བསྟན་འཛིན་འོད་ཟེར།
དགུན་གྱི་ཁ་བ་དེ་ལྷོད་ལ་བབས་ཐལ།།
དཔྱིད་ཀྱི་དཔལ་མོ་དེ་འཛུམ་གྱིས་བསུས་ཐལ།།
གནམ་ལོ་གསར་བ་ཡི་ཅོང་བརྡ་གྲགས་ཐལ།།
གྲོགས་པོ་ལྷན་འཛོམས་ཀྱི་ཉིན་མོ་སླེབས་ཐལ།།
ཤིང་ཕོ་རྟ་ལོ་ཡི་ཚེས་པ་དང་པོ།།
དྲི་ཞིམ་གསེར་ཤུག་དང་འབྲུ་སྣ་གང་འཛོམས།།
བསང་དུད་སྤྲིན་དཀར་གྱི་འདབ་མ་འདྲ་ཞིག །
ལྷ་དང་སྲུང་མ་ཡི་ངོ་སོ་བསྟོད་ཡོད།
འབྱུང་འགྱུར་ལོ་ཟླ་འདིའི་དམིག་ཡུལ་གསོན་པོ།།
ཡ་ཆུང་གངས་དཀར་གྱི་ཤོག་བུ་ཞིག་ལ།།
ལྷད་མེད་རེ་འདུན་གྱི་སྨྱུག་རྩེ་ཞིག་ནས།།
སྨོན་ལམ་ཚིག་གསུམ་གྱི་རི་མོ་བྲིས་ཡོད།།
འཛམ་གླིང་མཐོ་སྒང་གི་གངས་དཀར་རྩེ་ན།།
གངས་རིའི་ཡ་བདག་དེ་དུང་སེང་དཀར་མོ།།
ཏི་སེ་མཆོད་རྟེན་གྱི་བང་རིམ་མཐོན་པོར།།
ཆེ་དགུའི་རྔམ་སྟབས་ཀྱིས་འགྱིང་བ་བྲིས་ཡོད།
བཙན་པོའི་ཕོ་བྲང་གི་དབུ་རྩེ་གོང་མར།།
གསེར་མདོག་ཉི་ཟེར་གྱི་འོད་སྟོང་འཁྱུག་ནས།།
མུན་པའི་སྨག་རུམ་ན་ཆོ་ངེ་འདེབས་པའི།།
འབྱུང་བོའི་བྱ་ཐན་དེ་བསྐྲད་པ་བྲིས་ཡོད།།
བཙན་པོའི་འཁྲུངས་རབས་ན་གསེར་གྱི་ཁྲི་བདག །
ད་ལྟའི་དུས་རབས་ན་ཞི་བདེའི་མངའ་བདག །
ཞབས་སེན་ལྷ་མིའི་ཅོད་པན་དུ་བཀུར་བཞིན།།
དམར་པོའི་ཕོ་བྲང་ན་བཀོད་པ་བྲིས་ཡོད།།
ལྷ་བསང་དུད་པ་སྤྲིན་དཀར་དང་འདྲེས་ཡོད།།
དད་པའི་ཐལ་མོ་སྙིང་དབུས་ན་ཟུམ་ཡོད།།
རེ་སྨོན་རི་མོ་སེམས་གཏིངས་ནས་བྲིས་ཡོད།།
ཇི་བཞིན་འགྲུབ་པའི་རེ་སྒུག་དེ་བཅངས་ཡོད།