——རྨ་བུ་གསེར་སྨྱུག
དུས་ཚོད་དང་ལོ་ཟླའི་བར་གསེང་ནས
ཉིན་མཚན་ཡུག་གཅིག་ཏུ་སྦྲེལ་བའི་སྣེ་མོར
ད་དུང གནམ་སའི་བར་མཚམས་ནས
ཕྱིར་མངོན་པའི་ཁྱེད་ཀྱི་གྲིབ་གཟུགས་དེ་ནི
ངའི་ཕྱིར་དྲན་དང་རེ་སྒུག་ཁྲོད་ཀྱི་ཁྱོད་ཁོ་ན་ཡིན།
ངའི་དྲན་གདུང་དང་རེ་སྒུག་ཁྲོད་ཀྱི་ཁྱོད
ཕ་མཐའ་མི་མངོན་པའི་རྒྱ་མཚོ་ཆེན་མོ་ཞིག་ཡིན་ན
ང་ནི་དེ་ལ་འཁོར་བའི་གསེར་མིག་ཉ་མོ་དང
ངང་པ་གསེར་གཤོག་ཅན་ཚོ་ཡིན་ན་འདོད
གལ་ཏེ་ཁྱོད་རྩ་ཐང་སྟེང་གི་མེ་ཏོག་སེར་ཆེན་དེ་ཡིན་ན
ང་ནི་དེ་ལ་འཁོར་བའི་གཡུ་སྦྲང་གཞོན་ནུ་དེ་ཡིན་སྲིད
ངའི་དྲན་གདུང་དང་རེ་སྒུག་ཁྲོད་ཀྱི་ཁྱོད།
གལ་ཏེ་ཁྱོད་ཀྱི་གྲིབ་གཟུགས་ལ
ཁེར་རྐྱང་ངས་མིག་ཟུང་ཕྱོགས་ཡོད་པ་མཐོང་ཡོད་ན
ང་ལ་ལན་ཞིག་གནང་རོགས
ངའི་ལང་ཚོ་ཡི་མེ་ཏོག་དང
ཤ་ཁྲག་གདོས་བཅོས་ཀྱི་ཕུང་པོ་འདི
ས་ཡི་ལྷ་མོའི་ཞལ་དུ་མ་བསྟིམ་བར་ན
ངས་ཁྱོད་སྒུག་ཡོད།
རྒྱ་གར་ལྷོ་ཕྱོགས་རྨ་བུ་གསེར་སྨྱུག་ནས
ལེགས་སོ་