི་ཆ་ལག་ལྟ་བུ་ཞིག་ཡིན་པས། དེ་ནས་ལོ་གེ་བས་ཟས་སྐལ་བླངས་ཆོག་པས་དེ་ལ་སོང་ནས་མ་རྨོས་ལོ་ཏོག་གི་གོ་རེ་ཞིག་དང་། གྲོ་ཕྱེ་ཡིས་ལས་པའི་གོ་རེ་རྟི་ལི་ཙམ་ཞིག་བྱིན་པ་ཁྱེར་ཡོང་ནས་དེ་ན་ལས་ཀ་བ་ལ། ཆུ་ཁོལ་སྐོལ་ས་ཞིག་ཡོད་པ་ལས་ཆུ་ཞིག་བསྐོལ་ནས་འཐུང་། དེ་ནས་ལོ་གེའི་ནང་ནས་བཏང་བའི་བདེན་དཔང་གི་ཡི་གེ་མེད་ན་ཕྱིར་ཡུལ་ལ་སོང་ན་མཉམ་ལས་ཁང་གི་ལས་ཀ་ལས་ས་མི་སྟེར་བས། དེ་ཉིན་ཡི་གེ་དེ་མ་ལོན་ནས་དེའི་ནུབ་མོ་ཀྲི་ཀོན་འདུག་སའི་ཁང་ཆེན་ཞིག་ནས་མི་མང་པོ་ཞིག་དང་ལྷན་དུ་བསྡད། ཕྱི་ཉིན་ལས་ཀ་ལས་དགོས་ན་ཨ་ནེ་མོ་རང་ཁོང་གི་ཚབ་ཏུ་སོང་ཆོག་པས། མོ་རང་འགྲོ་ཆས་བྱས་བསྡད་པས་ལས་ཀ་བ་རྣམས་སོང་ཡང་ཁོང་ལ་ལས་ཀར་ཤོག་ཟེར་བ་མ་བྱུང་ནས། ར་སྐོར་དེའི་མཐའ་ན་མཚོ་འཁྱིལ་དང་བཙུགས་སྡོང་སོགས་ཡོད་སའི་སྤྱི་གླིང་ཞིག་འདུག ཁོང་གཉིས་འཆམ་འཆམ་ལྟ་བུར་དེ་དག་ཏུ་སོང་བས། སྤྱི་གླིང་དེ་ན་མེ་ཏོག་དང་། ལྗོན་ཤིང་དང་། སྐྱིལ་ཆུ་སོགས་ཡིད་དུ་འོངས་པ་ཡོད་ལ། ད་དུང་བྱེའུ་སྣ་ཚོགས་དང་། ཁྱད་པར་ཕང་ཕུང་གཡོ་བའི་ལྗོན་ཤིང་གི་ལོ་མའི་གསེང་ན། ལྷ་བྱ་ཁུ་བྱུག་གིས་སྐད་སྙན་སྒྲོག་ཅིང་འདུག་པས། ཁོང་རྣམ་གཉིས་ཀྱི་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བའི་སྔོན་ལྟས་བཟང་བོ་རུ་ཤར་བ་ལོས་ཡིན།
ཉིན་གུང་ཐོན་ཙམ་ན་རྗེས་ནས་མི་ཞིག་གིས་བོས་བྱུང་། མྱུར་བར་སོང་བས་བཙོན་ཁང་ནས་བཏང་བའི་ཡི་གེ་ཡང་བྱིན་ཏེ། ད་ཀྲི་ཀོན་ནས་འདུག་མི་དགོས་བས་སོང་ཆོག་ཟེར། དེ་ནས་ཤིང་རྟ་ཞིག་གླས་ཏེ་མལ་གོས་སོགས་དངོས་པོ་རྣམས་དེ་ལ་བཞག་ནས་ཟི་ལང་གྲོང་ཁྱེར་དུ་ཡོང་། དེ་ནུབ་ཟི་ལང་ནས་བསྡད། ཕྱི་ཉིན་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་རེབ་གོང་གི་ས་དཀྱིལ་ཨ་ཁུ་ཀརྨ་ཚང་དུ་ཡོང་། ཁོ་ཚོ་ཡང་དགའ་ཐག་ཆོད་ནས་ཡོད་ཚོད་འཛོམས་ཚོད་ཀྱིས་ཟས་སྟོན་དང་། དགའ་སྐྱོ་གཉིས་འཛོམས་ཀྱི་ཁ་བརྡ་སོགས་བྱས་སོ།།
ཆ་ཚང་བཀླགས་པ་ཡིན།ཁྲོ་གཏུམ་ལགས།འདིའི་རྩོམ་བྱང་ལ་དེབ་མིང་དེ་བཀོད་ན་རྗེས་མ་བཙལ་བདེ་བོ་དང་མུ་འགོད་ཡིན་པ་ཡང་ཤེས་སླ་ཐུགས་རྗེ་ཆེ།
ཡག་གི་སྲ་ཀི