ལྷ་བསང་གཏོང་རོགས། ཆོས་དུང་འབུད་རོགས།
ཁྱེད་རང་མ་གཞི་ནས་བསང་ཁྲི་སྔོན་པོ་ཞིག
ཁྱེད་རང་གདོད་མ་ནས་ལྷ་སྒྲུང་ནག་པོ་ཞིག
རེབ་གོང་ཨཱ། ཕ་ཡི་རུས་ཟད་ཅིང་མ་ཡི་ཟུངས་འཐོར་བའི།
ལོ་རྒྱུས་ཀྱི་བླ་མཁར་སྨུག་པོ་ཨང་།
ཁྱེད་ནི། མཚམས་ལན་རེ་རེར།
མཐོན་པོའི་སྒང་ན་རྒྱུ་བའི་བསིལ་མོ་རླུང་དང་འདྲ་ཞིང་།
ཁྱེད་ནི། མཚམས་ལན་རེར།
དམའ་མོའི་གཞོངས་ན་འབབ་པའི་དྭངས་མོ་ཆུ་དང་མཚུངས་ཏེ།
བཙན་པོའི་སྙིང་ན་ཁྲག་དྲོན་ལྷོག་ལྷོག་འཁོལ་ཅིང་།
ཟེར་འོད་ལམ་ལམ་འཚེར་བའི་རོང་བོ་དགོན་ཆེན་ཉིད་ནི།
སྔོན་མོའི་སྤང་ན་འགྱིང་བའི་སྦྲ་ནག་ཁེར་རྐྱང་ངམ།
སྨུག་པོ་རྫ་ན་གཤར་བའི་འབྲོང་རྒོད་དར་མ་ཨང་།
རེབ་གོང་ཨཱ། ཕ་ཡུལ།
ས་རྡུལ་ལ་འཇགས་པ་མེད་ཅིང་ལོ་རྒྱུས་ལ་ཉམ་ང་འཚེར་བའི་རེབ་གོང་།
ཁྱེད་ནི། བླངས་ན་གཞས་དང་འདྲ་ཞིང་ལྡིང་ན་བྲོ་དང་མཚུངས་ཨང་།
དབུལ་བོ་ཚོས་མཐིང་མདོག་གི་རྨི་ལམ་རྨིས་སའམ།
ཕྱུག་པོ་ཚོས་ཚོན་མདོག་གི་གཡུ་བྱུར་ངོམ་ས་སྟེ།
མི་རྐྱང་ཚོས་ཆང་ཕོར་ལ་ཞབས་དག་རྒྱག་ས་ཉིད།
ཞོགས་པ་དང་ས་སྲོད་རེ་རེར།
སྨུག་ལོང་གི་དུད་ཞགས་བསྐྱིལ་བའི་ལུང་གཞུང་དམར་པོ་འདི།
བཤས་མ་ཐག་པའི་གཡག་རྒན་ཞིག་གི་ཁོག་པ་ལྟར།
རླངས་པ་ཐུ་ལུ་ལུ། དྲག་ཆར་ཤ་ར་ར།
རྒྱུ་རྐྱེན་ཡོད་མེད་ཀྱི་མཚམས་ནས།
དུས་ཚིགས་དང་ཉིན་མཚན་ལ་ངེས་པ་མེད་དེ།
ནམ་རྒྱུན། སྨྲེང་བ་སེམས་སུ་བསྙལ་ནས་བལྟས་ཚེ།
ཁྱེད་ཉིད། སྐབས་སྐབས་སུ།
རྒོད་པོ་བཞིན་ནམ་འཕང་སྟོད་ཅིང་།
ཁྱེད་ཉིད། སྐབས་སྐབས་སུ།
སྟོན་ལོ་བཞིན་ཆུ་མོར་ཟགས་ཀྱིན་འདུག
དེ་ནི། ཁྱེད་ཀྱི།
ལས་ཉོན་གྱི་སྒྲིབ་པ་མ་དག་པའི་སྡིག་འབྲས་ཡིན་ཡང་སྲིད་ལ།
དེ་ནི། ཁྱེད་ཀྱི།
བླ་གནས་ཀྱི་ནོར་བུ་རྨང་ནས་འགྱེལ་བའི་སྔ་སྟས་ཡིན་ཡང་རུང་།
གང་ལྟར། རེབ་གོང་ཨཱ།
དཔྱིད་ཆར་ཟམ་ཟིམ་གྱི་དྭངས་གཙང་བར་ནས།
རྩྭ་ལྗང་མྱུ་གུ་ཡི་ནེམ་ཤའི་ཁྲོད་ནས།
ལོ་མ་དེ། ཁྱེད་ཀྱི་འཛུམ་ཆུང་བཞིན།
ལོ་མ་དེ། ཁྱེད་ཀྱི་དུངས་བརྩེའོ།
རེབ་གོང་། རྒྱུད་སྐུད་མེད་པའི་པི་ཝང་འབྲུག་མགོ་མ་དེ།
ཁྱེད་རང་ཡིན་མི་སྲིད།
བསིལ་གྲིབ་མེད་པའི་ཟླ་བ་སྒོར་སྒོར་དེའང་།
ཁྱེད་རང་ཡིན་མི་འོས།
ཁྱེད་རང་། མི་རྗེ་སུ་ལ་ཆམ་པ་ཕོག་ན།
ཐོག་མར་སྣ་སྦྲིད་རྒྱག་མཁན་དེ་ཡིན།
ཁྱེད་རང་། ཐབ་ཚང་གང་ལ་མེ་བུས་ན།
ཐོག་མར་དུ་བ་འཕྱུར་ས་དེ་ཡིན།
རེབ་གོང་། ཁྱེད་ཀྱི་ལོ་རྒྱུས་ཀྱི་སྙིང་ཀ་བཤགས་ནས།
ཁྱེད་ཀྱི་སྤྱན་ཆབ་ཏུ་འབབ་པ་དེ་དགུ་ཆུ་ཡིན་ནམ།
ད་ལྟ། དགུ་ཆུ་ལ་རླབས་ཕྲེང་མི་འདུག དྭངས་གཙང་མི་འདུག
དགུ་ཆུའི་མགོ་ཁུངས་ན་རང་ཉིད་འཁྲུལ་བའི་མེ་ལོང་ཞིག
ལྟེམ་ལྟེམ་བསྐྱིལ་ནས་འདུག
ཡུལ་མི་ཚོའི་སྙིང་ལ་ཟུག་པའི་མེ་ལོང་ཞིག
ལྟེམ་ལྟེམ། ལྟེམ་ལྟེམ་བསྐྱིལ་ནས་འདུག
ང་ཡི་ཡུམ་ཆེན་ལྟ་བུའི་རེབ་གོང་ཨ།
ནམ་ཞིག ལྟེམ་ལྟེམ་བསྐྱིལ་བའི་མེ་ལོང་ལས་རང་ཉིད་མི་འཆར་ཚེ།
ཁྱེད་ཀྱི་སྒྱུ་རྩལ། ཁྱེད་ཀྱི་རིག་པ། ཁྱེད་ཀྱི་མེས་པོ་དག
ཡོད་ཚད་ལ་བདག་པོ་སུ་ཡིས་རྒྱག རླུང་རྟ་སུ་ཡིས་སྤུར།
རེབ་གོང་། ལོ་ཟླའི་སྐྱུག་ལྡད་ཀྱི་སོ་བར་ནས།
དཔྱིད་ཀ་སྔ་མོ་ནས་བསླེབས་ཟིན་ན་ཡང་།
ཁྱེད་རང་ད་དུང་དགུན་ཉལ་ལ་རོལ་དོན་ཅི།
ཡུལ་མི་ཚོས། ལོ་སར་མཇུག་བསྡུས་མ་ཐག་གི་གོ་གྱོང་ཧྲུག་ཧྲུག་ཏུ་བཅགས་ཤིང་།
འབུ་རྐོ་ལ་ལམ་ཆས་རྒྱག་གིན་འདུག་གམ
ནམ་ཟླའི་འགྱུར་བག་ལ་དོགས་སློང་མེད་པར།
ཕ་ས་བྱ་ཁྱུང་དཀར་བོའི་ཕང་བ་ན།
ཁྱེད་ཀྱི་བླ་དང་སྲོག་གི་རུས་རྐང་མ་ལུས་པར།
ཟུངས་ཤུགས་ལྷོག་ལྷོག་བསྩོལ་བྱེད་དེ་དབྱར་རྩྭ་དགུན་འབུ་ཡིན་ཨང་།
རྨོ་བོའི་གནའ་གཏམ་གྱིས་ཁྱེད་ཀྱི་ནང་རོལ་ལ་མཆོད་མེ་སྦར་ཞིང།
སྤོ་བོའི་རྨོན་དོར་གྱིས་ཁྱེད་ལ་སྤོབས་པ་བསྩལ་ནའང་།
ད་ནི་ཁྱེད་རང་།
ཕྱི་ཤུན་མེད་པའི་རྫ་རི་སྨུག་པོ་དེ་ཡིན་ཚོད་མི་འདུག
ཉི་ཟླའི་གཟི་བྱིན་འདེགས་པའི་གྱད་མི་དེའང་གཞར་ནས་མ་ཡིན།
རྔ་མོང་བཞིན་མི་ཚེའི་དཀའ་སྡུག་དང་འགྲུལ་བཞུད་ལ།
རྗེས་ཤུལ་ཙམ་ཡང་མེད་པའི་ཡུལ་གྱར་བ་དག
ཆུང་དུས་གྱེས་འདོད་ཅིང་རྒས་དུས་ལོག་འདོད་པའི་ཕ་ཡུལ།
ལྷ་བསང་གཏོང་རོགས། ཆོས་དུང་འབུད་རོགས།
ཁྱེད་རང་མ་གཞི་ནས་བསང་ཁྲི་སྔོན་པོ་ཞིག
ཁྱེད་རང་གདོད་མ་ནས་ལྷ་སྒྲུང་ནག་པོ་ཞིག
མུ་མཐུད་།
2011ལོའི་ཟླ4ཚེས23ཉིན།
ཕྱི་ཡུལ་ནས་གྲོགས་ཀྱི་སྙན་ངག་རིང་མོར་མཇལ་བས་སྤྲོ་བ་སྐྱེས།
ས་དཀྱིལ་ཚེ་བཀྲ་བཙན་བྱོལ་ལ་འབྱོར་ཡོད་དམ།
བཀྲ་ཤིས་བདེ་ལེགས་ཞུ།