སྤྲིན་པ་དཀར་བོ།
རེབ་གོང་། བྱ་ཁྱུང་རི་རྩེ་ན་འཁོར་བའི་སྨུག་སྤྲིན་དེ་ཁྱེད་ཀྱི་སེམས་ངལ་ཡིན་ནམ།
སྟག་ལུང་རི་རྩེ་ན་ཆགས་པའི་ཁ་བ་དེ་ཁྱེད་ཀྱི་མིག་ཆུ་ཡིན་ནམ།
དགུ་ཆུ་སྔོན་མོ་ཡི་འགྲམ་དར་དེ་ཁྱེད་ཀྱི་དཔའ་དར་ཡིན་ནམ།
ཞི་བདེ་ཡི་སྤྲིན་པ་འཚོལ་བའི་ཁྱོད། ལ་རྒྱ་ཡི་སྐར་ཚོམ་འཐུ་བའི་ཁྱོད།
སུ་ཞིག་གི་ནམ་མཁའ་ལ་མཐིང་མདོག་གི་རྨི་ལམ་བསྐྲུན།
སུ་ཞིག་གི་ས་གཞི་ལ་སྟོབས་ཤུགས་ཀྱི་ལང་ཚོ་སྦྱིན།
རེབ་གོང་། སྦྲ་རོག་རོག་ཅན་གྱི་ཁྲི་སྡེ།
རེབ་གོང་། ཁང་སྐྱ་ལེབ་ཅན་གྱི་ཁྲི་སྡེ།
ཉི་ཟླ་སྐར་གསུམ་འདི་ཁྱེད་ཀྱི་བླ་རི་ཡིན་རབས་ཟེར།
དབྱངས་གསལ་སོ་བཞི་འདི་ཁྱེད་ཀྱི་ཚེ་སྲོག་ཡིན་རབས་ཟེར།
མདོ་དབུས་མཐོ་སྒང་འདི་ཁྱེད་ཀྱི་གནས་མལ་ཡིན་རབས་ཟེར།
རེབ་གོང་། ཁྱེད་ཀྱི་ནམ་མཁའ་དེ་ལྷ་ཚོགས་ཀྱི་བཞུད་ལམ་ཡིན་ཚེ།
ལྷ་ཚོགས་ནི་རོལ་མོ་ཞིག་གི་དབྱངས་རྟར་འཐམས་ཡོད་ངེས།
དབྱངས་རྟ་དེ་ཡང་ཚེ་སྲོག་ཅིག་གི་འབོད་སྐུལ་ཡིན་ན།
ཚེ་སྲོག་དེ་ནི་བསུབ་མི་ཐུབ་པའི་རྒྱུ་འབྲས་ཀྱི་རྐང་རྗེས་དེ་ཡིན་ངེས།
ད་དུང་། མི་རྗེ་སྲོང་བཙན་ལ་མཛད་བཟང་གི་སྙན་ཞུ་དབུལ་དགོས་ཚེ་ཁྱེད་ནི་ནང་བློན་ཐོག་མའི་གྲས་ཡིན་ལ།
ལོ་རྒྱུས་དེབ་ཐེར་གྱི་བང་རིམ་མཐོ་རུ་བརྩེག་དགོས་ཚེ་ཁྱེད་ནི་ཤོག་ལྷེ་མང་ཤོས་དེ་ཡིན།
རེབ་གོང་།
ལ་རྒྱའི་དཔའ་སྐད་དང་འདྲེས་པའི་ཁྱེད་ཀྱི་མེ་ལྕེ་དམར་བོ་དེ།
རྡ་སའི་རི་གྲོང་ནས་འཁྱིལ་བའི་མར་མེ་དང་བསྔོ་སྨོན་ག་ལ་ཡིན།
རེ་སྨོན་ཁྲི་ཕྲག་དང་བསྡེབས་པའི་ཁྱེད་ཀྱི་ཞལ་ཆེམས་བཀའ་ཡིག་འདི།
རྡ་སའི་རི་འདབས་ནས་གྱེར་བའི་ཁ་ཕོ་དང་དཔའ་གཏམ་ག་ལ་ཡིན།
རེབ་གོང་ན། སྔོན་མའི་དུས་སུ།
སྐལ་ལྡན་རྒྱ་མཚོ་ཞེས་པའི་གྲུབ་ཆེན་ཞིག་གི་མཛད་བཟང་ཡོད་ལ།
དགེ་འདུན་ཆོས་འཕེལ་ཞེས་པའི་མི་བུ་ཞིག་གི་རྐང་རྗེས་ཡོད།
རེབ་གོང་ན། ད་ལྟའི་དུས་སུ།
མེ་ལྕེ་ཀློང་ནས་བཞུད་པའི་དཔའ་བོ་དཔའ་མོའི་སྙིང་སྟོབས་ཡོད་ལ།
སྟོབས་ཤུགས་ཆིག་སྒྲིལ་དང་དྲང་བདེན་གྱི་འབོད་སྒྲའི་ཐ་ཚིག་ཡོད།
དོན་ངོ་མར། ཁྱེད་ཚོ་ནི་རེབ་གོང་ཞེས་པའི་མིང་ཡིག་འདི་མཐོ་རུ་བསྒྲེངས་མཁན་གྱི་དར་ཆ་ཡིན།
ཁྱེད་ཚོ་ནི་བོད་ཞེས་པའི་མི་རིགས་འདི་གནམ་སར་བསྒྲགས་པའི་ཕོ་ཉ་ཡིན།
རེབ་གོང་། མཁའ་དབུགས་ནག་པོ་ཞིག་གི་བར་གསེང་ནས།
ཁྱེད་ཀྱིས་སུ་ཞིག་ལ་དྲང་བདེན་གྱི་རྒྱལ་གླུ་ལེན།
རྣ་བ་འོན་པའི་སྤྱང་ཚོགས་ཀྱིས་མགོ་རྔ་མེད་པའི་ངུ་རྒྱངས་སྒྲོག་བཞིན།
ཁྱེད་ཀྱི་མངའ་ཐང་མིག་ཟུང་བགྲད།
བར་སྐབས་འདིར། ཁྱེད་ཀྱི་ལྷ་ཚོགས་གང་ན་ཡོད།
ཁྱེད་ཀྱི་རྨི་ལམ་སུ་ལ་གཏད།
རེབ་གོང་ཡ། རེབ་གོང་།
འདི་ན་ཡུལ་གྱར་བ་ཞིག་གིས་ཁྱེད་ཀྱི་མིང་ཡིག་འཇིག་རྟེན་མི་ལ་སྒྲོག་བཞིན་ཡོད།
འདི་ན་ཡུལ་གྱར་བ་ཞིག་གིས་མྱ་ངན་གྱི་རོལ་དབྱངས་ཤུགས་ཀྱིས་སྒྲོག་བཞིན་ཡོད།
འདི་ན་ཡུལ་གྱར་བ་ཞིག་གིས་སེམས་འཚབ་ཀྱི་ཤུགས་རིང་ལྐོག་ནས་འབྱིན་བཞིན་ཡོད།
འདི་ན་ཡུལ་གྱར་བ་ཞིག་གིས་མིག་ཆུ་ཡི་མཆོད་པ་སེམས་ནས་འབུལ་བཞིན་ཡོད།
རེབ་གོང་། དགོངས་དག་ཞུ། ཞེ་བསམ་པའི་དགོངས་དག་ཞུ།
ང་ལ་དབང་བའི་འཇིག་རྟེན་དང་།
ང་ལ་ཡོད་པའི་ནུས་ཤུགས་འདི་ཁོ་ནའོ།
༢༠༡༢ ༡༡ ༡༥ ཉིན།
ཡག་བྱུང་། དེང་དུས་སྙན་ངག་ཟེར་ན་འདི་མོ་ལ་ཟེར། དགའ་ནི་ཟིག་རེད།
ཚོགས་དྲུག་རང་གྲོལ་
རྩོམ་རྒྱུགས་དེ་གོ་བདེ་པོ་ཞེ་དྲག་འདུག་ཡག་བྱུང།
ཚོར་བ་དྲག་པོ་ཞིག་སྙན་ཚིག་གི་ལམ་ནས་འབབ་ཆུ་བཞིན་ལྷུང་ལྷུང་བཞུར་ནས་ཡོང་། འདྲེན་བྱེད་ཀྱིས་འཐུ་བཞིན། སེམས་པ་ལ་ཉར་དུས། གློ་མཆིན་ནང་ཨ་སློག་རྒྱག་དགོས་པ་དང་། དྲན་ཤེས་ཀྱིས་བཟུང་ནས། ཡིད་དཔྱོད་ཀྱིས་འབུད་ན། རྣམ་ཤེས་ཡང་འདར་ཡོམ་ཡོམ་བྱེད་ཡོང་། རེབ་གོང་ཨ་རེབ་གོང་། ཤར་སྐལ་ལྡན་རྒྱ་མཚོ་འཁྲུངས་ས། དགེ་འདུན་ཆོས་འཕེལ་གྱི་ཕ་ས། ད་ལྟའི་དཔའ་བོ་དཔའ་མོ་ཚོའི་ཆེ་སྲོག་མི་རིགས་ཆེད་འབུལ་ས། རེབ་གོང་། རེབ་གོང་རིག་པའི་འབྱུང་གནས། རེབ་གོང་བུ་དཔའ་བོ་དཔའ་མོའི་འབྱུང་གནས། ཁྱེད་ལ་ནམ་ཡང་གུས་འདུད་ཡོད།
དངོས་གནས་ཡག་པོ་བྲིས་འདུག
ཨ་རོགས་སྤྲིན་པ་དཀར་པོ། མ་ཐོན་མ་ཐོན་ན་དེ་རིང་ད་ཐོན་ཐ། རོ་མྱོང་བྱས་ཚར་ཡུལ་དྲན་ནས་འོངས་གི། མ་ཟད་ཚོགས་དྲུག་རང་གྲོལ་གི་མགུར་མ་དང་དགེ་ཆོས་མཆོག་གི་བསམ་བློ་ཡང་དྲན་ནས་འོངས་གི། གནམ་གི་དགུ་ཚིགས་ས་ལ་ལྷུང་འདྲའི་དགུ་ཀླུང་རིང་མོའི་བཞུར་རྒྱུན་དྲན།།
ལྷམ་མེ་བཀྲ་བའི་རྒྱུ་སྐར་འཆར་འདྲའི་རེབ་གོང་ཁུལ་གི་ཁྲོམ་དེ་དྲན།།
སྟག་ལུང་བྱ་ཁྱུང་རྒྱབ་རི་ཉལ་བའི་གཏམ་རྒྱུད་ཞིག་གི་ཕྱི་ནང་དྲན།
ཤ་རིང་སྡེ་བརྒྱད་འཚོ་དགུ་གྲོང་གི་དཔའ་བོ་དམ་པའི་ཞལ་ཆེམས་དྲན།།
རྩེ་མོ་མདོ་བའི་ཕ་བུ་ཞིག་གི་ང་ཚོ་བཞག་པའི་ཐ སྙད་དྲན།།
ཀླུ་ཆའི་བུ་དང་རིག་འབྱུང་སློབ་མའི་མི་རིགས་ལ་རྒྱ་རྩོད་འདི་དྲན།།
འབྲུ་དྲུག་སྙེ་མ་གར་ལ་རོལ་སའི་རེབ་གོང་གྲོང་གི་དཔྱིད་དཔལ་དྲན།།
ཨ་མ་ཞིག་གི་སེམས་ནས་ལྷུང་བའི་ཕ་ཡུལ་ཕྱོགས་གི་གོ་རེ་དྲན།།
དྲན་གདུང་སྟོང་གི་ལུས་སེམས་གཟེར་བའི་ས་མཐའི་གྲུ་ཁ་སྡེ་ཞིག་ནས།།
ཕ་ཡུལ་ཕྱོགས་གི་མྱི་སྐད་འཆད་པའི་ཕ་སྐད་གཙང་མ་ལྷག་དུ་དྲན།།
དགུ་ཆུ་སྔོན་མོའི་རླབས་སྒྲ།
ཁྱེད་རང་གངས་རིའི་མཐོ་སྒང་ལ་འཁྲུངས་བ་ནས་བཟུང་།
ཁྱེད་ཀྱི་སྙིང་སྟོབས་ཀྱི་རླབས་སྒྲ།
ཟླ་བའི་གོ་ལ་ནས་ཐོས་ཡོད།
ཁྱེད་ཀྱི་རླབས་སྒྲའི་ཟེགས་མ་འཛམ་གླིང་དུ་འཐོར།
དགུ་ཆུ་ལགས།
གངས་དཀར་ཏི་སེ་རྩེ་མོ་ནས།
འབྲུག་སྒྲའི་ངར་སྐད་ཀྱིས།
ཕོ་བྲང་དམར་བོའི་ས་གཞི་འགུལ་ཏེ།
ཡར་ཀླུང་གཙང་བོ་དམར་བོ་བསྒྱུར་དུས།
ཁྱེད་ཀྱིས་སྐྱོ་གདུང་གི་ཟེགས་མ་དང་མཉམ་དུ།
ཁྱེད་ཀྱི་རླབས་སྒྲ་དགུང་ལ་འཕྱོ་མྱོང་།
ས་བྱིའི་ཞི་རྒོལ་ཆེན་མོ་ཡང་།
ཐོག་མར་ཁྱེད་ཀྱིས་དཔའ་སྐད་ཀྱི་ང་རོ་སྒྲོགས་ཡོད།
འདི་ནི་ཁྱེད་ཀྱི་སེམས་ཁོང་དུ་།
མི་རིགས་ཀྱི་ལ་རྒྱའི་སྙིང་སྟོབས་འབར་བའི་རྟགས་རེད།
དགུ་ཆུ་རིང་མོ་ལགས།
རྒྱ་མོ་རྔུལ་ཆུ་དང་འབྲི་ཆུ་རྫ་ཆུ་ནས།
སྙིང་སྟོབས་ཀྱི་མེ་ལྕེ་འབར་དུས།
ཁྱེད་ཀྱི་ལ་རྒྱའི་དཔུང་བ་མཉམ་སྒྲིལ་གྱིས།
བྱ་རྒྱལ་ཁྱུང་དཀར་གྱི་རྩེ་མོ་ནས།
དཔའ་རྒོད་སྟག་ལུང་གི་རྩེ་མོ་བར་འབར།
ད་རུང་ཁྱེད་ཀྱི་རླབས་སྒྲའི་འགྲོས་དང་བསྟུན་སྟེ།
ཁྱེད་ཀྱི་པང་ནས་འཚར་བའི་གཞོན་ནུ་རྣམས་ཀྱི་གོམས་སྒྲ།
ཁྱེད་ཀྱི་རྦ་རླབས་བཞིན་དུ་དགུང་ལ་འཕྱོ།
དགུ་ཆུ་སྔོན་མོ་ལགས།
ཁྱེད་ལ་ཅི་ལྟར་འདི་འདྲའི་སྙིང་སྟོབས་ཞིག་རྒྱས་སོང་ངམ།
འདི་ནི་བཙན་པོའི་གདུང་རྒྱུད་སྟེ།
བོད་གངས་ཅན་གཞོན་ནུ་རྣམས་ཀྱིས་སྙིང་སྟོབས་མ་ཡིན་ནམ།
རེད་ལགས།
དགུ་ཆུ་སྔོན་མོ་ལགས།
ཁྱེད་ལ་འཁྱགས་གྲང་གིས་ཅི་ལྟར་བསྡམས་ན།
དེ་ལྟར་དུ་སྙིང་སྟོབས་རྒྱས།
ཁྱེད་ཀྱི་དཔའ་ངར་ནམ་ཡང་ཞུམ་མ་མྱོང་།
སྙན་མོ་ཞིག་བྲིས་གནང་འདུག་ངོ་གསོ་བསྟོད།