ཟླ་བ་ཆོས་གྲགས།
ཉི་ཟེར་ལྷོ་མཐའ་ནས་བཞུད་སོང་། །
ཟླ་བ་ཁེར་རྐྱང་དུ་བུད་སོང་། །
དམར་སེར་མཚམས་སྤྲིན་གྱི་གསེབ་ནས། །
སྐར་ཚོགས་འོད་མདངས་ལ་སྒུག་ཡོད། །
དཔོན་ཆེན་གཞན་ཡུལ་དུ་ཕེབས་སོང་། །
འོག་སྡེ་མགོན་མེད་དུ་གྱུར་སོང་། །
གཞན་ཁྲིམས་བཙན་པོ་ཡི་ཞབས་ནས། །
རེ་སྒུག་གསར་སྐྱེས་ལ་བྱས་ཡོད། །
དབྱར་གྱི་དྲོད་ཐིག་དེ་ཡལ་ནས། །
ཉ་མོ་འཁྱགས་རུམ་ཏུ་ཚུད་སོང་། །
དགུན་ཆུ་གྲང་ངར་གྱི་སྦུག་ནས། །
རེ་སྒུག་དཔྱིད་དུས་ལ་བྱས་ཡོད། །
འབྲས་ལྡན་ལང་ཚོ་དེ་རྫོགས་ནས། །
རྫ་མགོ་ཁ་བ་ཡིས་བཟུང་སོང་། །
ནག་ནོག་ལྷག་རླུང་གི་ཁྲོད་ནས། །
རེ་སྒུག་སྦྲང་ཆར་ལ་བྱས་ཡོད། །
ཕ་ས་གངས་ལྗོངས་ནས་གྱེས་ཏེ། །
ཕྱི་གླིང་འཁྱམ་པོ་རུ་གྱུར་སོང་། །
རྒྱུས་མེད་རྒྱལ་ཁམས་ཀྱི་ཀློང་ནས། །
འདུན་པ་ཤེས་རིག་ལ་བརྩོན་ཡོད། །
བྱམས་ལྡན་ཕ་མ་དང་བྲལ་ནས། །
བུ་ཆུང་མགོན་མེད་དུ་གྱུར་སོང་། །
ཁེར་རྐྱང་འཚོ་བ་ཡི་ཁྲོད་ནས། །
རེ་སྒུག་འབྱུང་འགྱུར་ལ་བྱས་ཡོད། །
བཀྲ་ཤིས་བདེ་ལེགས་ཞུ།
འདི་སྙན་པོ་ཞིག་ཡིན་པ་དང་ནང་དོན་ཡང་གོ་ཐུབ་ཀྱི་འདུག
རེ་བ་བྱེད་དགོས།
རེ་སྒུག་མ་གྱིས།
འཆར་གཞི་བཀོད་དགོས།
ལག་ལེན་མ་གཤོལ།