ལྷ་ཐོག་འཆི་པོ་རྒྱལ།
བོད་རིགས་ཚོ་ལ་ཕུལ།
གདོང་དམར་པོ་རྩམ་ཟན་བོད་རིགས་ཚོ།།
ཤོག་ཕྱོགས་ལྷུང་ཁྱེད་ཚོའི་བསམ་པ་མིན།།
རང་རིགས་རྒྱུད་བརླག་ལ་ཉེ་བའི་དུས།།
རོགས་ནང་ཚང་མཐུན་ན་རྒྱལ་ཁ་ཡིན།།
བླ་མ་ཚོ་ལ་ཕུལ།
ཁྲི་མཐོན་པོར་བཞུགས་པའི་བླ་ཆེན་ཚོ།།
རྒྱུ་འབྱོར་བ་ཁྱེད་ཚོའི་ཕུགས་བསམ་མིན།།
ཆོས་དགེ་བ་བྱམས་དང་སྙིང་རྗེ་སོགས།།
འབངས་མྱི་ལ་བསྟན་ན་བྱིན་རླབས་ཡིན།།
དཔོན་རིགས་ཚོ་ལ་ཕུལ།
ཐོབ་གོ་སའི་སྲིད་དབང་དཔོན་རིགས་ཚོ།།
མིང་སྙན་གྲགས་ཁྱེད་ཚོའི་དམིགས་འདུན་མིན།།
འཆི་གསོན་ལ་ངེས་མེད་ཆོལ་གསུམ་གྱི།།
སྲོག་རིན་ཆེན་བསྲུང་ན་སྙན་གྲགས་ཡིན།།
གྲྭ་བཙུན་ཚོ་ལ་ཕུལ།
གོས་དམར་པོ་གྱོན་པའི་གྲྭ་བཙུན་ཚོ།།
ལས་འཁོར་བ་ཁྱེད་ཚོའི་བྱ་སྤྱོད་མིན།།
ཐབས་ཤེས་རབ་ཟད་པའི་མི་དམངས་ལ།།
ལས་དགེ་སྡིག་བསླབ་ན་ཆོས་སེམས་ཡིན།།
མཁས་དབང་ཚོ་ལ་ཕུལ།
ཤེས་རིག་གནས་ལྡན་པའི་མཛངས་མི་ཚོ།།
རྩོད་རྙོག་དྲ་ཁྱེད་ཚོའི་གྲུབ་མཐའ་མིན།།
བློ་རིག་པ་རྨོངས་པའི་རང་རིགས་ལ།།
བླང་དོར་གཞི་བསླབ་ན་མཁས་རྟགས་ཡིན།།
དགེ་རྒན་ཚོ་ལ་ཕུལ།
ཁ་སློབ་མར་གཏད་པའི་དགེ་རྒན་ཚོ།།
ཟླ་གླ་ཕོགས་ཁྱེད་ཚོའི་རེ་སྒུག་མིན།།
རིགས་གཅིག་གི་སོན་རྩ་ན་ཆུང་ཚོའི།།
བློ་མུན་པ་བསལ་ན་བརྗིད་ཉམས་ཡིན།།
སྐྱེས་པ་ཚོ་ལ་ཕུལ།
ཕ་ཁྱོ་ག་ཁུ་བའི་བདག་ཉིད་ཚོ།།
གྲི་མཚོན་ཆ་ཁྱེད་ཚོའི་འགྲོགས་རོགས་མིན།།
ཤེས་ཡོན་ཏན་ལྡན་དང་མ་ལྡན་མེད།།
རིགས་ནང་ཁུལ་མཐུན་ན་རྩེ་ཕུད་ཡིན།།
བུད་མེད་ཚོ་ལ་ཕུལ།
ཁྱིམ་འཛིན་པའི་སྨན་ཤར་བུད་མེད་ཚོ།།
རོགས་ནང་དཀྲུགས་ཁྱེད་ཚོའི་རྒྱན་ཆ་མིན།།
ནོར་ལོངས་སྤྱོད་འབེལ་དང་མ་འབེལ་མེད།།
དུས་རྒྱུན་དུ་བཟང་ན་ནང་རྒྱན་ཡིན།།
སློབ་མ་ཚོ་ལ་ཕུལ།
བློ་རིག་པ་ཅན་གྱི་སློབ་མ་ཚོ།།
མགོ་རྣམ་གཡེང་ཁྱེད་ཚོའི་རོལ་བྱ་མིན།།
ཤེས་རིག་གནས་ནོར་བུ་དོ་ཤལ་དེ།།
དཀའ་སྤྱད་ནས་ལོན་ན་གཟི་བརྗིད་ཡིན།།