ས་དཀྱིལ་ཚེ་བཀྲ།
ལྷ་བསང་གཏོང་རོགས། ཆོས་དུང་འབུད་རོགས།
ཁྱེད་རང་མ་གཞི་ནས་བསང་ཁྲི་སྔོན་པོ་ཞིག
ཁྱེད་རང་གདོད་མ་ནས་ལྷ་སྒྲུང་ནག་པོ་ཞིག
རེབ་གོང་ཨཱ། ཕ་ཡི་རུས་ཟད་ཅིང་མ་ཡི་ཟུངས་འཐོར་བའི།
ལོ་རྒྱུས་ཀྱི་བླ་མཁར་སྨུག་པོ་ཨང་།
ཁྱེད་ནི། མཚམས་ལན་རེ་རེར།
མཐོན་པོའི་སྒང་ན་རྒྱུ་བའི་བསིལ་མོ་རླུང་དང་འདྲ་ཞིང་།
ཁྱེད་ནི། མཚམས་ལན་རེ་རེར།
དམའ་མོའི་གཞོངས་ན་འབབ་པའི་དྭངས་མོ་ཆུ་དང་མཚུངས་ཏེ།
བཙན་པོའི་སྙིང་ན་ཁྲག་དྲོན་ལྷོག་ལྷོག་འཁོལ་ཅིང་།
ཟེར་འོད་ལམ་ལམ་འཚེར་བའི་རོང་བོ་དགོན་ཆེན་ཉིད་ནི།
སྔོན་མོའི་སྤང་ན་འགྱིང་བའི་སྦྲ་ནག་ཁེར་རྐྱང་ངམ།
སྨུག་པོ་རྫ་ན་གཤར་བའི་འབྲོང་རྒོད་དར་མ་ཨང་།
རེབ་གོང་ཨཱ། ཕ་ཡུལ།
ས་རྡུལ་ལ་འཇགས་པ་མེད་ཅིང་ལོ་རྒྱུས་ལ་ཉམ་ང་འཚེར་བའི་རེབ་གོང་།
ཁྱེད་ནི། བླངས་ན་གཞས་དང་འདྲ་ཞིང་ལྡིང་ན་བྲོ་དང་མཚུངས་ཨང་།
དབུལ་བོ་ཚོས་མཐིང་མདོག་གི་རྨི་ལམ་རྨིས་སའམ།
ཕྱུག་པོ་ཚོས་ཚོན་མདོག་གི་གཡུ་བྱུར་ངོམ་ས་སྟེ།
མི་རྐྱང་ཚོས་ཆང་ཕོར་ལ་ཞབས་དག་རྒྱག་ས་ཉིད།
ཞོགས་པ་དང་ས་སྲོད་རེ་རེར།
སྨུག་ལོང་གི་དུད་ཞགས་བསྐྱིལ་བའི་ལུང་གཞུང་དམར་པོ་འདི།
བཤས་མ་ཐག་པའི་གཡག་རྒན་ཞིག་གི་ཁོག་པ་ལྟར།
རླངས་པ་ཐུ་ལུ་ལུ། རླངས་པ་ཐུ་ལུ་ལུ།
རྒྱུ་རྐྱེན་ཡོད་མེད་ཀྱི་མཚམས་ནས།
དུས་ཚིགས་དང་ཉིན་མཚན་ལ་ངེས་པ་མེད་དེ།
ནམ་རྒྱུན། སྨྲེང་བ་སེམས་སུ་བསྙལ་ནས་བལྟས་ཚེ།
ཁྱེད་ཉིད། སྐབས་སྐབས་སུ།
རྒོད་པོ་བཞིན་ནམ་འཕང་སྟོད་ཅིང་།
ཁྱེད་ཉིད། སྐབས་སྐབས་སུ།
སྟོན་ལོ་བཞིན་ཆུ་མོར་ཟགས།
དེ་ནི། ཁྱེད་ཀྱི།
ལས་ཉོན་གྱི་སྒྲིབ་པ་མ་དག་པའི་སྡིག་འབྲས་ཡིན་ཡང་སྲིད་ལ།
དེ་ནི། ཁྱེད་ཀྱི།
བླ་གནས་ཀྱི་ནོར་བུ་རྨང་ནས་འགྱེལ་བའི་སྔ་ལྟས་ཡིན་ཡང་རུང་།
གང་ལྟར། རེབ་གོང་ཨཱ།
དཔྱིད་ཆར་ཟམ་ཟིམ་གྱི་དྭངས་གཙང་བར་ནས།
རྩྭ་ལྗང་མྱུ་གུ་ཡི་ནེམ་ཤའི་ཁྲོད་ནས།
ལོ་མ་དེ། ཁྱེད་ཀྱི་འཛུམ་ཆུང་བཞིན།
ལོ་མ་དེ། ཁྱེད་ཀྱི་དུངས་བརྩེའོ།
རེབ་གོང་། རྒྱུད་སྐུད་མེད་པའི་པི་ལྦང་འབྲུག་མགོ་མ་དེ།
ཁྱེད་རང་ཡིན་མི་སྲིད།
བསིལ་གྲིབ་མེད་པའི་ཟླ་བ་སྒོར་སྒོར་དེའང་།
ཁྱེད་རང་ཡིན་མི་འོས།
ཁྱེད་རང་། མི་རྗེ་སུ་ལ་ཆམ་པ་ཕོག་ན།
ཐོག་མར་སྣ་སྦྲིད་རྒྱག་མཁན་དེ་ཡིན།
ཁྱེད་རང་། ཐབ་ཚང་གང་ལ་མེ་བུས་ན།
ཐོག་མར་དུ་བ་འཕྱུར་ས་དེ་ཡིན།
རེབ་གོང་། ཁྱེད་ཀྱི་ལོ་རྒྱུས་ཀྱི་སྙིང་ཀ་བཤགས་ནས།
ཁྱེད་ཀྱི་སྤྱན་ཆབ་ཏུ་འབབ་པ་དེ་དགུ་ཆུ་ཡིན་ནམ།
ད་ལྟ། དགུ་ཆུ་ལ་རླབས་ཕྲེང་མི་འདུག དྭངས་གཙང་མི་འདུག
དགུ་ཆུའི་མགོ་ཁུངས་ན་རང་ཉིད་འཁྲུལ་བའི་མེ་ལོང་ཞིག
ལྟེམས་ལྟེམས་བསྐྱིལ་ནས་འདུག
ཡུལ་མི་ཚོའི་སྙིང་ལ་ཟུག་པའི་མེ་ལོང་ཞིག
ལྟེམས་ལྟེམས། ལྟེམས་ལྟེམས་བསྐྱིལ་ནས་འདུག
ང་ཡི་ཡུམ་ཆེན་ལྟ་བུའི་རེབ་གོང་ཨ།
ནམ་ཞིག ལྟེམས་ལྟེམས་བསྐྱིལ་བའི་མེ་ལོང་ལས་རང་ཉིད་མི་འཆར་ཚེ།
ཁྱེད་ཀྱི་སྒྱུ་རྩལ། ཁྱེད་ཀྱི་རིག་པ། ཁྱེད་ཀྱི་མེས་པོ་དག
ཡོད་ཚད་ལ་བདག་པོ་སུ་ཡིས་རྒྱག རླུང་རྟ་སུ་ཡིས་སྤུར།
རེབ་གོང་། ལོ་ཟླའི་སྐྱུག་ལྡད་ཀྱི་སོ་བར་ནས།
དཔྱིད་ཀ་སྔ་མོ་ནས་བསླེབས་ཟིན་ན་ཡང་།
ཁྱེད་རང་ད་དུང་དགུན་ཉལ་ལ་རོལ་དོན་ཅི།
ཡུལ་མི་ཚོས།
ནམ་ཟླའི་འགྱུར་བག་ལ་དོགས་སློང་མེད་པར།
ཕ་ས་བྱ་ཁྱུང་དཀར་བོའི་ཕང་བ་ན།
ཁྱེད་ཀྱི་བླ་དང་སྲོག་གི་རུས་རྐང་མ་ལུས་པར།
ཟུངས་ཤུགས་ལྷོག་ལྷོག་བསྩོལ་བྱེད་དེ་དབྱར་རྩྭ་དགུན་འབུ་ཡིན་ཨང་།
རྨོ་བོའི་གནའ་གཏམ་གྱིས་ཁྱེད་ཀྱི་ནང་རོལ་ལ་མཆོད་མེ་སྦར་ཞིང།
སྤོ་བོའི་རྨོན་དོར་གྱིས་ཁྱེད་ལ་སྤོབས་པ་བསྩལ་ནའང་།
ད་ནི་ཁྱེད་རང་།
ཕྱི་ཤུན་མེད་པའི་རྫ་རི་སྨུག་པོ་དེ་ཡིན་ཚོད་མི་འདུག
ཉི་ཟླའི་གཟི་བྱིན་འདེགས་པའི་གྱད་མི་དེའང་གཞར་ནས་མ་ཡིན།
རྔ་མོང་བཞིན་མི་ཚེའི་དཀའ་སྡུག་དང་འགྲུལ་བཞུད་ལ།
རྗེས་ཤུལ་ཙམ་ཡང་མེད་པའི་ཡུལ་གྱར་བ་དག
ཆུང་དུས་གྱེས་འདོད་ཅིང་རྒས་དུས་ལོག་འདོད་པའི་ཕ་ཡུལ།
ས་ཆེན་གྱི་གྲེ་བ་འགགས་པའི་དུས་ཚིགས་འདིའི་སྔ་རྗེས་སུ།
ན་གཞོན་མང་པོ་ཞིག་གི་སྨྱུག་ཁ་ན།
ཁྱེད་རང་། སྙན་ངག་ཏུ་བཞེངས་ཀྱིན་ཡོད་ལ།
ན་གཞོན་མང་པོ་ཞིག་གི་དབྱངས་རྟ་རུ།
ཁྱེད་རང་། གླུ་ངག་ཏུ་གྱེར་ཅིང་མཆིས།
རེབ་གོང་། སྒྱུ་རྩལ་གྱི་ཆེད་དུ་ཚོང་བྲིན་ཆེ་བའི་རེབ་གོང་།
ཚོན་ཕྲ་ཡི་ཕྱིར་དུ་སྒམ་བརླིང་ལྡན་པའི་རེབ་གོང་།
ཁྱེད་ཀྱི་མཆུ་སྒྲོས་དང་བཅས་པའི་གདོང་འབག་ལ།
མཛེས་བཟོ་ཇི་འདྲའི་དོད་ཀྱང་རྣམ་ཤེས་མི་འདུག་ཨང་།
རེབ་གོང་། ཞིབ་ཏུ་བསམ་ན།
ཁྱེད་ལ་བསླུ་བྲིད་ཀྱི་ཡག་སྣང་དེ་མཁོ་དོན་མི་འདུག་སྟེ།
ཁྱེད་རང་ལྷན་སྐྱེས་ཀྱི་རང་མདངས་ཉམས་པའི་མཆིང་བུ་དེ་ག་ནས་ཡིན།
ཁྱེད་ནི། མེས་པོ་ཚོའི་ཟུངས་ཁྲག་ལས་མཆེད་ཅིང་།
སྣུམ་བཅུད་ཀྱིས་གཏམས་པའི་འབྲི་ཞོ་སེར་པོ་ཡིན།
ཁྱེད་ནི། འཇོར་དང་ལྕགས་ཁེམ་གྱི་དཀའ་སྡུག་ལས་གྲུབ་པའི།
ཅོང་དང་གཡེར་དྲིལ་ཅན་གྱི་གནའ་བོའི་དགོན་རྙིང་དེ་ཆགས་འདུག
ཕ་ཡུལ་ལགས། ཁྱེད་ཀྱི་ལག་མཐིལ་ན་བུ་ཆུང་ངས།
ས་སྲོད་ལྟ་བུའི་ལོ་ཟླ་ལ་མགོ་བོ་བསྙེས་ཏེ།
ཁེར་རྐྱང་གི་ལྗོན་རྩེ་ན་གདུང་བ་རླུང་ལ་སྐུར་བའི་བྱེའུ་ཆུང་ལྟར།
བྱ་རྨྱང་ཙམ་ཡང་བྱེད་སྙིང་མ་ཕོད་པར་དྲན་པ་གཞུ་རུ་བཀུག་ཚེ།
ས་ཆེན་ནི་འབྲི་ཤོག་དང་། རྔུལ་ཆུ་ནི་སྣག་ཚ།
ཐོང་གཤོལ་ནི་གསེར་སྨྱུག་སྟེ།
སུ་ཞིག་གིས། ཁྱེད་ཀྱི།
ཆུ་ལུད་མེད་པའི་ས་ཞིང་ལ་རྨོ་འདེབས་བྱེད་སྲིད།
སུ་ཞིག་གིས། ཁྱེད་ཀྱི།
འགྱུར་བཟོ་དོད་པའི་ལོ་རྒྱུས་ལ་ཉིན་ཐོ་འབྲི་སྲིད།
རེབ་གོང་ཨཱ། དྲན་ནམ།
ཁྱེད་ལ་ཀོ་གྱོང་ལྟ་བུའི་རང་གཤིས་དྲེད་པོ་ཞིག་མེད་པ་དྲན་ནམ།
ཡང་ན། ཁྱེད་ཀྱི་སྲོག་ལ་བརྒྱུས་ཤིང་སིམ་པའི་འབྲོང་རྭའི་སྒྲ་སྙན་དེ་དྲན་ནམ།
སྐྱེས་ཆེན་ཚོ་ཁར་འཕུར་ཉིས་འཕུར་གྱིས་བཞུད་ཤུལ་ཏུ།
ཁྱེད་ལ་རི་རབ་ལྟ་བུའི། གཙང་བོ་བཞིན་གྱི།
མིང་བྱང་སྐམ་པོ་ཞིག་ལས་ཅི་ཞིག་ལྷག
ཁྱེད་ཀྱིས་ཡང་སྙིང་ཅི་ཡང་རྟོགས་ཀྱིན་མི་འདུག་ཨང་།
ཁྱེད་ནི་སེམས་དང་སེམས་བྱུང་།
ཁྱེད་ནི་རྒྱུ་དང་འབྲས་བུ།
ཁྱེད་ནི་སེམས་བསྐྱེད་ཀྱི་ཕོར་བ་ཆེན་པོ་ཉིད་དེ།
ཁྱེད་ནི་ཤེས་རབ་ཀྱི་རལ་གྲི་རྣོ་དབལ་ཅན་ནོ།
ལྷ་བསང་གཏོང་རོགས། ཆོས་དུང་འབུད་རོགས།
ཁྱེད་རང་མ་གཞི་ནས་བསང་ཁྲི་སྔོན་པོ་ཞིག
ཁྱེད་རང་གདོད་མ་ནས་ལྷ་སྒྲུང་ནག་པོ་ཞིག
2011.4.23—24ཉིན།
རྩོམ་རྙོག་འདིའི་རིགས་ཀློག་ཅིང་བསྡད་ན་ཉི་མ་དང་དུས་ཚོད་འཕྲོ་རླག་རང་རེད།
ཧཧཧཧཧཧཧཧཧཧཧཧཧཧཧཧཧ
རེབ་གོང་ལ་སོང་ནས་སྤང་སྔོན་མོ་དང་བསང་ཁྲི་སྔོན་པོ་སོགས་ལ་ལྟ་འདོད་ཤིན་ཏུ་ཆེ། ཡུལ་ཡ་མཚན་ཞིག་ཡོད་པ་འདྲ།
རེབ་གོང་།
ཁྱེད་ནི་སྒང་བ་བོད་པའི་རིག་པའི་འབྱུང་ཁུངས།
ཁྱེད་ནི་དཔའ་བོ་ཕོ་མོའི་གད་རྒྱངས་སྒྲོགས་ས།
ཁྱེད་ནི་ཕ་ཁྱིམ་བསྲུང་བའི་དཔའ་བོ་འཁྲུངས་ས།
ཁྱེད་ནི་ཚེ་སྲོག་གི་མཆོད་མེ་སྒྲོན་ས།
རེབ་གོང་བའི་ངོ་སོ་ཡར་ལ་སྟོད།
རེབ་གོང
གསེར་མདོག་གི་ཕ་ས་དྲོད་མོ
ཡབ་མེས་ཚོའི་ཞབས་རྗེས་མངོན་སའི་ལོ་རྒྱས་ཀྱི་ཕ་མཁར་སྨུག་པོ
རིག་གཞུང་གི་མཚོ་མོ་ལྟེམ་སའི་དུས་གསུམ་གྱི་ཁ་བའི་བླ་མཚོ
ཤེས་རིག་གི་མེ་ཏོག་བཞད་སའི་ནེའུ་གསེང་གི་སྐྱེད་ཚལ་སྔོན་པོ
རིག་གསུམ་གྱི་ལང་ཚོ་རྒྱས་པའི་དུས་རབ་ཀྱི་ཕོ་ཉ་རྒོད་པོ
རེབ་གོང་ཡ
ཁྱེད་ནི འདི་ལྟར
སྟོད་ན་ཚང་ཚང་གཡུ་ལོ་རྒྱུས་བའི་ནགས་ཚལ་སྟུག།
སྨད་ན་ལྡེམ་ལྡེམ་འབྲུ་རིགས་སྣ་ལྔའི་ས་གཞི་ཁེངས།།
བར་ན་ལྷང་ལྷང་དགུ་ཆུ་སྔོན་མའི་བཞུར་སྒྲ་སྙན།།
རེབ་གོང་རིག་འབྱུང་གྲོང་གི་ངོ་སོ་ཡར་ལ་བསྟོད།།
རེབ་གོང་སྐད་གྲགས་ཆེན་པོ་རེད།ཡིན་ན་ཡང་སྙན་ངག་རྐང་ཆག་མ་ཡང་འདི་འདྲ་ཞིག་མ་གཏོགས་འབྲི་མ་ཐུབ་དུས་ད་དེ་འདྲ་ཞིག་རེད།