དགེ་འདུན་རབ་གསལ།
———————
(གསལ་བཤད། རྩོམ་ཡིག་འདི་ནི་ ༢༠༡༢ ལོར་བྲིས་ཤིང་། ༢༠༡༣ ལོར་དབྱངས་སྒྲོན་དོན་འགྲུབ་ལགས་(Yangdon Dhondup)དང་ཨུ་རི་ཆི་ པེ་གེལ།(Ulrich Pagel) ཇེཧྥ་རི་ སེམུལ་(Geoffrey Samuels)བཅས་ཀྱིས་རྩོམ་སྒྲིག་གནང་བའི་དེབ་ “བོད་བྱང་ཤར་ཁུལ་གྱི་སྐྱ་སེར་གྱི་སྲོལ་རྒྱུན་(Monastic and Lay Traditions in North-Eastern Tibet)” ཞེས་པ་ བྷི་རིལ་དཔར་ཁང་(Brill)གིས་ ༢༠༡༣ ལོར་ ལེ་དེན་ (Leiden) དུ་པར་སྐྲུན་བྱས་པའི་ཁོངས་ནས་སླར་ཡང་རྩོམ་སྒྲིག་པར་བཀའ་འཁྲོལ་ཞུས་ཏེ་ཁ་བརྡར་ཕུལ་བ་ཡིན། རྩོམ་ཡིག་འདི་ PDF ཐོག་གཟིགས་ན། འབྲེལ་ཐག་ 7th skal ldan rgya mtsho-khabdha འདི་ན་ཡོད། )
རེབ་གོང་གི་ཉི་མ་ནུབ་པ།-ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་སྐུ་ཚེ།[1]
བསེ་ཚང་བློ་བཟང་དཔལ་ལྡན་(1938-)གྱིས་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་རྟོགས་བརྗོད་དུ་ཚིགས་བཅད་འདི་འདྲ་ཞིག་བརྩམས་གནང་འདུག དེ་ཡང་།
ཀྱེ་ཧུད་དགེ་ལེགས་གཏེར་ཆེན་ཉིན་མོར་བྱེད༎
ཞི་དབྱིངས་ཆུ་ལྷའི་ཕང་བར་ཡོངས་ནུབ་པས༎
གསེར་ལྗོངས་ཡངས་པའི་མཁའ་ལ་མུན་པའི་ཀླུང་༎
འཁྲིགས་པས་སྐྱེ་རྒུ་མྱ་ངན་རྒྱ་མཚོར་སིམ༎[2] ཞེས་ཉི་མ་ཞིག་ནུབ་པའི་རྐྱེན་དེ་ལ་བརྟེན་ནས་རེབ་གོང་གི་ནམ་མཁའ་རུ་མུན་པ་འཁྲིགས་པ་དང་། དེ་ལ་བརྟེན་ནས་མི་དམངས་རྣམས་སྡུག་བསྔལ་གྱི་རྒྱ་མཚོར་ཐིམ་ཡོད་ཅེས་བསྟན་འདུག སྐབས་འདིའི་ཉི་མ་ནི་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་ལ་ཞུ་བ་ཡིན།
རེབ་གོང་གི་རྒན་རྒོན་ཚོས་མནའ་བསྐྱལ་སྐབས། ཤར་སྐལ་ལྡན་རྒྱ་མཚོའི་མཚན་ནས་འབོད། དེ་ཡང་སྐལ་ལྡན་རྒྱ་མཚོ་ཞེས་པའི་ཡིག་སྐད་ཀྱི་སྒྲ་གདངས་ཤིག་མིན། དེ་ནི་ “ང་སྐ་ལྡ་རྒྱ་ཚོའི་སྐུ་”ལྟ་བུའི་ཁ་སྐད་ཀྱི་སྒྲ་གདངས་ཤིག་ཡིན། འདི་ལྟར་མནའ་བསྐྱལ་བའི་སྒྲ་དེ་དག་ནི་ བྱིས་པ་ཡིན་སྐབས་སུ་ཡང་ཡང་ཐོས་པ་རེད་ལ། ད་དུང་ཡང་ངའི་རྣ་ལམ་ན་ལྷང་ངེར་གྲག མནའ་དེ་ནི་བདེན་རྫུན་གྱི་དབྱེ་ཤན་འབྱེད་པའི་ཁྲིམས་ཀྱི་རྒྱ་མ་ཞིག་མཚུངས། དེ་ལྟ་བུའི་རེབ་གོང་གི་མི་དམངས་དང་ཤར་སྐལ་ལྡན་རྒྱ་མཚོའི་བར་གྱི་འབྲེལ་བ་ལ་ནི། བླ་མ་དང་སློབ་མའི་འབྲེལ་བ་ཡོད་ལ། དཔོན་པོ་དང་མི་སེར་གྱི་འབྲེལ་བའང་ཡོད།
རོང་བོ་དགོན་ཆེན་འདི་ ༡༣༤༢ ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབ་ཡོད་ཅིང་མདོ་སྨད་ཁུལ་གྱི་དགོན་པ་ཆེས་སྔ་གྲས་ཤིག་ཡིན། དགོན་པ་འདིར་གྲྭ་ཚང་གསུམ་ཡོད་ཅིང་། ༡༩༥༨ ལོར་དགེ་འདུན་པ་གྲངས་ ༡༥༠༠ ཙམ་ཡོད། རེབ་གོང་དུ་དགོན་པ་འདི་དང་བཅས་པའི་དགོན་མ་ལག་སུམ་ཅུ་སོ་ལྔ་ཞེས་གཞིས་དགོན་མང་པོ་ཡོད། དགོན་པ་འདི་དག་དང་བཅས་པའི་རེབ་གོང་ཡུལ་གྱི་སྐྱབས་མགོན་ནི་ཤར་སྐལ་ལྡན་རྒྱ་མཚོ་ཚང་ཡིན།
ཕྲན་ཨ་རིར་འབྱོར་སྐབས་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དང་འབྲེལ་བ་བྱེད་པའི་གོ་སྐབས་འགའ་ཐོབ། གོ་སྐབས་དེ་དག་གི་རིང་ཁོང་གིས་ང་ཚོར་སྐལ་ལྡན་རྒྱ་མཚོའི་སྐོར་བཀའ་སློབ་གནང་། བཀའ་སློབ་དེ་ནི་ ༡༩༥༠ ལོ་ཙམ་ལ་ཁོང་ཚོ་ལྷ་ས་ལ་ཕེབས་པའི་སྐབས་ཀྱི་བཀའ་སློབ་ཅིག་ཡིན། “ངས་ཤར་སྐལ་ལྡན་ཚང་ལ་འདི་ལྟར་ཞུས་པ་ཡིན། ང་ཚོའི་ལུང་པ་རྒྱ་ལ་ཤོར་ཚར་པ་རེད། ད་ཕ་ཡུལ་ལ་ལོག་ན་རྒྱ་མིས་འཛིན་བཟུང་བྱེད་ཀྱི་རེད། དེ་ལས་ང་ཚོ་ལྷན་དུ་རྒྱ་གར་སོགས་ཕྱི་རྒྱལ་ལ་འགྲོ་ཞེས་ཞུས་པ་ཡིན། དེའི་ལན་དུ་ཤར་ཚང་གིས། རིན་པོ་ཆེ་རང་ཕེབས་རོགས་གནང་། རེབ་གོང་མི་དམངས་ཀྱིས་ངའི་ངོ་ལ་སྒུག་ནས་བསྡད་ཡོད་པ་རེད། ངས་རེབ་གོང་མི་དམངས་བློས་གཏོང་ཐུབ་ཀྱི་མི་འདུག ཅེས་གསུངས་སོང་།”[3] ཞེས་པ་འདི་རེད། དེ་ལྟར་རེབ་གོང་གི་མི་དམངས་བློས་གཏོང་མ་ཐུབ་པའི་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་འདི་ཉིད་སླར་ཨ་མདོར་ཕེབས་ཤིང་།[4] རིམ་གྱིས་རྒྱའི་བཙོན་ཁང་ནས་དགོངས་པ་རྫོགས་ཡོད་པ་རེད་ལ། འདིར་ཁོང་གི་སྐུ་ཚེའི་ལོ་རྒྱུས་རོབ་ཙམ་ཞིག་ཞུ་རྒྱུ་ཡིན།
ཁོང་གི་མཚན་ལ་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ཞུ། ཁོང་མདོ་སྨད་བྱང་རྒྱུད་ཆུ་བཟང་རྭ་ལོ་ཐང་[5]དུ་འདན་མ་ཚང་ཞེས་པའི་ཁྱིམ་དུ་ཡབ་ཚེ་རིང་དོན་གྲུབ་དང་ཡུམ་འདན་མ་བཟའ་རྟ་མགྲིན་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་ཡུམ་འདི་གཉིས་ལ་སྲས་མིང་སྲིང་བཅུ་གཉིས་འཁྲུངས་ཡོད་པ་ལས་བླ་མ་འདི་ནི་བརྒྱད་པ་དེ་ཡིན། འཁྲུངས་པའི་ལོ་ནི་ ༡༩༡༦ སྟེ་བོད་མེ་འབྲུག་ལོའི་ཟླ་བཅུ་བའི་ཚེས་ཉེར་དགུ་ཡིན། སྐུ་ན་གཞོན་པའི་སྐབས་སུ་དཀའ་བཅུ་བ་དགེ་ལེགས་བླ་མ་ཞུ་བ་ཞིག་གིས་ཡོན་ཏན་ཚེ་འཕེལ་ཞེས་མཚན་གསོལ།
༡༩༡༨ ལོ་ཙམ་ལ། རེབ་གོང་དུ་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་(1866-1928)གཙོས་བླ་སྤྲུལ་དང་སྐྱ་སེར་གྱི་ཚོགས་འདུས་པའི་དབུས་སུ་ཤར་བླ་བྲང་ཆེན་མོ་རུ་ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ངོས་འཛིན་ཆེད་དུ་ཟན་རིལ་བསྒྲིལ་བའི་ཐབས་ལ་བརྟེན་ནས།. རྗེ་འདི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བྱས། དེ་དུས་རྗེ་འདི་པ་དགུང་ལོ་གསུམ་ཡིན། རེབ་གོང་གི་མི་སྣ་ཆུ་བཟང་དུ་བསྐྱོད་དེ་མཇལ་དར་ཕུལ། ལོ་དེའི་ལོ་མཇུག་ལ་ཡུལ་འཁྲུག་གི་རྐྱེན་གྱིས་མཆོག་སྤྲུལ་དེ་ཟི་ལིང་དུ་གདན་དྲངས། དེ་ཡང་མཱ་པུའུ་ཧྥང་ཞེས་པའི་ཡུལ་དཔོན་དེས་བཙན་འཕྲོག་ལྟར་འཁྱེར་བ་ཡིན་འདུག དགུང་ལོ་བཞིའི་སྟེང་ལན་གྲུ་ནས་རེབ་གོང་དུ་གདན་དྲངས་ནས་ཁྲི་སྟོན་མཛད། རྫི་རྒྱའི་རབ་འབྱམས་པ་དགེ་འདུན་རྒྱ་མཚོ་ཞུ་བ་ཡོངས་འཛིན་དུ་བསྟེན།
༡༩༢༢ ལོར་དགུང་ལོ་བདུན་བཞེས་པའི་སྟེང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་རབ་བྱུང་གི་སྡོམ་པ་ཞུས་ཤིང་། མཚན་ལ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་གཉིས་བཞེས་པ་ ༡༩༢༧ མེ་ཡོས་ལོར་སྒིས་སྟེང་བློ་བཟང་དཔལ་ལྡན་(1881-1944)ཡོངས་འཛིན་དུ་བསྟེན་ནས་ཆོས་ཀྱི་སློབ་གཉེར་གནང་། སློབ་གཉེར་དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་སློབ་སྦྱོང་ཡིན་ལ། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔས་བསྡུས་ཡོད།[6] དེ་ནས་ལོ་རེ་བཞིན་ཡོངས་འཛིན་སྒིས་སྟེང་ཚང་གི་ཞབས་པད་བསྟེན་ནས་ཆོས་ཀྱི་གསན་སྦྱོང་གནང་ཞིང་། དགུང་ལོ་བཅུ་དགུའི་སྟེང་ཡོངས་འཛིན་རིན་པོ་ཆེར་རྩོམ་རྒྱུགས་ཀྱང་ཕུལ་འདུག[7]
ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་ཚང་(1910-1985)གིས། “དེ་ཡང་གོང་ས་རིན་པོ་ཆེ་འདི་བ་དགུང་ལོ་ཕྲ་མོའི་དུས་འདི་ཙམ་ནས་འགྲེལ་བའི་ས་ཁུངས་ནོན་པ་སོགས་དམ་པའི་ཡོན་ཏན་རང་འཁྲུངས་སུ་མངའ་བ་དང་། སྤྱིར་ཐུགས་རིག་གསལ་ཞིང་རྣམ་དཔྱོད་ཡོངས་སུ་རྣོ་བ་དང་། བླ་མ་ལ་རྩི་བཀུར་ཆེ་ཞིང་ངང་བརྟན་པ་དང་། བཤད་པར་བྱ་བའི་གནས་རྣམས་བརྡ་སྤྲོད་སླ་ཞིང་མཁས་པའི་རྣམ་འགྱུར་ལྷན་སྐྱེས་སུ་ཐོན་པ་གང་ཅིས་ཡུད་ཙམ་བསྙེན་པའི་རིང་དེ་ནས་ཁ་ཞེ་མེད་པའི་ཐུགས་དད་འཁྲུངས་པར་ཕྱིས་སུ་ཡང་ཡང་གསུང་ལ།”[8]ཞེས་འཇིགས་མེད་དམ་ཆོས་རྒྱ་མཚོ་ཚང་ཐོག་མར་སྤྲུལ་སྐུ་འདི་ལ་མཇལ་བའི་སྐབས་ཀྱི་ཐུགས་སྣང་དེ་ལྟར་བྱུང་ལུགས་བཀོད་འདུག
༡༩༣༥ ལོར་དགུང་ལོ་ཉི་ཤུ་བཞེས་པའི་ལོར་སྐུ་འབུམ་ནས་པཎ་ཆེན་རིན་པོ་ཆེར་མཇལ། ༡༩༣༦ ལོའི་ཧོར་ཟླ་ ༤ ཚེས་ ༡༣ ནས་ ༣༡ བར་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་རེབ་གོང་དུ་ཕེབས་ཏེ་བཀའ་ཆོས་གནང་།[9] འདིའི་སྐོར་གྱི་མཛད་པ་རྣམས་ཞིབ་གསལ་ཡོངས་འཛིན་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས་རྟོགས་བརྗོད་སྙན་ངག་ “གསེར་གྱི་མེ་ཏོག་”ཅེས་པ་བརྩམས་ཡོད་པ་རེད། དགུང་ལོ་ཉེར་གཉིས་པའི་སྟེང་མགོན་ཤུལ་གྱིས་ཞུས་པ་ལྟར་དུས་འཁོར་དབང་ཆེན་ཐོག་མ་གནང་།
དེ་ལྟར་སྐུ་ན་གཞོན་པའི་བླ་མ་འདིས་གཙོ་བོར་ཡོངས་འཛིན་བློ་བཟང་དཔལ་ལྡན་ཚང་དང་། དེ་བཞིན་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།(1888-1958) འཇིགས་མེད་དམ་ཆོས་རྒྱ་མཚོ།(1898-1946) ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་སོགས་ཀྱི་མདུན་ནས་བསླབ་པ་སློབ་གཉེར་ལ་ཐུགས་བརྩོན་མཛད་ཅིང་། གཞུང་བཀའ་པོད་ལྔས་གཙོ་བྱས་པའི་མདོ་སྔགས་རིག་གནས་དང་བཅས་པའི་ཤེས་བྱ་ལ་མཁས་པའི་སྙན་པ་འཕེལ་བཞིན་ཡོད། ཁོང་གིས་གསེར་ཕྲེང་གི་སྤྱི་དོན་ཤོག་ལྡེབས་བརྒྱ་མ་ལོངས་ཙམ་དང་། དེ་བཞིན་མན་ངག་རྣམ་གསུམ་སོགས་བཀའ་རྒྱ་མའི་སྐོར་སོགས་གསུང་རྩོམ་སྒམ་ཆེ་བ་གང་ཙམ་ཡོད་པ་རྣམས་ཀྱང་ཕྱིས་སུ་གོད་ཆག་སྐབས་མེར་སྲེག་ཐེབས།[10]
༡༩༤༤ ལོར་རང་གིས་མི་ལོ་བཅུ་བདུན་རིང་དགེ་རྒན་དུ་བསྟེན་པའི་ཡོངས་འཛིན་བློ་བཟང་དཔལ་ལྡན་མཆོག་སྐུ་མྱ་ངན་ལས་འདས་ཤིང་། སྐབས་དེར་ཤར་ཚང་ནི་དགུང་ལོ་སུམ་ཅུ་ཙམ་ལ་ཕེབས་ཡོད། ༡༩༤༦ ལོར་འཇིགས་མེད་དམ་ཆོས་རྒྱ་མཚོ་ཡང་ཞི་བར་གཤེགས་པ་རེད། འོན་ཀྱང་སྐུ་ན་གཞོན་པའི་ཤར་སྐལ་ལྡན་རྒྱ་མཚོ་ནི་ད་ཆ་སློབ་མ་ཙམ་ཞིག་མ་ཡིན་པར་ཆོས་ཀྱི་གཞུང་ལུགས་ལ་མངའ་བརྙེས་པའི་མཁས་པ་གཞོན་ནུ་ཞིག་ཏུ་གྱུར་ཡོད་ཅིང་། དེའི་རྟགས་མཚན་དུ་ཁོང་གིས་མདོ་སྨད་ཀྱི་ས་ཆ་མང་པོར་ཞབས་ཀྱིས་བཅགས་ཤིང་། དུས་འཁོར་དབང་ཆེན་དང་ལམ་རིམ་ཆེན་མོའི་འཆད་འཁྲིད་སོགས་མདོ་སྔགས་ཀྱི་འཆད་འཁྲིད་གནང་བཞིན་མཆིས།[11]
༡༩༤༩ ལོར་རྒྱ་ནག་ཏུ་དམར་པོའི་གཞུང་བཙུགས་ཤིང་། དེའི་ཤུགས་རྐྱེན་དེ་སྔ་ཕྱི་འདིར་རེབ་གོང་དུ་སླེབས་བཞིན་ཡོད། སྐབས་གཅིག་ཤར་སྐལ་ལྡན་པ་འདི་པ་རོང་བོ་དགོན་པའི་རྒྱབ་རིའི་རྩེར་གུར་ཕིབས་ནས་བཞུགས་པའི་སྐབས་སུ་ཞབས་ཞུ་བ་ཞིག་གིས་རྗེ་འདི་བ་ལ། “གུང་ཁྲན་ཟེར་བའི་རྒྱལ་བློན་རྣམས་སངས་རྒྱས་ཀྱི་བསྟན་པ་ལ་ཨེ་བཟང་”ཞེས་ཞུས་སྐབས། “ཤིན་ཏུ་མི་བཟང་”གསུངས་ནས་ཞལ་ནག་གེར་བཞུགས།[12]
མདོ་སྨད་ཁུལ་གྱི་བླ་ཆེན་མི་ཆེན་དེ་ཚོས་ཀྱང་སྐབས་འདི་འདྲ་ཞིག་ལ་རྒྱ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་དགོངས་པ་འཁོར་ཡོད་པ་རེད། དེ་ཡང་ ༡༩༤༨ ལོར་མདོ་སྤྱི་ལྷ་ཀླུ་པས་ལྟག་མཚེར་རིན་པོ་ཆེར་ཕྱག་བྲིས་ཤིག་གནང་སྟེ། “ད་ལྟ་རྒྱ་ནག་དམར་ཕྱོགས་ཤུགས་ཆེར་ཕྱིན་པས་རྒྱ་ནག་གཞུང་ཤོར་འགྲོ་བ་འདྲ། དེ་ཤོར་ཚེ་ཟི་ལིང་ས་ཁུལ་དེ་བོད་ཀྱི་ས་ཁུལ་གནད་ཆེ་བ་ཞིག་ཡིན་པས་དགྲ་དམག་བཀག་ནས་རང་ས་རང་གིས་འཛིན་པའི་ཐབས་བྱུས་གནང་དགོས།” ཞེས་གསུངས་འདུག་པ་ལྟར་ལྟག་མཚེར་རིན་པོ་ཆེས་མདོ་སྨད་ཁུལ་གྱི་བླ་ཆེན་དཔོན་ཆེན་རྣམས་ལ་ཅི་བྱེད་ཅི་དགེའི་སྐོར་གསང་བའི་གྲོས་བསྡུར་བྱས་ཡོད་འདུག་ལ། ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་(1922-2008) མཆོག་གི་རྣམ་ཐར་དུ། “དེ་ནས་རིམ་གྱིས་མཚོ་སྔོན་འཁྱམ་རུ་དཔོན་པོ་དང་། རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ། བླ་བྲང་གླིང་རིན་པོ་ཆེ་སོགས་གནད་འགང་ཆེ་བ་གང་ཡོད་ལ་འབྲེལ་བ་བྱེད་རྒྱུའི་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་གོང་དུ་བཤད་པ་ལྟར། བོད་ཡུལ་བོད་པས་འཛིན་ཐུབ་པ་ཞིག་བྱེད་དགོས་རྒྱུ་དེ་རེད།”[13]ཅེས་གསུངས་འདུག
༡༩༥༠ ལྕགས་སྟག་ལོར་དབུས་གཙང་དུ་ཕེབས། དེ་ཡང་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་རྣམ་ཐར་དུ་གསལ་བ་ལྟར་ན། ཤར་སྐལ་ལྡན་རྒྱ་མཚོ་དང་གསེར་ཁོག་ཞྭ་ལུ་པ་ཚང་གཉིས་ནི་ལྟག་མཚེར་རིན་པོ་ཆེ་དང་ལྷན་དུ་ལྷ་ས་བཅིངས་འགྲོལ་གྱི་གྲོས་མོལ་ཆེད་མངགས་པའི་གྲས་ཡིན་པ་དང་། ཁོང་ཚོ་མཚོ་སྔོན་རིག་སྨོན་གཞུང་དུ་འཛོམས་ཏེ་རིམ་གྱིས་དབུས་ཕྱོགས་སུ་ཕེབས་ཡོད་པ་རེད།[14] འདིའི་སྐོར་ལ། “༡༩༤༩ ལོར་ལྷ་སའི་གཞུང་ལ་གྲོས་མོལ་བྱེད་ཆེད་ཀྲུང་དབྱང་གིས་སྐུ་ཚབ་འཐུས་མི་འདམས་པའི་ཁྲོད་ཤར་སྐལ་ལྡན་རྒྱ་མཚོ་ཚང་ཡོད་པ་རེད། དེ་ནི་ཁོང་གི་སྐུ་གོང་མ་རྣམས་ལྷ་ས་ན་གོ་གནས་དང་མིང་ཆེན་པོ་ཡོད་པའི་སྟབས་ཀྱིས་ཡིན་པ་དང་། དམག་དཔོན་ཕིན་ཏེ་ཧེས་དངོས་སུ་འདམས་པ་རེད།” ཞེས་རྒྱ་ཡིག་གི་[15]ཡིག་ཆ་ཞིག་ཏུ་འཁོད་འདུག་ལ། ད་དུང་ཤར་ཚང་ཟི་ལིང་ནས་༡༩༥༠ ལོའི་ཟླ་བ་ ༢ པའི་ནང་ལྷ་ས་ལ་ཆས་པ་དང་། ཟི་ལིང་དུ་དམག་དཔོན་ཕིན་ཏེ་ཧེ་ཐུག་ནས་བཀོད་མངགས་བྱས་ཤིང་། ༡༩༥༠ ལོའི་ཟླ་ ༥ པའི་ནང་དབུས་ལམ་དུ་ཕེབས་ཡོད་པ་རེད་ཅེས་ཀྱང་གསལ་འདུག
༧གོང་ས་མཆོག་གི་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོར་ཡང་ ཕན་མིང་ཅན་གྱི་རྩོམ་ཡིག་ཅིག་ལུང་དྲངས་པའི་ནང་འདི་ལྟར། “༡༩༥༠ ལོའི་ཟླ་བ་ལྔ་པར་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་དམག་ཁུལ་ཁང་གིས་ཀྲུང་དབྱང་དང་། ནུབ་བྱང་ཅུས་ནུབ་བྱང་དམག་ཁུལ་ཁང་བཅས་ཀྱི་མཛུབ་སྟོན་ལ་གཞིགས་ནས་ཏཱ་ལའི་བླ་མའི་གཅེན་པོ་སྟག་མཚེར་སྤྲུལ་སྐུས་དབུ་བཞུགས་སྐུ་ཚབ་དང་། ཤར་སྐལ་ལྡན་རྒྱ་མཚོ་དང་། ཞྭ་ལུ་ཧོ་ཐོག་ཐུ་རྣམ་གཉིས་སྐུ་ཚབ། དགེ་ལེགས་རྒྱ་མཚོ་དྲུང་ཡིག་ཆེན་མོ་བ་བཅས་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་དགོན་སྡེ་ཁག་གི་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུར་གོ་བསྐོན་བསླབ་བྱ་བྱེད་མཁན་སྐུ་ཚབ་ཚོགས་པ་བོད་དུ་ཁ་ཏ་བྱེད་པར་མངགས་པ་རེད། མཚོ་སྔོན་གྱི་གོ་བསྐོན་བསླབ་བྱའི་ཚོགས་པ་རྡོག་ཐོན་བྱེད་ཁར་སྤྱི་ཁྱབ་བཀོད་འདོམས་པ་ཕེ་ལགས་སྐུ་ངོ་མ་ཟི་ལིང་དུ་ཕེབས་ནས་ཁོང་ཚོ་དང་མཇལ་འཕྲད་གནང་ཐོག་བོད་ཞི་བའི་བཅིངས་འགྲོལ་གཏང་རྒྱུའི་སྐོར་འབྲེལ་ཡོད་སྲིད་བྱུས་ཀྱི་དགོངས་དོན་བརྒྱུད་བསྒྲགས་གནང་ནས་ཁོང་ཚོར་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་བརྩོན་ལེན་བྱེད་ཆེད་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།”[16] ཅེས་འཁོད་འདུག
ཐེངས་འདིའི་སྐུ་ཚབ་རྣམས་ཀྱི་གྲས་སུ་ “རྒྱ་མིའི་དཔོན་པོ་ལིའུ་ཟེར་བ་ཞིག་དང་རྒྱ་མོ་ཞིག སྔོན་ཟི་ལིང་རྨཱ་ཕུ་ཕང་གི་སྐབས་ཟི་ལིང་གི་ལས་བྱེད་པ་གློག་འཕྲིན་གཏོང་མཁན་ཞིག་བཅས་ཡོང་”[17]ཡོད་པ་དང་། དེ་ནས་དབུས་ལམ་དུ་ཕེབས་ཏེ་ཞགས་ཆུ་ཁར་ཕེབས་སྐབས་ཁོང་ཚོས་ཆབ་མདོ་ཤོར་ཟིན་པའི་གཏམ་ཐོས་ཡོད་པ་དང་། ཉིན་ཤས་རྗེས་སུ་ “བྱང་སྤྱིའི་ཁོངས་ནས་ས་ཞིབ་པ་ཧོར་པ་རྟ་པ་བཞི་བཅུ་ཙམ་སླེབས་ནས་ཞིབ་བཤེར་བྱས་”རྗེས། བྱང་སྤྱི་ནས་བཀའ་མ་ཕེབས་བར་དུ་ཁྱེད་ཚོ་ཡོང་ཆོག་གི་མ་རེད་ཅེས་བཤད་དེ་དབུས་སུ་བསྐྱོད་རྒྱུ་བཀག་ཅིང་། རིམ་གྱིས་སྐབས་དེར་ཡོད་པའི་བྱང་སྤྱི་མཁན་ཆུང་ཐུབ་བསྟན་བཟང་པོ་ལགས་ཕེབས་ཏེ་འདྲི་བརྩད་རྗེས་ “བྱང་སྤྱི་ནས་རྒྱ་དཔོན་ལིའུ་ལ་ཁྱེད་རྣམས་བོད་པ་མིན་པར་བརྟེན་བོད་གཞུང་གི་བཀའ་འཁྲོལ་ཡི་གེ་མེད་པར་འགྲོ་ཆོག་གི་མ་རེད། བོད་པ་ཚོ་ཁོང་ཚོའི་འདོད་པ་རེད་”[18]ཅེས་གསུངས་ཡོད་འདུག་ལ། དེ་ནས་འགྲོ་རོགས་རྒྱ་མི་རྣམས་དེར་བཀག་རྗེས་བོད་པ་རྣམས་རིམ་གྱིས་ནགས་ཆུ་ཁར་ཕེབས་ཡོད་འདུག
སྐུ་ཚབ་འཐུས་མིའི་ཚོགས་གཙོ་ལྟག་མཚེར་རིན་པོ་ཆེས་སྐབས་འདིར་མཐོང་ཐོས་དངོས་སུ་བརྗོད་པའི་གསང་བའི་སྙན་ཞུ་ཞིག་བོད་གཞུང་ལ་ཕུལ་ཡོད་འདུག་ཅིང་། ནགས་ཆུ་ཁར་ཡང་ལྷ་ས་ནས་གཞུང་གི་བཀའ་འཁྲོལ་ཐོབ་རྒྱུ་ལ་བདུན་ཕྲག་གཉིས་ལྷག་ཅིག་གི་ཡུན་ལ་སྒུག་ཡོད་པ་དང་། དེ་ནས་སྐུ་ཚབ་ནས་སྐོར་ཁག་རེ་རེ་བགོས་ཏེ་སོ་སོར་ཐོན་ཡོད་འདུག་ལ། ཤར་སྐལ་ལྡན་རྒྱ་མཚོ་ཚང་ནི་ ༡༩༥༠ ལོའི་ཟླ་ ༡༡ ཚེས་ ༡ ཉིན་ལྷ་སར་ཕེབས་པ་རེད། ཟླ་དེའི་ཚེས་ ༩ ཉིན་རྩེ་ཕོ་བྲང་དུ་ ༧རྒྱལ་བ་རིན་པོ་ཆེར་མཇལ་བ་རེད།
དུས་སྐབས་འདི་ལ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་ལྷ་སྡེ་ཨ་ཁུ་དགེ་བའི་བཤེས་གཉེན་ཆེན་པོ་དགེ་འདུན་བསྟན་འཛིན་གྱི་རྣམ་ཐར་དུ་བཀོད་པ་ལྟར་ན། བླ་མ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་མཆོག་ལྷ་སར་ཕེབས་མ་ཐག་ནས་དགའ་ལྡན་ཀླུ་འབུམ་ཁང་ཚན་གྱིས་མི་སྣ་ཆེད་གཏོང་གིས་ཕེབས་བསུ་ཞུས་ཡོད་པ་དང་། བོད་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཙམ་ལ་དགའ་ལྡན་དུ་ཕེབས་སྐབས་དགའ་ལྡན་བླ་སྤྱི་དང་གྲྭ་ཚང་སོ་སོ་ནས་ཕེབས་བསུ་རྒྱ་ཆེན་ཞུས་ཡོད་འདུག ཟླ་དེའི་ཚེས་ ༢༢ ཙམ་ལ་དགོན་པར་ཆོས་ཞུགས་མཛད་ཅིང་དེར་ཀླུ་འབུམ་ཁང་ཚན་དུ་ཟླ་གཅིག་ཙམ་བཞུགས་རིང་གསུང་ཆོས་ཀྱང་གནང་འདུག སྐབས་འདིར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཀྱང་དགའ་ལྡན་དུ་ཕེབས་ནས་ཤར་སྐལ་ལྡན་རྒྱ་མཚོ་ལ་མཇལ་ཁ་ཞུས་ཡོད་འདུག[19] དེ་ནས་ལོ་དེའི་ལྷ་ལྡན་སྨོན་ལམ་ཆེན་མོར་ཞུགས་ཤིང་། གདན་ས་ཁག་དང་བཀྲ་ཤིས་ལྷུན་པོ་སོགས་ལ་གནས་མཇལ་ལ་ཡང་ཕེབས་ཡོད་པ་རེད།
ཐེངས་འདིར་སྐུ་ཚབ་ཏུ་ཕེབས་པའི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་ནི་རང་གི་ཡུམ་དང་བཅས་པའི་ནང་མིར་གྲོས་མོལ་བྱས་ཐོག་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྒྱ་གར་ཕྱོགས་སུ་འགྲོ་རྒྱུའི་ཐག་གཅོད་བྱས་ཏེ་བོད་རྒྱའི་ས་མཚམས་མཆིམས་ཕུ་ཟེར་བར་ཕེབས་ཟིན་པ་དང་།[20] དེ་ནས་རང་གི་ཞབས་ཞུ་བ་རྒྱལ་མཚན་ལགས་ལྷ་སར་མངགས་ཏེ། ལྷ་སར་བཞུགས་བཞིན་པའི་ཁོང་གི་ཕེབས་རོགས་སྐུ་ཚབ་གཞན་གཉིས་ལ་ཡིག་འབྲེལ་གྱིས་གནས་སྐབས་གཟུགས་ཕུང་སྨན་བཅོས་སླད་སྡོད་རྒྱུ་ཡིན་པའི་ལན་བསྐྱལ་ཡོད་འདུག་ཅིང་། དེའི་ལན་དུ་ཤར་ཚང་གིས་སྐུའི་གཅེན་པོའི་སྐུ་གཟུགས་མགྱོགས་པོར་གསལ་དྭངས་ཡོང་བ་དང་སླར་གང་མྱུར་ཕེབས་ཐུབ་པའི་སྨོན་འདུན་ཞུས་ཡོད་འདུག[21]
དེ་ནས་ ༡༩༥༡ ལྕགས་ཡོས་ལོའི་བོད་ཟླ་དྲུག་པ་ཙམ་ལ་དབུས་ནས་ཆིབས་ཐོན་གྱིས་ལོ་དེའི་བོད་ཟླ་ “བཅུ་གཅིག་པའི་ཚེས་ཉི་ཤུ་བདུན་ལ་རྨ་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་རོང་པོ་བདེ་ཆེན་ཆོས་འཁོར་གླིང་གི་གདན་ས་གསུམ་དང་རེབ་གོང་ལ་རོང་འབྲོག་གི་སེར་སྐྱ་མང་པོས་རྟ་རྒྱུགས་ཀྱི་བསུ་རོལ་རྒྱ་ཆེར་བྱེད་པའི་གྲ་སྒྲིག་བྱས་པར། རེབ་གོང་ས་གནས་ཀྱི་གུང་ཁྲན་ཏང་གི་མི་སྣས་བཀག་འགོག་བྱས་ཤིང་། སྐྱབས་མགོན་རྡོ་རྗེ་འཆང་ཡང་ཆིབས་གོང་ནས་བབས།”[22] ཞེས་པ་ལྟར་རེབ་གོང་དུ་སླར་ཕེབས་[23]པ་དང་། ཆིབས་བསྒྱུར་གྲུབ་པའི་རྗེས་སུ་རེབ་གོང་དགོན་སྡེ་ཁག་ལའང་ཆོས་དང་ཟང་ཟིང་གི་སྦྱིན་པ་གནང་འདུག[24]
༡༩༥༢ ཆུ་འབྲུག་ལོར་པེ་ཅིང་ལ་ཕེབས། སྐབས་དེར་ཀྲུང་གོའི་རྒྱལ་ཁབ་བཙུགས་ནས་ལོ་བཞི་བ་ཡིན་ལ།[25] ལོ་དེའི་སྤྱི་ཟླ་ ༥ ཚེས་ ༡ གོང་ཙམ་ལ་པེ་ཅིན་ནས་མའོ་ཙེ་ཏུང་དང་ཀྲུའུ་ཨེན་ལེ། ཀྲུའུ་ཏེ་སོགས་ཀྱི་དཔོན་རིགས་ལ་མཇལ་འཕྲད་བྱས་ཡོད་འདུག དེ་ནས་རྒྱ་ནག་གི་ས་ཁུལ་གཞན་འགའ་ལ་གཟིགས་ཞིབ་ཆེད་ཕེབས་ཡོད་ཚོད་ཀྱང་ས་བོན་ཞིབ་ཆ་མ་རྙེད།
ཤར་སྐལ་ལྡན་པ་སྐུ་ཕྲེང་འདི་པ་ཆབ་སྲིད་ཀྱི་ཡོ་འཁྱོམ་ཆེ་བའི་སྐབས་དེ་དག་ཏུ་རེབ་གོང་གཙོས་པའི་མདོ་སྨད་ས་ཁུལ་ཁག་ཏུ་ཆོས་ཀྱི་མཛད་པ་ཆེ་བ་དཔེར་ན། ༡༩༥༧ མེ་བྱ་ལོ་གཅིག་པུ་ལ་ཡང་། རྒྱལ་བོ་ཀླུ་ཆུ་དང་མདོ་བ། སོ་ནག བོན་བརྒྱ། ཨ་བར་ཐེ་བོ་བཅས་ཀྱི་ས་གནས་ཁག་ལྔ་རུ་དུས་འཁོར་དབང་ཆེན་ཐེངས་ལྔ་གནང་ཡོད་འདུག[26] དེ་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ལས་ཀའི་ནང་ཞུགས་དགོས་བྱུང་ཡོད་པ་དང་། “༡༩༥༣ ལོའི་ཟླ་ ༡༢ ཚེས་ ༢༢ ཉིན་ལ་ཀྲོན་ཆིས་རིམ་པའི་སྲིད་དབང་དང་འདྲ་བའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས། ཤར་སྐལ་ལྡན་རྒྱ་མཚོ་དང་། ཏོའུ་ཧྭ་ཨན། གསེར་ཁྲི། དགེ་ལེགས་རྒྱ་མཚོ། བཀྲ་ཤིས། དབང་ཆེན། བ་རྒྱལ་བཅས་སོ་སོར་ཀྲུའུ་ཞི་གཙོ་བོ་དང་གཞོན་པར་བདམ་ཐོན་བྱུང་”[27] བ་ལྟར། ཐེངས་དང་པོའི་ཀྲིག་ཀྲང་ངམ་ཁུལ་གཙོའི་འགན་བཞེས་པ་མ་ཟད། མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་མི་རིགས་དོན་གཅོད་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་གོ་གནས་ཀྱང་བཞེས་དགོས་བྱུང་ཡོད་པ་རེད།
རེབ་གོང་གི་ ༡༩༥༨ ལོ་ཙམ་གྱི་གནས་ཚུལ་མདོར་ཙམ་ཞིག་ཆོས་འབྱུང་ས་ཡི་ལྷ་མོར་གསལ་བ་ལྟར་ཞུས་ན། བླ་སེར་དང་མི་དབང་ཆེ་ཆུང་ཕལ་ཆེ་བ་ཞིག་བཙོན་དུ་བཟུང་། ཕ་བུ་དང་དགེ་རྒན་དགེ་ཕྲུག གཉེན་དང་མཛའ་བཤེས་རྣམས་ནང་ཕན་ཚུན་དུ་འཐབ་འཛིང་བྱེད་བཅུག དཔེ་ཆ་རྣམས་གདན་དུ་བཏིང་། སྐུ་གསུང་ཐུགས་རྟེན་བཅག ཆོས་ལ་དད་པ་རྣམས་དགྲ་རུ་བརྩིས། “རྒྱུ་ནོར་ཟས་གསུམ་གང་ཡོད་ཐམས་ཅད་ཀྱི་ནང་ནས་ལེགས་གཅེས་རྣམས་རྒྱ་ཡུལ་དུ་དྲངས་ཏེ་ལྷག་མ་ས་ཞིང་དང་བཅས་པ་ལྷན་གཅིག་ཏུ་བསྡུས་བསྲེས་བྱས་ནས་ཧྲེ་དཔེ་ཟེར་བའི་མིང་བཏགས་ཏེ་མི་མང་ལ་མཉམ་ལས་དང་མཉམ་ཟ་ཡི་སྲོལ་བཙུགས་ཤིང་། མི་རེ་རེ་ལ་གྲོ་ཕྱེ་སྲང་བཞི་ལས་མེད་སྟབས་ཐམས་ཅད་ཀྱིས་ཤིང་ཤུན་དང་ཤིང་ལོ། རྩྭ་དང་མི་རོ། ཐ་ན་ཕྱི་ས་(བཤང་བ་)ཟ་བ་སོགས་ཀྱིས་མཚོན་མུ་གེ་སོགས་ཀྱི་བསྐལ་བ་ཅིག་ཅར་དུ་ལྷགས། ཚུལ་འདིར་བརྟེན་ནས་རྫོང་དང་གྲོང་འཁོར་སོགས་ཀྱི་མི་རབས་ཆད་པ་ཡང་མང་དུ་བྱུང་།[28] ཞེས་པས་མཚོན་ནོ།།
འཇིགས་མེད་ཐེག་མཆོག་གིས་བརྩམས་པའི་རོང་བོའི་གདན་རབས་སུ། “དེ་ཚུན་གྱི་(སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་)ལོ་རྒྱུས་དག་ཀྱང་སེམས་དཔའ་ཆེན་པོ་ལ་མཛེས་པའི་རྣམ་ཐར་རྨ་མེད་པ་ཡིན་ན་ཡང་དགོས་དབང་གིས་རེ་ཞིག་འདི་ནས་ཞུ་མཚམས་བྱ་་་”[29] ཞེས་བཙོན་ཁང་དུ་བཞུགས་སྐབས་ཀྱི་གནས་ཚུལ་རྣམས་དགོས་དབང་ལ་ཞལ་འཕངས་ཏེ་བཀོད་མི་འདུག་ལ། བསེ་ཚང་བློ་བཟང་དཔལ་ལྡན་ལགས་ཀྱིས་བརྩམས་པའི་སྐུ་ཕྲེང་བདུན་པའི་རྟོགས་བརྗོད་དུའང་། བཙོན་ཁང་དུ་ཕེབས་ནས་ཀྱང་བྱང་ཆུབ་སེམས་དཔའི་མཛད་པ་བསྐྱངས་པ་དང་ཁོང་ལ་གསུང་ཆོས་གནང་བའི་སྐོར་གྱི་ཚིགས་བཅད་འགའ་རེ་ལས་མི་འདུག འོན་ཀྱང་གསུང་འབུམ་གྱི་མཛད་པ་པོ་ངོ་སྤྲོད་ཀྱི་སྐབས་སུ་འདི་ལྟར། “…རྗེ་ཉིད་ཀྱང་༼བསེ་ཚང་༽རྒྱལ་ཁྲིམས་ལ་སྦྱར་ཏེ་ཟི་ལིང་དུ་བསྐྱལ། བཙོན་ལས་སྐྱབས་མགོན་ཤར་སྐལ་ལྡན་བདུན་པོ་ཆེན་པོ་དང་མཇལ་ཏེ་གསང་ཐབས་ཀྱིས་དཔལ་རྡོ་རྗེ་འཇིགས་བྱེད་ལ་བརྟེན་པའི་ལུས་སྲུང་གི་གསང་བའི་མན་ངག་བཀའ་རྒྱ་མའི་ཁྲིད་དང་། ཏིང་ངེ་འཛིན་གྱི་དབང་བཞི་ཐུན་མོང་མ་ཡིན་པའི་ལུང་བཅས་མནོས།”[30] ཞེས་གསལ།
བཙོན་ཁང་དུ་བཞུགས་སྐབས་ཐོག་མར་ཟི་ལིང་ཁུལ་དུ་བཞུགས་ཡོད་པ་དང་། ཟི་ལིང་ཁུལ་དུ་མཚོ་སྔོན་ཞིང་ཆེན་ངལ་རྩོལ་སྒྱུར་བཀོད་རུ་ཁག་ཨང་དང་པོ་ནས་ཨང་ལྔ་པ་བར་ཡོད་ལ། དེ་བཞིན་མཚོ་སྔོན་ཞིང་ཆེན་ངལ་རྩོལ་སློབ་སྐྱོང་ཁང་ཞེས་པ་བཅས་བཙོན་ཁང་དྲུག་ཙམ་ཡོད་པ་དེ་དག་ཏུ་མ་མཐའ་ལ་ཡང་ཁྱོན་བསྡོམས་བཙོན་པ་ ༢༧༠༠༠ ཙམ་ཡོད་འདུག[31] ཨ་ལགས་ཙ་ཡུས་བསྟན་འཛིན་དཔལ་འབར་མཆོག་གིས་གསུངས་པ་ལྟར་ན། དེ་དུས་ “ལོག་སྤྱོད་གྲལ་རིམ་” དང་ “གསར་བརྗེར་ངོ་རྒོལ་པ།” བཀས་བཀོད་རྒྱུད་འཛིན་གྱི་བདག་པོ་(བོད་ཀྱི་བླ་མ་རྣམས་ལ་ཟེར་)སོགས་ཀྱི་ཉེས་ཁྲིམས་བཅད་དེ། “བཙོན་འཇུག་ལོ་གསུམ་ཡན་ཆད་ནས་ཚེ་བཙོན་བར་གྱི་ཉེས་ཆད་ཕོག་པ་ཚང་མ་ས་ཐག་རིང་པོའི་ “ངལ་རྩོལ་བསྒྱུར་བཀོད་རུ་ཁག་”སོ་སོར་བསྐྱལ་ཏེ་བཙན་ཤེད་ཀྱིས་ངལ་རྩོལ་སྐུལ་བ་རེད།”[32] ཅེས་གསུངས་འདུག་པ་ལ་དཔགས་ན། རྗེ་སྐལ་ལྡན་པ་འདི་ཉིད་ལ་ཡང་ཐོག་མར་ཟི་ལིང་གི་བཙོན་ཁང་གང་ཞིག་ཏུ་ཁྲིམས་ཐག་གཅོད་ཕྱིར་བཀག་བསྐྱིལ་བྱས་ཡོད་པ་དང་། ཁྲིམས་ཆད་བཅད་རྗེས་ཀ་མདོའི་ཞིང་ར་ཞེས་པའི་བཙོན་ཁང་ལ་བསྐྱལ་ཡོད་པ་རེད།
བཙོན་ཁང་དུ་བཞུགས་སྐབས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ནི་འདི་ལྟར། “གསེར་ལྗོངས་ཡུལ་གྱི་དགྲའི་དཔུང་འཇོམས་(ཤར་སྐལ་ལྡན་རྒྱ་མཚོ་)ཀྱང་ཚུལ་དེ་ལྟ་བུའི་སྒོ་ནས་སྙིང་སྟོབས་ལྷག་པར་བསྐྱེད་དེ་ངེད་ཅག་མ་དག་པའི་སྣང་ངོར། ཤིན་ཏུ་མི་སྡུག་པའི་ར་བ་དུ་མས་བསྐོར་བའི་ནང་དུ་དམག་དང་བཙོན་སྲུང་མི་བཟད་པའི་ཚོགས་ཀྱིས་བསྐོར་བའི་དབུས་སུ་བཞུགས་ཏེ། ཟས་གོས་དང་གཏམ་ངན་སྣ་ཚོགས་ཀྱིས་མནར་བ། ཐ་ན་ངུར་སྨིག་གི་རྒྱན་ཙམ་ཡང་མ་ལུས་པར་འཕྲོག་སྟེ་རས་ནག་གི་དོར་རྟ་གྱོན་དུ་བཅུག་པ་སོགས་བྱས་ཡོད་དོ༎”[33] ཞེས་སྐབས་དེར་མཇལ་ཁར་ཡང་ཡང་ཕེབས་པའི་ཨ་ཁུ་བློ་བཟང་མཁྱེན་རབ་མཆོག་གིས་གསུངས་འདུག་པ་ལྟར། བཙོན་ཁང་དུ་དགེ་འདུན་པའི་ན་བཟའ་བསྣམས་མ་བཅུག་པར་སྐྱ་ཆས་བཞེས་ཡོད་པ་རེད། ད་དུང་བཙོན་ཁང་ནང་ངལ་རྩོལ་བྱེད་དགོས་བྱུང་བ་མ་ཟད། ད་དུང་བཤང་གཅི་གཙང་མ་བཟོ་བའི་ལས་ལ་ཡང་བསྐུལ་བའི་བཤད་སྒྲོས་སོགས་འདུག་ལ། འཕྲོད་བསྟེན་དང་བཞེས་པ་སོགས་ཀྱི་དཀའ་ངལ་ཆེ་རབས་ཀྱང་དེའི་ཁུངས་ཐུབ་ཡིག་ཆ་མ་རྙེད་པས་རེ་ཞིག་བཞག ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ་ཞུ་བ་འདིས། ལོ་རེ་རེ་བཞིན་ཐེངས་གཉིས་རེར་བཙོན་ཁང་དུ་སྐྱབས་མགོན་རིན་པོ་ཆེར་ཡོ་བྱད་ཅི་འབྱོར་བསྐྱལ་བར་ཕེབས་[34]ཡོད་པ་རེད་ཅེས་ཁོང་གི་ཆོས་འབྱུང་གི་སྔོན་གླེང་དུ་བྲིས་འདུག
བཙོན་ཁང་དུ་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་ཕེབས་པའི་སྐོར་རོབ་ཙམ་ཞིག་རྒྱ་ཡིག་ཏུ་འཁོད་པ་ནི་འདི་ལྟར། “༡༩༥༨ ལོ་དེ་མི་རིགས་ཀྱི་མཐོ་རིམ་མི་སྣ་མང་པོར་མཚོན་ན་ཚོད་བགམ་ཞིག་དང་། བཙོན་འཇུག་གི་མནར་གཅོད་ཅིག་ཡིན་ལ། དེ་བཞིན་འཇིགས་ཡེར་བའི་རྨི་ལམ་ཞིག་དང་། ཆག་སྒོ་ཞིག་ཀྱང་ཡིན། ལོ་དེའི་ཟླ་བཞི་བར། རྨ་ལྷོའི་ས་ཁུལ་ལ་ལར་གསར་བརྗེ་ངོ་ལོག་གི་དྲག་པོའི་ངོ་རྒོལ་བྱུང་བ་དང་། ཟིང་འཁྲུག་ཞོད་འཇགས་ཀྱི་བརྒྱུད་རིམ་ཁྲོད། རྒྱ་ཆེ་ཐལ་དྲགས་པའི་ནོར་འཁྲུལ་བྱུང་སྟབས ཤར་ཚང་ཡང་དོན་མེད་ཐག་ཞོར་འབྲེང་དྲུད་ཀྱིས། ཟླ་ ༦ ཚེས་ ༡༦ ཉིན་འཛིན་བཟུང་བཀག་བསྐྱིལ་བྱས་ཏེ་བཙོན་ཁང་དུ་མི་ལོ་ ༢༠ ལྷག་རིང་ཉེས་མེད་སྡུག་ཁུར་བྱེད་དགོས་བྱུང་བ་དང་། ༡༩༧༨ ལོའི་ཟླ་ ༡༡ ཚེས་ ༣༠ ཉིན་ཀ་མདོ་ཞིང་རར་[35]སྨན་བཅོས་ཕན་བསྐྱེད་མ་བྱུང་བར་དགུང་ལོ་ ༦༢ སྟེང་སྐུ་གྲོངས།”[36]ཅེས་བྲིས་པ་ལྟར་རེད།
འོན་ཀྱང་ཁོང་གི་བསྙུན་གཞི་དེ་ཅི་ཞིག་ཡིན་པ་དང་། སྐུ་འདའ་ཁར་སུ་ཡོད་མེད། ཞལ་ཆེམས་གང་འདྲ་ཡོད་མེད། ཁོང་གི་ཁྲིམས་ཆད་ཀྱི་ཡིག་ཆ་གང་འདྲ་ཡོད་མེད་སོགས་ནི་ཧ་ཅང་ལྐོག་གྱུར་རེད། ཨ་ལགས་ཙ་ཡུས་ཚང་གིས་ཀ་མདོའི་ཞིང་རའི་སྐོར་ལ་གསུངས་དོན། “ཀ་མདོ་ཞིང་ར། ཞིང་ཆེན་བཙོན་ཁང་དང་པོ། ཞུན་ཧྭ་རྫོང་། ༼འདིར་ ༡༩༥༨ ལོ་ནས་ ༡༩༨༠ བར་བོད་མི་སྟོང་ཕྲག་ཁ་ཤས་ཡོད་པ་མང་ཆེ་བ་མནར་གཅོད་འོག་གྲོངས་པ་རེད། ཤར་སྐལ་ལྡན་རྒྱ་མཚོ་དང་རྒྱ་བོའི་དཔོན་པོ་རྡོ་རྗེ་སོགས་མི་སྣ་གྲགས་ཅན་མང་པོ་མནར་གཅོད་འོག་འདས།༽”[37]ཞེས་གསུངས་འདུག
ཁོང་དགོངས་པ་རྫོགས་པའི་སྐོར་ལ། རོང་པོའི་གདན་རབས་ལས། “རབ་བྱུང་བཅུ་དྲུག་པའི་ས་རྟ་ལོར་རྒྱལ་བསྟན་སྣང་བ་འཛམ་གླིང་མཁའ་ལ་འཕྲོས་པ་དང་ལྷན་ཅིག་ཧོར་ཟླ་བཅུ་གཅིག་པའི་ཚེས་གསུམ་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་སོ་ལྔའི་སྟེང་རེ་ཞིག་ལྔ་ལྡན་ཞིང་ལ་ངལ་གསོ་བར་ཕེབས་སོ༎”[38] ཞེས་བཀོད་པ་ལྟར་ལགས་ཤིང་། ཆུ་བཟང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག་མཆོག་(1914-2000)གིས་སྐུ་གདུང་ལ་བདག་བྱས་པའི་སྐོར་བསེ་ཚང་གི་རྟོགས་བརྗོད་ན་གསལ།[39]
ཆུ་བཟང་སྤྲུལ་སྐུ་སྐུ་ཕྲེང་དྲུག་པ་འདི་ནི་རྗེ་སྐལ་ལྡན་པ་སྐུ་ཕྲེང་བདུན་པའི་སྐུ་མཆེད་ཅིག་ཡིན་འདུག་ལ། ཁོང་ཡང་ཤར་སྐལ་ལྡན་རྒྱ་མཚོ་དང་ལྷན་དུ་བཙོན་ཁང་དུ་ཕེབས་འདུག ༡༩༥༨ ལོར་བཙོན་ཁང་དུ་ཚུད་པའི་བརྒྱུད་རིམ་རོམ་ཙམ་ཞིག་ཁོང་གི་རྣམ་ཐར་དུ་གསལ་བ་འདི་ལྟར། “ཧོར་ཟླ་ལྔ་བའི་ཚེས་ཉེར་བཞིའི་ཉིན་རྫོང་ནས་རྒྱུ་མཚན་ཅི་ཡང་མེད་པར་(ཆུ་བཟང་ཚང་ལ་)ལག་ལྕགས་བརྒྱབ་ཐོག་བཙོན་ཁང་དུ་བཅུག རྫོང་ཐོག་ཏུ་ཉིན་བཅོ་ལྔ་འགོར་རྗེས་ཟི་ལིང་དུ་བསྐྱལ་ཏེ་བཙོན་འཇུག་བྱས། ཟི་ལིང་བཙོན་ཁང་དུ་རྗེ་ཉིད་ལ་སྐྱེ་བོ་གདུག་རྩུབ་ཅན་བརྗེ་རེས་ཀྱིས་ལན་གྲངས་བརྒྱ་ལྷག་འདྲི་རྟོག་བྱས། འདྲི་ཐེངས་རེར་ཁྱོད་ལ་རྒྱུ་རྫས་རྩ་ཆེན་ཅི་ཞིག་ཡོད། གསེར་དངུལ་སོགས་རིན་པོ་ཆེ་རྣམས་གང་དུ་སྦས་ཡོད། མི་སུ་དང་སུ་ངོ་ཤེས། འབྲེལ་བ་ཇི་ལྟར་བྱས་ཡོད། རྒྱ་གར་ནས་རྒྱུ་རྫས་གང་འདྲ་ཁྱེར་ཡོང་། ཆུ་ཚོད་དང་མེ་མདའ་ཁྱེར་ཡོང་བ་རྣམས་གང་དུ་བཞག་ཡོད། ཆོས་བཏོན་པ་དང་མི་ལ་འཚམས་རྟགས་བྱིན་ནས་འབྲེལ་བ་བྱས་པས་ཁྱོད་གསར་བརྗེའི་ངོ་ལོག་པའི་ཉེས་ཅན་རེད་ཟེར་ནས། མཐོ་རིམ་བཙོན་མ་ཞེས་པའི་ཉེས་མིང་བཀལ། ཕྱི་ལོ་ ༡༩༥༨ ལོ་ནས་ ༡༩༧༠ ལོའི་བར་ཟི་ལིང་ཁན་ཧྲིན་ཧུ་བཙོན་ཁང་དུ་མུན་ཁང་ནང་མི་ལོ་བཅུ་གཉིས་ཀྱི་ཡུན་ལ་འཐབ་རྩོད་དང་སྡུག་སྦྱོང་ཚད་མེད་ཀྱིས་སྐུ་སྲོག་མ་ཆད་ཙམ་གྱི་ངང་བཞུགས། ར་ཁོ་ཚང་། ཤར་ཚང་། ཏུའུ་ལན་ཚང་། བཙན་པོ་ཚང་། ཐུའུ་བཀན་ཚང་། གསེར་ཁྲི་ཚང་། མི་ཉག་ཚང་། སྒོ་མེ་དཔོན་པོ་བཀྲ་ལོ། སྒོ་མེ་དགེ་བསྙེན། ཆབ་ཆ་དགོན་གསར་གྱི་ཨ་ལགས་སེ་ར་མཁན་ཆེན་སོགས་བཙོན་གྲོགས་ཡིན་འདུག” ཅེས་དང་། དེ་ནས་ ༡༩༧༠ ལོར་ཕིན་ཙཱ་ཙེ་ཞིང་ཆེན་གྱི་བཙོན་ཁང་དུ་བོད་ཀྱི་བཙོན་པ་ ༢༩༠ དང་ལྷན་དུ་ཕེབས་ནས་ངལ་རྩོལ་གྱི་ལས་ཀར་ཞུགས་ཡོད་པ་དང་། དེ་ནས། “༡༩༧༢ ལོར་ཀ་མདོའི་བཙོན་ཁང་དུ་བསྐྱལ་ཏེ་མི་ལོ་གསུམ་གྱི་ཡུན་ལ་དཀའ་སྡུག་སྣ་ཚོགས་ཉམས་སུ་བཞེས་ཏེ་བཞུགས། ཕྱི་ལོ་ ༡༩༧༥ ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་བཙོན་གྲོལ་ཐོབ། ལོ་གསུམ་དང་ཟླ་བ་བརྒྱད་ཀྱི་རིང་ལ་ཀ་མདོར་སིལ་ར་སྲུང་བ་སོགས་འཚོ་ཐབས་ཕྲན་བུ་ལ་བརྟེན་ཏེ་མི་བཞུགས་ཐབས་མེད་བྱུང་།”ཞེས་གསུངས་འདུག[40] དེས་ན། ཆུ་བཟང་སྤྲུལ་སྐུ་འདི་ཉིད་ཟི་ལིང་དང་ཀ་མདོ་གཉིས་ཀར་ཤར་ཚང་དང་ལྷན་དུ་བཞུགས་ཡོད་པ་གསལ་ལ། འདྲི་གཅོད་ཀྱི་རྣམ་པ་དེ་དག་དང་ཉེས་ཆད་དེ་དག་ནི་ཤར་ཚང་ལའང་ཕོག་ཡོད་པ་གོར་མ་ཆག ཤར་ཚང་དགོངས་པ་རྫོགས་པའི་སྐབས་སུ་ཆུ་བཟང་རིན་པོ་ཆེ་ས་དེ་གར་བཙོན་གྲོལ་གྱི་རྣམ་པར་བཞུགས་ཡོད་པས་སྐུ་གདུང་ལ་བདག་ཉར་གནང་བ་ཡིན་འདུག
ཤར་ཚང་སྐུ་ཕྲེང་བདུན་པ་འདི་ཉིད་མྱ་ངན་ལས་འདས་པའི་གཏམ་དེ་རེབ་གོང་གི་མི་དམངས་ཀྱི་རྣ་ལམ་དུ་སླེབས་སྐབས། རྣམ་ཐར་དད་པའི་མཛེས་རྒྱན་ལས། “ཕྱག་ན་པད་མོ་སྐྱབས་མགོན་བདུན་པ་ཆེན་པོ་གང་ཉིད་ཡུལ་ཀ་མདོའི་ཁྲི་མོན་དུ་བཞུགས་མུས་སུ་ཞིང་འདིའི་སྐུ་ཚེའི་འཕྲིན་ལས་བསྡུས་པའི་དུས་ལ་བབས་ནས་མཛད་པའི་མཐའ་མ་བདག་གིར་བཞེས་པ་ལ། རེབ་གོང་གཙོ་བོར་གྱུར་པའི་དད་ལྡན་གདུལ་བྱ་མ་ལུས་པ་གདུང་བའི་མུན་ཁྲོད་དུ་འཁྱམས་ཤིང་། ངོ་བྱད་མཆི་མས་གཡོགས་ཏེ་མྱ་ངན་གྱི་སེམས་ཁོངས་འཁྱག་པའི་གྲང་རླུང་དྲག་པོར་ལྡང་བ་ན། རེབ་གོང་སྟོད་སྨད་བར་གསུམ་དང་ཁྱིམ་ཚང་སོ་སོས་འགྲན་བསྡུར་ངང་ཤར་ཐམས་ཅད་མཁྱེན་པའི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱ་བའི་ཆེད་དུ་སྟོང་མཆོད་དང་། རྒྱན་འཇུག སྨན་བླ་འདོན་པ་སོགས་ཆོས་སྤྱོད་ཀྱི་བྱ་བ་བློས་མི་ཤོང་བ་བྱས།”[41] ཞེས་བཀོད་པ་ལྟར་ལགས་སོ༎
ཡང་ཚེ་ཏན་ཞབས་དྲུང་ཚང་གི་རང་རྣམ་ཁ་སྐོང་མེ་ཏོག་བཞད་པའི་འཁྲི་ཤིང་ལས། ཚེ་ཏན་ཞབས་དྲུང་ཚང་དགུང་ལོ་རེ་དགུ་བཞེས་པའི་མགོ་ཟླའི་ཚེས་གཅིག་ཉིན་ “ཟི་ལིང་དུ་བཞུགས་སྐབས་ཉིན་གང་བོར་རླུང་དམར་དྲག་པོ་ལངས་ཏེ་ཟི་ལིང་གྲོང་ཁྱེར་གྱི་གནམ་ས་བར་སྣང་ས་ཐལ་གྱིས་གང་ཞིང་ཕྱིས་སུ་ཐོས་པ་ན་ཧ་ལམ་མདོ་སྨད་ས་ཁུལ་ཀུན་ཏུ་རླུང་དམར་གྱིས་ཤིང་སྡོང་བཅག་པ་དང་། ལམ་འགྲོ་བཅད་པ་སོགས་ཡུལ་ངན་བྱུང་མ་མྱོང་བ་ཞིག་བྱུང་བར་གླེང་། སྐབས་དེར་བླ་མ་རིན་པོ་ཆེས་འདི་སྐྱེས་ཆེན་དམ་པ་ཞིག་གི་དགོངས་པ་ཞི་བའི་དབྱིངས་སུ་གཏད་པ་མིན་ནམ། རྒྱལ་བའི་གསུང་རབ་ལས་འབྱུང་བའི་རྟགས་མཚན་ལ་བསམས་ན་ཕལ་ཆེར་ཡིན་རྒྱུ་རེད་སྙམ་གསུངས་པ་མ་གཏོགས་གནས་ཚུལ་ངོ་མ་གསན་མེད། ཚེས་བདུན་ཉིན་རོང་བོ་དགོན་ཆེན་ནས་གཞུང་བརྒྱ་སྨྲ་བ་དགེ་འདུན་དར་རྒྱས་དང་། སྐྱབས་མཆོག་བདུན་པ་མཆོག་གི་སྐུ་དབོན་འཇིགས་མེད་ལྷུན་གྲུབ་དངོས་ཕེབས་ཀྱིས། ཀ་མདོ་གདོང་དམར་སྣའི་ཉེ་འདབས་ན་བཞུགས་པའི་༧སྐྱབས་རྗེ་མཚུངས་པ་མེད་པ་གསེར་ལྗོངས་ཡུལ་གྱི་གོང་ས་སྐྱབས་མགོན་བདུན་པ་ཆེན་པོ་དག་ཞིང་དུ་ཕེབས་པའི་ཚུལ་ཞུས་་་་་ ཐུགས་སྐྱོ་ཚད་མེད་གནང་།”ཞེས་བཀོད་འདུག[42]
ཆུང་བྱིས་པའི་དུས་ནས་བཟུང་། ཡུལ་འདིར་མཁས་པའི་སྙན་པ་ཆེ་བའི་ཡོངས་འཛིན་དམ་པ་དག་ཚུལ་བཞིན་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་སྙེག་ཟིན་པའི་རེབ་གོང་གི་ཉི་མ་འདི་ལ་མཚོན་ན། དགུང་ལོ་བཞི་བཅུར་སོན་ཙམ་ནས་བཙོན་ཁང་དུ་ཚུད་པ་དང་། བཙོན་ཁང་ནས་མི་ལོ་ཉི་ཤུ་བསྐྱལ་རྗེས་དགོངས་པ་རྫོགས་པ་རེད་ལ། ད་ནི་བཙོན་ཁང་དུ་ཉིན་རེའི་དཀའ་སྡུག་གི་མཛད་པ་ཅི་ཡིན་དང་ཟི་ལིང་ནས་ཀ་མདོ་ལ་དུས་ནམ་ཞིག་ལ་སྤོས་པ་སོགས་དང་འབྲེལ་བའི་རྣམ་ཐར་རྣམས་འཇིག་རྟེན་འདི་ནས་ནུབ་ཉེར་ཆེ་མོད། རྣམ་ཐར་དེ་དག་ཁ་སྐོང་བྱ་རྒྱུར་ཡང་ཡུལ་དུས་ཀྱི་རྐྱེན་ལ་བརྟེན་ནས་དགོས་ངེས་པའི་ས་བོན་རྣམས་ཚང་དཀའ་བ་དང་། ཡིག་ཆ་གཞན་ནས་ཀྱང་རྙེད་དཀའ་བ་འདུག འདི་ཡང་རེབ་གོང་གི་ཉི་མ་ནུབ་རྗེས་ཀྱི་མུན་པའི་ཆ་ཞིག་ཏུ་འཁུམས་སོ༎
ཤར་སྐལ་ལྡན་རྒྱ་མཚོ་ཚང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་རྒྱ་ཡིག་གི་དཔེ་ཆ[43]འི་གྲས་སུ། ཁོང་གི་སྐུ་ཚ་རྡོ་རྗེ་ལགས་ཀྱིས་བྲིས་པའི་ “ངའི་ཨ་ཁུ་ཤར་ཚང་གི་རྗེས་དྲན།” ཞེས་པ་དང་། དེ་བཞིན་ཝང་རུང་ཏེ་ཞེས་པ་ཤར་ཚང་དང་ལྷན་དུ་དབུས་སུ་བསྐྱོད་མྱོང་བ་ཞིག་གིས་༡༩༨༨ ལོའི་ཟླ་བ་ ༡་ཚེས་ ༢༡ ལ་བཤད་ཅིང་ཀྲའོ་ཆིན་དབྱང་གིས་བྲིས་པའི་ “བླ་མ་ཤར་ཚང་གིས་བོད་ཞི་བའི་བཅིངས་འགྲོལ་འོད་སྟོང་འབར་བའི་ཤོག་ངོས་གཅིག་བྲིས་པ།-ཤར་ཚང་དང་ལྷན་དུ་བོད་ལ་བསྐྱོད་པའི་དྲན་ཐོ་དུམ་བུ་ཞིག” ཅེས་པ། ཡང་། རོང་བོ་དགོན་པའི་དགེ་འདུན་པ་བྱིངས་འདྲེན་ཆེན་མོ་ཟུར་པ་རྡོ་རྗེ་ཐར་ལགས་ཀྱིས་ ༡༩༨༧ ལོར་བྲིས་པའི་ “མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་ཆེད་དུ་འབད་བརྩོན་བྱས་པའི་བླ་མ་བཟང་པོ་ཞིག- ཤར་ཚང་གིས་བོད་རང་སྐྱོང་ལྗོངས་ལ་རྒྱ་མིའི་ལས་བྱེད་བཞི་ཉེན་ཁ་ལས་བསྐྱབས་པའི་དྲན་ཐོ་དུམ་བུ་ཞིག” ཅེས་པའི་རྩོམ་ཡིག་གི་ནང་ནས་ཀྱང་འདིར་ཁ་སྣོན་དགོས་པ་རེ་ཟུང་རེ་འདུག་མོད། འདིར་རེ་ཞིག་བཞག་ཡོད་དོ༎
[1] རྩོམ་ཡིག་འདི་ལ་ ལ་རྩེ་དཔེ་མཛོད་ཁང་(www.latse.org)་དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་(www.tbrc.org)གཉིས་ནས་རྒྱུ་ཆའི་ཡིག་ཆ་རྣམས་བེད་སྤྱོད་རོགས་རམ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ། དཔེ་མཛོད་ཁང་འདི་གཉིས་ལ་མ་བརྟེན་པར་རྩོམ་ཡིག་འདི་འབྲི་ཐུབ་བྲལ། ད་དུང་ལ་རྩེ་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་ཞབས་མཁས་དབང་པད་མ་འབུམ་ལགས་དང་། དེ་བཞིན་པད་མ་རྣམ་རྒྱལ་གཉིས་ཀྱིས་རྒྱ་ཡིག་གི་གོ་དོན་ངོ་སྤྲོད་བྱས་པར་ཐུགས་རྗེ་ཆེ་ཞུ། རྩོམ་པ་པོས།
[2] རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་རྟོགས་བརྗོད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་གྲངས་ ༤༨༠
[3] ལུང་འདི་ནི་ལྟག་མཚེར་རིན་པོ་ཆེ་སྐུ་དངོས་ཀྱིས་ཕྲན་ལ་གསུངས་བྱུང་མོད་དེ་ལྟར་སྒྲ་འཇུག་བྱེད་ཐུབ་མེད་ལ། དེ་ལས་གཞན་པའི་ཁུངས་སྐྱེལ་ཡིག་ཆ་ཡང་མ་རྙེད།
[4] ད་ལྟ་ནིའུ་ཡོག་ཏུ་བཞུགས་བཞིན་པའི་ཨ་མདོ་ཤ་བོས་གསུངས་པ་ལྟར་ན། རེབ་གོང་སྐྱབས་མགོན་དབུས་ལ་ཆིབས་བསྒྱུར་གནང་སྐབས་རེབ་གོང་གི་མི་དམངས་ཀྱིས་གསོལ་བ་བཏབ་ནས། “དབུས་ཀྱི་མཛད་པ་རྣམས་གྲུབ་རྗེས་རེབ་གོང་དུ་ཕེབས་རྒྱུ་ཡིན་”ཞེས་དབུ་མནའ་བཞེས་བཅུག་པ་རེད།
[5] མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ནན་མོན་ཞཱ་ཞང་གི་ཁོངས་སུ་གཏོགས་པའི་རྭ་ལོ་ཐང་།
[6] ཕྱག་ན་པད་མོ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་ཀྱི་རྒྱུད་གསང་གསུམ་སྣང་བའི་སྒྲོན་མེ་ཞེས་བྱ་བ། འཇིགས་མེད་དམ་ཆོས་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༣༦༧-༣༩༨ (གོང་གསལ་རྣམས་ནི་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་སྐྱེས་རབས་ལས་བཏུས་ཤིང་འདིར་ཁོང་དགུང་ལོ་ ༡༦ ལ་ཕེབས་པའི་བར་ཙམ་དུ་གསལ།)
[7] རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ། འཇིགས་མེད་ཐེག་མཆོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༣༠༢ ན། “ཕུན་ཚོགས་བཞི་ལྡན་འབྲས་བུའི་ཁུར་གྱིས་དུད༎ སྙན་པའི་གྲགས་པ་དཀར་པོའི་མེ་ཏོག་གིས༎ རབ་ཏུ་མཛེས་པའི་དཔག་བསམ་ལྗོན་པ་ཆེ༎ དཔལ་ལྡན་སྨྲ་བའི་དབང་བོ་རྒྱལ་གྱུར་ཅིག།”ཅེས་ཕུལ་འདུག
[8] རྟོགས་བརྗོད་གདུང་སེལ་སྨན་གྱི་ལྗོན་པ། མ་ཧཱ་པཎྚི་ཏ་རྗེ་བཙུན་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༡༦༨
[9] པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་གང་གི་དགུང་ཚིགས་དང་བསྟུན་པའི་མཛད་རྣམ་རགས་བསྒྲིགས། བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། སྤྱིའི་འདོན་ཐེངས་ ༢༢ པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ཤོག་གྲངས་ ༣༨༠
[10] རྗེ་དགེ་འདུན་བསྟན་འཛིན་གྱི་རྣམ་ཐར་དད་པའི་འཇུག་ངོགས། རོང་བོ་བློ་བཟང་སྙན་གྲགས། བོད་ཀྱི་དུས་བབ། ༢༠༠༥ ཤོག་གྲངས། ༧༡
[11] ཆོས་ཕྱོགས་ཀྱི་མཛད་པ་འདི་དག་ནི་ཁོང་དང་འབྲེལ་བ་ཡོད་པའི་བླ་མ་ཁག་གི་རྣམ་ཐར་དག་ན་ཞིབ་ཙམ་འདུག་ཀྱང་འདིར་རྒྱས་པར་མ་བྲིས།
[12] རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ། ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ། ༢༠༠༥ ཤོག་གྲངས་ ༢༥༦
[13] ༧གོང་ས་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུའི་གཅེན་པོ་སྐུ་འབུམ་ཁྲི་ཟུར་སྟག་མཚེར་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་ནོར་བུའི་ཐུན་མོང་མཛད་རིམ་བསྡུས་དོན་དཔྱོད་ལྡན་ཡོངས་ལ་གཏམ་དུ་བྱ་བ་སྔོན་མེད་ལེགས་བཤད་ངེས་དོན་སྤྲིན་གྱི་ཕོ་ཉ། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་ཞེས་འབོད་པས་སྦྱར། ༡༩༨༩ ཤོག་གྲངས་ ༩༩-༡༠༠
[14] རེབ་གོང་བཅིངས་གྲོལ་བྱས་པའི་སྔ་གཞུག བཀྲ་ཤིས་རྣམ་རྒྱལ། རྡོ་རྗེ། ཤོག་གྲངས་ ༨༨ རྨ་ལྷོའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག དེབ་དང་པོ། ༡༩༩༢ “༡༩༥༠ ལོའི་ཟླ་ ༦ པར་ཤར་སྐལ་ལྡན་རྒྱ་མཚོ་དང་དགེ་ལེགས་རྒྱ་མཚོ་བཅས་ཀྱིས་རྩ་འཛུགས་ཀྱི་མངག་བཅོལ་དང་ལེན་དང་ཕྲག་ཏུ་ལས་འགན་ལྕི་མོ་ཁུར་ཏེ་གཞན་པའི་བོད་རིགས་འཐུས་རྣམས་དང་མཉམ་དུ་སྔོན་ལ་ལྷ་སར་སྐྱོད་ཅིང་། བོད་ལྗོངས་ཞི་བས་བཅིངས་གྲོལ་གཏོང་བའི་དོན་དུ་དཀའ་ལས་བརྒྱབ་ཅིང་ནུས་ཤུགས་བཏོན།” ཞེས་གསལ།
[15] 爱国民主人士夏日仓生平, 赵清阳 多杰 ༼རྒྱལ་གཅེས་དམངས་གཙོའི་མི་སྣ་ཤར་ཚང་གི་སྐུ་ཚེའི་ལོ་རྒྱུས། ཀྲའོ་ཆིན་དབྱང་ དང་རྡོ་རྗེ།༽ རྨ་ལྷོའི་རིག་གནས་ལོ་རྒྱུས་རྒྱུ་ཆ། ཐེངས་གཉིས་པ་ ༡༩༩༤ ༼ནང་ཁུལ་ཡིག་ཆ། རྒྱ་ཡིག༽ ཤོག་གྲངས་ ༩༠-༡༠༣
[16] མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་དཔར་སྐྲུན་བྱས། ༢༠༠༩ གླེགས་བམ་གསུམ་པ། ཤོག་གྲངས ༣༡༡
[17] ༧གོང་ས་རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་སྐུའི་གཅེན་པོ་སྐུ་འབུམ་ཁྲི་ཟུར་སྟག་མཚེར་མཆོག་སྤྲུལ་ཐུབ་བསྟན་འཇིགས་མེད་ནོར་བུའི་ཐུན་མོང་མཛད་རིམ་བསྡུས་དོན་དཔྱོད་ལྡན་ཡོངས་ལ་གཏམ་དུ་བྱ་བ་སྔོན་མེད་ལེགས་བཤད་ངེས་དོན་སྤྲིན་གྱི་ཕོ་ཉ། མདོ་སྨད་པ་ཡོན་ཏན་རྒྱ་མཚོ་ཞེས་འབོད་པས་སྦྱར། ༡༩༨༩ ཤོག་གྲངས་ ༡༡༤
[18] གོང་མཚུངས། ཤོག་ངོས་ ༡༡༦
[19] ཕྲན་གྱི་དགེ་རྒན་དམ་པ་ལྷ་སྡེ་ཨ་ཁུ་ཚང་དགེ་འདུན་བསྟན་མཆོག་གིས། “དགེ་འདུན་ཆོས་འཕེལ་ཚང་ཡང་དེ་དུས་མཇལ་བར་ཕེབས་སོང་། ཡིན་ན་ཡང་ཁོང་གིས་ཕྱག་འཚལ་མ་སོང་། གོན་པ་གཡང་ལུག་ཅིག་དང་ཞྭ་མོ་ལེབ་ལེབ་ཅིག་གོན་འདུག” ཅེས་ཕྲན་ལ་གསུངས་པ་དྲན།
[20] ལ་རྩེ་དཔེ་མཛོད་ཁང་གི་ངག་རྒྱུན་ལོ་རྒྱུས་ཁོངས་སུ་ཡོད་པའི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་ལ་བཅར་འདྲི་ལྟར་ན། ལྟག་མཚེར་རིན་པོ་ཆེས་ནགས་ཆུ་ནས་བོད་གཞུང་ལ་གསང་བའི་སྙན་ཞུ་ཞིག་ཕུལ་བ་དེ་ གཞུང་ནས་མི་དམངས་ཚོགས་ཆེན་དུ་བཀྲམས་ཏེ་གསང་བ་ཕྱིར་གྱར་བྱས་པ་དེ་ནི་ཁོང་བཙན་བྱོལ་དུ་ཕེབས་དགོས་པའི་རྒྱུ་མཚན་གལ་ཆེན་ཞིག་ཡིན་འདུག
[21] Tibet is My Country: The Autobiography of Thubten Jigme Norbu, Brother of the Dalai Lama as told to Heinrich Harrer, Wisdom Publications, 1986, 231p.
[22] རྗེ་དགེ་འདུན་བསྟན་འཛིན་གྱི་རྣམ་ཐར་དད་པའི་འཇུག་ངོགས། རོང་བོ་བློ་བཟང་སྙན་གྲགས། བོད་ཀྱི་དུས་བབ། ༢༠༠༥ ཤོག་གྲངས་ ༤༦
[23] རྒྱལ་གཅེས་དམངས་གཙོའི་མི་སྣ་ཤར་ཚང་གི་སྐུ་ཚེའི་ལོ་རྒྱུས། རྨ་ལྷོའི་རིག་གནས་ལོ་རྒྱུས་རྒྱུ་ཆ། ཐེངས་གཉིས་པ་ ༡༩༩༤ ༼ནང་ཁུལ་ཡིག་ཆ། རྒྱ་ཡིག༽ ཤོག་གྲངས་ ༩༠-༡༠༣ “༡༩༥༢ ལོའི་དགུན་ཁར་རོང་བོ་དགོན་ཆེན་དུ་སླར་ལོག་ཕེབས་པ་རེད།” ཅེས་བཀོད་འདུག
[24] སྐབས་དེར་དགེ་འདུན་པ་རེ་རེར་སྣམ་བུས་བཟོས་པའི་ཟླ་གམ་རེ་གནང་བ་རེད་ཅེས་ཨ་མདོ་ཤ་བོ་ལགས་ཀྱིས་གསུངས་བྱུང་།
[25] 爱国民主人士夏日仓生平, 赵清阳 多杰 ༼རྒྱལ་གཅེས་དམངས་གཙོའི་མི་སྣ་ཤར་ཚང་གི་སྐུ་ཚེའི་ལོ་རྒྱུས། ཀྲའོ་ཆིན་དབྱང་ དང་རྡོ་རྗེ།༽ རྨ་ལྷོའི་རིག་གནས་ལོ་རྒྱུས་རྒྱུ་ཆ། ཐེངས་གཉིས་པ་ ༡༩༩༤ ༼ནང་ཁུལ་ཡིག་ཆ། རྒྱ་ཡིག༽ ཤོག་གྲངས་ ༩༠-༡༠༣ “༡༩༥༢ ལོའི་དཔྱིད་ཀར་མའོ་ཙེ་ཏུང་གིས་པེ་ཅིན་དུ་གདན་འདྲེན་ཞུས་པ་རེད། ཟླ་བ་ ༥ ཚེས་ ༡ གི་སྔོན་ཙམ་ལ་པེ་ཅིན་ནས་མའོ་ཙེ་ཏུང་དང་ ཀྲུའུ་ཨེན་ལེ། ཀྲུའུ་ཏེ་སོགས་ལ་མཇལ་འཕྲད་བྱས་པ་རེད། ཟླ་ ༥ ཚེས་ ༡ ཉིན་ཀྲུའུ་ཏེ་ཡིས་ཁོང་ལ་གསོལ་སྟོན་བཤམས་པ་རེད། གསོལ་སྟོན་ཐོག་ཁོང་གི་སྐུ་ཚ་རྡོ་རྗེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་བཞག་པ་རེད། ཤར་ཚང་གིས་ཕིན་ཏེ་ཧེ་དང་ཡིག་འགྲུལ་ཐེངས་མ་མང་པོ་བྱས་པ་རེད།” ཞེས་སོགས་གསལ་འདུག
[26] རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ། འཇིགས་མེད་ཐེག་མཆོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༣༣༤
[27] མི་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ་མི་དམངས་ཀྱི་སྲིད་དབང་གསར་དུ་བཙུགས། དབྱང་ཡའོ་ཙོའུ། ཤོག་གྲངས་ ༩༨ རྨ་ལྷོའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག དེབ་དང་པོ། ༡༩༩༢ ཤོག་གྲངས་ ༩༩
[28] རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ། ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ། ༢༠༠༥ ཤོག་གྲངས་ ༢༦༨
[29] རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ། འཇིགས་མེད་ཐེག་མཆོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༣༣༦
[30] མཛད་པ་པོ་ངོ་སྤྲོད་མདོར་བསྡུས། ཁ་གྱའི་ཀླུ་ཚང་རྡོ་རྗེ་རིན་ཆེན། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་གྲངས་ ༤
[31] ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། བསྟན་འཛིན་དཔལ་འབར། ༡༩༩༤ སྣར་ཐང་དཔར་ཁང་། རྡ་རམ་ས་ལ། ཤོག་གྲངས་ ༤༣༦-༤༤༠
[32] ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། བསྟན་འཛིན་དཔལ་འབར། ༡༩༩༤ སྣར་ཐང་དཔར་ཁང་། རྡ་རམ་ས་ལ། ཤོག་གྲངས་ ༤༣༦-༤༤༠
[33] རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོ། ཨ་ཁུ་རི་ཁྲོད་པ་བློ་བཟང་མཁྱེན་རབ། ༢༠༠༥ ཤོག་གྲངས་ ༢༦༩
[34] རེབ་གོང་ཆོས་འབྱུང་ས་ཡི་ལྷ་མོའི་མཛད་པ་པོ་ངོ་སྤྲོད། རྡོ་རྗེ་དབང་ཕྱུག ༢༠༠༥ ཤོག་གྲངས་ ༤
[35] མཚོ་ སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གྱི་ཧྭ་ལུང་རྫོང་གི་ཀ་མདོ་གྲོང་བརྡལ། ༼ཀ་མདོར་ཡོད་པའི་བཙོན་ཁང་དེ་ནི་ ༡༩༥༨ ལོའི་ནག་ཉེས་ཆེ་གྲས་ཀྱི་བཙོན་པ་རྣམས་འཇུག་ས་རེད་ཅེས་ཡུལ་འདིར་ཡོངས་གྲགས་ཀྱིས་བཤད་རྒྱུན་ཡོད་པ་རེད་ཅེས་སྒོ་མང་དགེ་བཤེས་བློ་བསྟན་ལགས་ཀྱིས་ཕྲན་ལ་གསུངས་བྱུང་།༽
[37] ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས། བསྟན་འཛིན་དཔལ་འབར། ༡༩༩༤ སྣར་ཐང་དཔར་ཁང་། རྡ་རམ་ས་ལ། ཤོག་གྲངས་ ༤༣༨
[38] རོང་བོ་དགོན་ཆེན་གྱི་གདན་རབས་རྫོགས་ལྡན་གཏམ་གྱི་རང་སྒྲ། འཇིགས་མེད་ཐེག་མཆོག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༨ ཤོག་གྲངས་ ༣༣༦
[39] “དེ་ཚེ་འགྲོ་བའི་བླ་མ་ཆོས་ཀྱི་རྗེ༎ ཆུ་བཟང་སྤྲུལ་མཆོག་བསྟན་པའི་དབང་ཕྱུག་གིས༎ སྐུ་གདུང་རིན་ཆེན་དཔག་བསམ་ལྗོན་པ་ཆེར༎ སྲི་ཞུའི་མཛད་སྒོ་ཉིན་མཚན་འདའ་བར་བརྩོན༎” རེབ་གོང་སྐྱབས་མགོན་བདུན་པ་ཆེན་པོའི་རྟོགས་བརྗོད། བསེ་ཚང་བློ་བཟང་དཔལ་ལྡན་གྱི་གསུང་རྩོམ་པོད་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་གྲངས་ ༤༨༠
[40] ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཆོས་འབྱུང་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ༎ འབྲས་སྤུངས་མཁན་ཁྲི་བསྟན་པ་བསྟན་འཛིན། སྒོ་མང་དཔེ་མཛོད་ཁང་། ༢༠༠༣། ཤོག་གྲངས་ ༥༩༡-༥༩༢
[41] རྗེ་དགེ་འདུན་བསྟན་འཛིན་གྱི་རྣམ་ཐར་དད་པའི་འཇུག་ངོགས། རོང་བོ་བློ་བཟང་སྙན་གྲགས། བོད་ཀྱི་དུས་བབ། ༢༠༠༥ ཤོག་གྲངས་ ༧༨
[42] མ་ཧཱ་པཎྚི་ཏ་རྗེ་བཙུན་རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། གླེགས་བམ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ཤོག་གྲངས་ ༢༨༣-༢༨༤
[43] རྨ་ལྷོའི་རིག་གནས་ལོ་རྒྱུས་རྒྱུ་ཆ། ཐེངས་གཉིས་པ་ ༡༩༩༤ ༼ནང་ཁུལ་ཡིག་ཆ། རྒྱ་ཡིག༽
༼གསལ་བཤད། རྩོམ་ཡིག་འདིར་ད་དུང་གསལ་ཁ་མེད་པའི་གནས་ཚུལ་དང་། དེ་དག་གི་རྒྱུ་ཆ་ངོ་སྤྲོད་གནང་བ་དང་། གསལ་བཤད་ཡོང་བར་རེ་བ་ཞུ་བ་ཡིན། དགེ་འདུན་རབ་གསལ་གྱིས་ ༢༠༡༤ ལོའི་ཟླ་ ༢ ཚེས ༢༦ ཉིན།༽
སྤྱི་ལོ་དོན་བརྒྱད་དོན་དགུ་དེ་འདྲ་ཞིག་ཡིན་ནམ། དེ་འདྲའི་ལོ་ནག་ཅིག་གི་དགུན་ཁར་ས་མང་ཡུལ་ཧྲིལ་བོར་གནམ་ས་བསྒྲིབས་པའི་རླུང་དམར་འུར་འུར་དུ་གཡུག་བཞིན་ཡོད། དེ་ནི་ལོ་སྔོན་མ་ཚོ་དང་བསྡུར་ན་རྒྱུན་ལྡན་ཞིག་མིན། སྐབས་རེར་རླུང་དམར་དེ་རླུང་ནག་ཏུ་གྱུར་ནས་ཉིན་གུང་ཡང་མུན་རུབ་འགྲོ སྐབས་དེར་མི་མང་པོས་ཤར་སྐལ་ལྡན་རྒྱ་མཚོ་ཚང་ཞིང་ལ་ཕེབས་སོང་ཞེས་པའི་སྐད་ངན་ཞིག་ཐོས་ཡོང་། སྐད་དེ་ནི་དེང་སྐབས་ནང་བཞིན་ཁ་པར་དང་དྲ་ལམ་རླུང་འཕྲིན་སོགས་ལས་ཐོས་པ་ཞིག་མིན། དེ་ནི་མི་རྣམས་ཀྱི་ལྐོག་ལྐོག་སུད་སུད་དུ་བསྒྲགས་པའི་གསར་འགྱུར་མི་སྙན་པ་ཞིག་རེད།
ཀྱིས
༢༠༠༦ ལོར་ཤར་སྐལ་ལྡན་རྒྱ་མཚོ་མཆོག་སྤྲུལ་རིན་པོ་ཆེ་མཇལ་བ་ཙམ་ལས་ལོ་རྒྱུས་ཞིབ་པར་ཅང་མ་ཤེས་ཀྱང་། ད་ལན་སློབ་དཔོན་དགེ་འདུན་རབ་གསལ་གྱི་རྩོམ་ཡིག་ལ་བརྟེན་ནས། མཆོག་སྤྲུལ་མཆོག་དེ་ཤར་སྐལ་ལྡན་རྒྱ་མཚོ་བདུན་པའི་སྐུ་སྐྱེས་བརྒྱད་པ་ཡིན་པར་ངེས་པས་བཀའ་དྲིན་ཆེའོ།
རྒན་འཇམ་དཔལ་མཆོག་གིས་རྩོམ་འདི་གཟིགས་པ་ལ་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་ཁ་བརྡ་དྲ་བ་རུ་བོད་ཡིག་ལ་སྨན་པའི་མཛད་པ་སྐྱོང་བཞིན་པ་དེ་ལ་ཡི་རངས་དང་གུས་ཞབས་ཆེན་པོ་ཞུ་བཞིན་ཡོད་ལགས། ད་དུང་ཀླུ་སྨྱོན་ལགས་ཀྱིས་ཀྱང་གནས་ཚུལ་ལ་ཕྱིར་དྲན་གནང་བ་དེ་ལེགས་བྱུང་། རྩོམ་ཡིག་འདི་ཁ་བརྡ་ལ་འཇོག་དགོས་པའི་དམིགས་ཡུལ་གཞན་ཞིག་ནི་ད་ལྟ་ད་རུང་གནས་ཚུལ་འདི་དག་དྲན་ངེས་པའི་མི་རབས་རྒན་པ་རྣམས་བཞུགས་ཡོད་སྟབས་དེ་དག་ནས་རྣམ་ཐར་འདི་ལ་ཁ་སྐོང་བྱེད་པའམ་བྱེད་པའི་རྐྱེན་དུ་འགྱུར་བའི་ཀུན་སློང་ཞིག་ཡོད་པ་ཡིན་ལགས།
ད་དུང་ཕྲན་ལ་བོད་ཡིག་དང་བཅས་པའི་ཤེས་ཡོན་སྩོལ་མཁན་གྱི་དགེ་རྒན་དམ་པ་ཁོང་རྣམ་པ་ཞལ་འཚོ་བཞིན་མེད་མོད། ཕྲན་གྱི་ཆོས་ཀྱི་གྲོགས་པོ་དགེ་བའི་བཤེས་གཉེན་རྣམས་ནི་བོད་ཕྱི་ནང་གང་སར་ཞལ་བཞུགས་བཞིན་ཡོད་སྟབས་ཁོང་ཚོ་ལའང་རྣམ་ཐར་འདིའི་ས་བོན་འཚོལ་ཞིབ་གནང་རྒྱུའི་འབོད་སྐུལ་ཞིག་ཀྱང་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
མཆན་འདི་གོང་གི་རྩོམ་དང་འབྲེལ་བ་མེད་ཀྱང་་་་་་་ཁ་རྡ་ཚང་ལ་དྲི་བ་ཞིག་མ་འདྲི་རང་འདྲི་ཡིན་
མདོ་སྨད་ཀྱི་སྔོན་འགྲོ་འོས་བསྡུ་གྲུབ་ཏེ་མི་ལྔ་འོས་གཞིར་ཁྱབ་སྒྲགས་གསར་འགྱུར་ཚང་མར་ཐོ་ཟིན་ཡང་ཁ་རྡར་མཐོང་རྒྱུ་མེད་པ་དེ་་་་་་་་་ཁ་རྡ་དྲ་བ་འདི་ཆབ་བྲག་ལྷ་མོ་ཟེར་བ་དེ་དང་ཤར་ཕྱོགས་རྒྱ་བྱ་ནག་པོས་ཉོས་ཟིན་པ་རེད་དམ
ང་རང་ནུབ་ཕྱོགས་ལ་མི་ལོ་ཅོ་ལྔ་རང་དབང་གི་སར་གནས་ཀྱང་། ཕ་ཡུལ་དྲན་པའི་སྐྱོ་ཤས་ཀྱིས་མི་ཚེ་གང་པོ་འདིར་ཟད་པའི་ཚོར་བས་རྟག་ཏུ་གཞན་ལ་སྡུག་ཡུས་ཀྱང་བཤད་མྱོང་། སྐྱེ་བུ་དམ་པ་འདི་པ་བདེན་པ་ཤོད་ས་མེད་པར་ཅི་གར་ལོ་ངོ་༢༠ལྷག་བཙོན་ལ་ཞུགས་དགོས་པ་འདིར་བསམ་སྐབས་ངོ་མ་ཁོང་རྣམ་པའི་དཀའ་སྡུག་ལ་སྐྱོ་བ་ཆེན་པོ་སྐྱེས།
བསླབ་བྱ་ནན་མོ་ཞིག་རྩོམ་འདི་ནས་ཐོབ་པ་ནི། ང་ཚོ་མི་རབས་རྗེས་མ་ཚོས། མི་རབས་སྔོན་མ་ཚོར་རྒྱ་དམར་གྱིས་སྡུག་པོ་ག་ཚོད་བསྟེར་བ་འདི་དག་མ་བརྗེད་པར། ད་ལྟའི་མིག་མདུན་གྱི་ཕྲ་ཕྲ་སིལ་སིལ་འདི་ཚོར་མགོ་བོ་མ་འཁོར་བ་དང་། བོད་པ་ནང་ཁུལ་གནས་ཚུལ་ཆུང་ཆུང་རེ་གཉིས་འཕྲད་སྐབས་ཇི་མི་སྙམ་པར་ཕུགས་ཀྱི་མི་རིགས་འདི་པར་ཕན་པ་ཞིག་སྒྲུབ་ཐུབ་ན་ཨའང་སྙམ་པའི་བློ་སྐྱེད་ཞིག་སྤྲད་བྱུང་བས་རབ་གསལ་ལགས་བཀའ་དྲིན་ཆེ།
ང་རང་ཤར་སྐལ་ལྡན་རྒྱ་མཚོའི་མཚན་ཐོས་སྐབས་རྒྱུན་པར་སྙིང་ལ་ཚ་ཤུར་ཤུར་བྱེད་ཀྱི་འདུག དེ་ནི་ཤར་སྐལ་ལྡན་རྒྱ་མཚོ་སྐུ་འཕྲེང་གཉིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་༼མཚན་འཁྲུག་འགྲོ་བཞིན་འདུག༽གྱི་ཕྱག་ཆེན་ཁྲིད་ཡིག་ཞིག་ཐོབ་མྱོང་། ཁ་བོ་ཆེ་རུ་སོང་རུང་། དགེ་ལྡན་པའི་ཕྱག་ཆེན་བཤད་ཁྲིད་དེ་ལྟ་བུ་ཞིག་ད་བར་མཐོང་མ་མྱོང་། རྒྱུ་མཚན་ནི་ཁོང་གཞུང་ཆེན་ཁག་གི་འཆད་རྩོད་རྩོམ་གསུམ་གྱི་ཆུ་བོ་བརྒལ་ཟིན་པ་དང་། དེའི་སྟེང་ལ་མི་ངོ་བཅུ་ཕྲག་གི་སྒོམ་སྒྲུབ་ཀྱི་ཉམས་ལེན་ཟབ་པས། ཁོང་གི་ཕྱག་ཆེན་ཁྲིད་ཡིག་ལ་གཞུང་དང་མྱོང་བའི་བོགས་འདོན་དེ་འོ་མ་དང་སྦྲང་རྩི་བསྲེས་པའི་བྲོ་བ་ཞིག་དངོས་སུ་ཡོད། དགའ་ལྡན་གྱི་དགེ་བཤེས་ཅིག་གི་ཞལ་ནས་ཐོས་པར། དུས་རབས་བཅུ་དགུའི་སྔ་རོལ་ན། དགེ་ལྡན་ལ་ཕྱག་ཆེན་གྱི་ཁྲིད་དར་ཁྱབ་ཆེ་བས། སྐབས་དེ་དུས་༴ཤར་སྐལ་ལྡན་རྒྱ་མཚོའི་མན་ངག་ཐོག་གི་ཁྲིད་རྒྱུན་ཡང་དར་ཟེར། ཁོང་གི་མན་ངག་ནི་ཁ་གསལ་ལ་གཏིང་ཟབ་པས། བློ་གསར་འགས་འཕྲལ་མར་སློབ་གཉེར་མཚམས་བཞག་ནས། རི་ལ་སོང་། ཉམས་ལེན་ལ་ཞུགས་པས། དེ་དཔེ་ཆ་བ་གཞན་ལ་བག་ཆགས་མི་ལེགས་ཟེར་ནས། སྐབས་དེར་དགའ་ལྡན་ལ་ཕྱག་ཆེན་གྱི་གསུང་ཆོས་གནང་མི་ཆོག་པའི་བཀའ་རྒྱ་ཡང་བྱུང་བ་རེད་ཟེར། བདེན་པ་ཡིན་མིན་མི་ཤེས། འདི་ཞར་ལ་འཕྲོས་སོང་བས་དགོངས་འགལ་མེད་པ་ཞུ།
ཞིབ་འཇུག་རང་བཞིན་གྱི་རྩོམ་ཡིག་འབྲི་སྟངས་འདི་ལ་གཞན་ཚོས་མིག་དཔེ་ལེན་དགོས་པར་མཐོང་།
ཞིབ་ཀློག་ཐེངས་གཅིག་ད་གཞི་ནས་ཟིན། མཛད་པ་པོར་ཐུགས་རྗེ་ཆེ་ཞེས་ཞུ། བསམ་ཚུལ་ཁ་ཤས་ཤིག་ཡོད་པ་འདྲ་ཡང་རྗེས་སུ་འབུལ་རྩིས་ཡིན།
གཞན་ཡང་བདུན་པ་ཆེན་པོ་དང་འབྲེལ་བའི་ངག་རྒྱུན་ཞིག་ཐོས་མྱོང། བཙོན་ཁང་དུ་བཞུགས་སྐབས་དང་སྐབས་དེའི་མནའ་བཟའ་སོགས་ཀྱི་སྐོར་བཤད་པའི་མཚམས་དེར་ངག་རྒྱུན་དེར་རྩད་གཅོད་ཅིག་གནང་ཨེ་ཡོད་དྲན་ནས་བཀླགས་ཀྱང། མཛད་པ་པོས་གང་བཀོད་མི་འདུག ངག་རྒྱུན་དེ་འདི་རེད། ཁོང་བདུན་པ་ཆེན་པོ་བཙོན་ན་བཞུགས་སྐབས་པར་ཞིག་སྒྲོན་པས་པར་སྟེང་གྲྭ་ཆས་མནབས་བསྡད་པ་ཞིག་བབས་འདུག་ཅེས་པ་དེ་རེད། འདིའི་སྐོར་མཛད་པ་པོས་གསན་མྱོང་ངམ། ངས་འདི་བླ་མ་ཚད་ལྡན་དེ་འདྲའི་ཞལ་ནས་ཀྱང་ཐོས་མྱོང། ཕྱིས་སུ་རྒྱ་གར་ལ་སླེབས། རིམ་པར་གོ་ཐོས་ལབ་ན་འདྲ། སློབ་སྦྱོང་བྱེད་ཁུལ་བྱས་ཀྱིན་བྱས་ཀྱིན་ངག་རྒྱུན་འདི་དག་ཕང་མེད་འདོར་བའི་བློ་ཁོག་དེ་ཡོད་པ་ནས་མེད་པར་གྱུར་སོང། སོང་ཙང་སྔ་འཕྲོས་དེ་ཙམ་ཞུ།།
དབྱངས་ཅན་དགྱེས་པའི་བློ་གྲོས་ཀྱིས་གསུངས་པ་དེ་དེ་ག་རང་རེད།
སྤྱིར་ང་ཚོར་གཞུང་ཤིང་འཛིན་པའི་ལམ་སྲོལ་འདི་འདྲ་ཞིག་ཡོད་ན་བྱུང་རབས་ལོག་ལམ་ཏུ་མི་འགྲོ་བ་དང། ཞེན་ཁོག་དང་དད་པས་འགྲེལ་བཤད་རྒྱག་མི་དགོས་པ་ཞིག་ཆགས་ཀྱི་རེད། མཛད་པ་པོ་འདི་བ་ཚང་རྒྱུན་ཏུ་ནས་ཞིབ་ཚགས་ཤིང་རང་གི་ཚོར་བ་བརྡར་ཏེ་དཀར་སྒྲུབ་ནག་འགེལ་བྱེད་མཁན་ཞིག་མིན་སྟབས་བྱུང་བ་ཇི་བཞིན་པའི་གཟུགས་བརྙན་དམར་རྗེན་གཞན་ལ་སྟོན་ནུས་པ་འདི་དངོས་དོན་དུའང་གཟུར་གནས་དག་གིས་མིག་དཔེར་མི་ལེན་པ་ཅི་ལ་སྲིད། ད་ཐེངས་ཚིག་སྦྱོར་ལའང་ཆོས་སྐད་དུ་བྱས་ན་གྲོང་སྐད་དང་ཆོས་སྐད་ཟུང་འབྲེལ་བྱས་ཏེ་ཉམས་དང་ལྡན་ལ་སྡམ་ལྷོད་རན་པ། གོ་དཀའ་མིན་སོགས་ཀྱང་དབུ་མར་གནས་པ་ཞིག་མཛད་མི་འདུག་གམ།
ཁ་བརྡའི་ལས་བྱེད་པས་ཀྱང་རྩོམ་འདི་འདྲ་མགོར་བཏགས་ན་དགེ་བ་ཆེ་བར་མཐོང།
རེབ་གོང་ཏུ་བླ་མ་ཞིག་གིས་གུང་ཁྲན་དམག་ལ་ངོ་རྒོལ་བྱས་ཏེ་དམག་སྤྱིའི་ཆ་བྱེད་དུ་མཛད་པ་མཛད་པས་རྗེས་སོར་རྒྱ་དམག་གིས་དཔྲལ་བར་མེ་མདའ་རྒྱབ་ནས་བཀྲོགས་ཟིན་པ་ཞིག་ཡོད་པ་གོ་མྱོང་། ཁོང་གི་ལོ་རྒྱུས་ལའང་དགེ་འདུན་རབ་གསལ་ལགས་ཀྱིས་ཞིབ་འཇུག་དཔྱད་རྩོམ་འདི་འདྲ་བ་ཞིག་བྲིས་ཚེ་དངོས་ནས་ཧ་ལས་པ་རེད།
མཁས་དབང་དགེ་འདུན་རབ་གསལ་ཚང་ལ་ང་ལ་དྲི་བ་ཁ་ཤས་འདུག དྲི་བ་འདི་རྣམས་སོ་སོའི་ངོས་ནས་འཁྲུན་ཐག་མ་ཆོད་པའི་རིགས་ཡིན།
༡ བདུན་པ་ཆེན་པོ་དང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སོགས་ཀྱི་རྒྱ་རྒོལ་བོད་སྐྱོབ། མདོ་སྨད་ཆིག་སྒྲིལ་གྱི་འཆར་གཞི་བཏིངས་བའི་དུས་ཚེས་ཏག་ཏག་ཅིག་ག་དུས་ནས་རེད་དམ།
༢ ལྷ་ཀླུས་བཏང་བའི་ཕྱག་བྲིས་དེ་འབྱོར་གདོང་དབུས་ཕྱོགས་སུ་དམག་རོགས་ལབ་ན་འདྲ། གནས་སྟངས་ཞུ་གཏུག་གི་ལས་འཆར་ཞིག་བརྩམས་འདོད་སྐྱེ་པ་འདྲ་ནའང། གནད་དོན་འདིའི་ཐད་མཐར་སྙན་ཞུ་དོན་འཁྱོལ་མ་བྱུང་བ་འདི་རིགས་ཀྱིས། སྡེ་པ་གཞུང་དང་མདོ་སྨད་བར་གྱི་འབྲེལ་བའི་ནང་གལ་གནད་ག་ཚོད་ཟིན་ཡོད་པ་རེད་དམ། དཔེར་ན། ༸རྒྱལ་བ་བཅུ་གསུམ་པའི་སྐབས་༸བཅུ་གསུམ་པ་ཆེན་པོ་རང་གིས་མདོ་ཁམས་ཕྱོགས་ནས་དམག་བསྡུ་བ་དང་ཁོང་ཚོར་གོ་མཚོན་སྤྲོད་འཆར་དགོངས་པ་ལེགས་ལམ་ཏུ་མ་སོང་བ། སྤོམ་མདས་ཕྱིས་སུ་ཀ་སྦུག་ནས་༸གོང་ས་བཅུ་བཞི་པ་ཆེན་པོར་ཞུས་གནས་བཀའ་སློབ་ཏུ་གསལ། འདི་༸བཅུ་གསུམ་པའི་ཡོངས་གྲགས་ལོ་རྒྱུས་ཁག་གི་ནང་འཁོད་མེད་པ་འདྲ། སོང་ཙང་སྐུ་སྔ་ཕྱི་གཉིས་ཀར་གནས་སྟངས་འདི་འདྲ་བ་ཞིག་བྱུང་བ་དེར་བོད་ཀྱི་བྱུང་རབས་ཀྱི་ཆ་ནས་མཚོན་མདོག་ཅིག་བྱུགས་དགོས་ན་ག་འདྲ་ཞིག་བྱུགས་ན་ཡག་གི་རེད་དམ།
༣ སྐུའི་གཅེན་པོས་བདུན་པ་ཆེན་པོརཐུགས་ཡིད་གཏོད་ཀྱི་ཡོད་པའི་རྣམ་པ་ཞིག་མདོ་སྨད་པ་ཡོན་རྒྱས་བྲིས་པའི་དེབ་དེར་ཟུར་ཙམ་གསལ། སྐབས་དེར་མདོ་སྨད་ཆིག་སྒྲིལ་གྱིས་རྒྱ་རྒོལ་ལས་འཆར་རྩོམ་སྐབས་གཅེན་པོར་གསང་བའི་ཕོ་ཉ་རེབ་གོང་གི་རི་ཁྲོད་པ་ཞིག་ཡོད་འདུག རི་ཁྲོད་པ་འདིས་ཕྱིས་གཅེན་པོར་ཡི་གེ་བསྐུར་བ་་་”དཔལ་ལྡན་ལྷ་མོའི་ལྟེ་བ་ལ།། ལྷ་རྣམས་ཀུན་གྱིས་རྫོང་བཅས་ཏེ།། ལྷ་མིན་རྣམས་ཀྱི་གཡུལ་ངོ་ལྡོག།” ཟེར་བ་འདི་ལ་གོ་རྒྱུ་ཆེན་པོ་ཡོད་ཟེར། གང་ལྟར་མདོ་དོན་བདུན་པ་ཆེན་པོ་དང་གཅེན་པོའི་བར་ཡུན་རིང་འབྲེལ་བ་བྱུང་ཡོད་མེད་དང་ནང་དོན་ག་འདྲ་ཞིག་ཡིན་མིན་ཐད་ག་འདྲ་ཟིག་ལྟ་དགོས་མིན་དང། བདུན་པ་ཆེན་པོའི་རྣམ་ཐར་གྱི་གཙོ་གནད་ཅིག་འདི་ཡིན་ན་མིན་ན།
༤ བདུན་པ་ཆེན་པོ་གླེང་ཡོང་སྐབས་གཅེན་པོ་གླེང་དགོས་པ། དེ་ནས་སྡེ་བ་གཞུང་དང་བོད་སྤྱི་གླེང་དགོས་ཞིག་ཡོང་གི་ཡོད་པ་འདྲ་བས། སྐུ་ཉིད་ལ་གཅེན་པོས་སྐབས་དེའི་མདོ་སྨད་ནང་ཁུལ་གྱི་བླ་དཔོན་གཞན་གྱི་སྐོར་གསུངས་མྱོང་ངམ། མདོ་ཡོན་ལྟར་ན་གཅེན་པོ་ནང་ཉོག་ལ་མི་དགྱེས་པ་ཞིག་ཡིན་ཟེར། དེའི་ཆ་ནས་གསུང་མེད་སྲིད། འོན་ཀྱང་རྡོ་སྦིས་དགེ་བཤེས་སྐོར་ལ་ཐུགས་མ་ཚིམ་པ་ཞིག་ཕེབས་འདུག སྐུ་ཉིད་ཀྱི་རེབ་གོང་གི་ཉི་མ་ནུབ་པ་ཞེས་པ་འདིའི་ནང་བདུན་པ་ཆེན་པོ་དང་སྐབས་ཐོག་གི་མདོ་སྨད་ཀྱི་བླ་དཔོན་གཞན་རྣམས་དང་མཚུངས་བསྡུར་གྱི་ཆ་དེ་མི་འདུག དེའི་རྒྱུ་མཚན་ཅི་ཞིག་ཡིན།
མཐའ་མ་དེ་ཡང་ང་ལ་ངག་རྒྱུན་ཞིག་ཡོད། དེ་སྡེ་བའི་ནང་གི་རྒན་རྒོན་དང་ངའི་བླ་མ་བཀའ་དྲིན་ཅན་གྱི་ས་ནས་ཐོས། ཁོང་སྔ་མོར་ལྷ་སར་ཕེབས་སྐབས་ནོར་གླིང་ནས་༸གོང་ས་མཆོག་དང་མཇལ། སྐབས་དེར་༸གོང་ས་ཆེན་པོས་རྒྱལ་དར་གྱི་འགྲེལ་བཤད་བསྐྱོན་གནང་སོང་ཟེར། ཁོང་ཚོས་རེ་སྐོང་གི་བདུན་པ་ཆེན་པོ་ནས་མར་སྤྲང་པོ་ཡན་གྱིས་༸རྒྱལ་བ་རིན་པོ་ཆེར་གཙུགས་སུ་བཟུང་བ་རེད། དམ་ཚིག་ཤིན་ཏུ་གཙང་ཅེས་ངོམས་སྤྱད་ཅིག་བྱེད་ཀྱི་འདུག ད་ལྟ་བསམས་ན་ཁོང་ཚོས་བདུན་པ་ཆེན་པོར་དམིགས་བསལ་གྱི་བྱས་རྗེས་ཤིག་ཡོད་པའི་བརྡ་སྟོན་གྱི་ཡོད་པ་འདྲ།།
རྣམ་པ་ཚོས་མཆན་བུ་བཏབ་གནང་བ་ལ་ཐུགས་རྗེ་ཆེ་ཞུ། བསམ་ཤེས་ལགས་ཀྱིས་གསུངས་པ་དེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་དང་པོ་དེ་ཡིན་པ་འདྲ། དེ་ནས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་དྲི་བ་བཞི་གནང་འདུག དྲི་བ་རེ་རེ་ལ་ལན་ཞིབ་ཚགས་རེ་འབྲི་རྒྱུ་ནི་དུས་ཚོད་དང་དཔྱད་གཞིའི་ཡིག་ཆ་གཉིས་ཐད་ནས་ལྕོགས་ཀྱི་མི་འདུག དེ་རིང་འདིར་ཞུ་རྒྱུ་ཞིག་ལ། ངས་ ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་སྐུ་ཚེ་དང་། དེ་ལས་ཀྱང་སྐུ་ཚེ་སྨད་ཀྱི་ལོ་རྒྱུས་ལ་དམིགས་པ་གཏད་པ་ཡིན། དེར་བརྟེན་དཔྱད་གཞིའི་ཡིག་ཆ་དཀོན་པོ་འདུག དྲི་བ་དང་པོ་དེ་ལ་ངའི་ཡིག་ཆའི་ཁུངས་དེ་ལྟག་མཚེར་རིན་པོ་ཆེའི་རྣམ་ཐར་དེ་རེད། དྲི་བ་གཉིས་པ་དང་གསུམ་པ་གཉིས་ལ་ང་ལ་ལན་ཞུ་རྒྱུ་མི་འདུག དེའི་རྒྱུ་མཚན་ནི་ང་ལ་ཡིག་ཆ་མ་ཐོབ་པས་ཡིན། དྲི་བ་བཞི་པ་དེ་ལ། ངས་བླ་ཆེན་གཞན་དང་མཚུངས་བསྡུར་བྱས་མེད་པ་ནི། གཅིག་བྱས་ན་འདིར་ཆད་སྐྱོན་ཞིག་རེད། ཉུང་མཐའ་ལ་ཁ་སྣོན་ཞིག་བྱེད་དགོས་པ་འདྲ། འདི་ལ་དེ་ལྟར་མ་བྱུང་བ་ནི་བླ་མ་གཅིག་གི་རྣམ་ཐར་ལ་དམིགས་པ་གཏད་རྒྱུ་གཙོ་བོར་བྱས་པ་དེ་ཡིན་ལགས། ད་འདི་སྐོར་གྱི་ཡིག་ཆ་གསར་པ་དང་ངག་རྒྱུན་སོགས་ཡོད་ན་མུ་མཐུད་ནས་གསུངས་རོགས། ཐུགས་རྗེ་ཆེ།
མཆན་བུ་དྲུག་པ་འདེབས་མཁན་བོད་ཀྱི་བུ་ལགས།
སུ་ཞིག་གིས་ཀྱང་གསར་འགྱུར་དེ་སྐོར་འདི་གར་བསྐུར་མཁན་མ་བྱུང་། སྔོན་ཆད་ཁ་བརྡའི་ནང་མདོ་སྨད་སྤྱི་འཐུས་ཀྱི་འོས་མིའི་རྩོམ་ཡིག་ཐོན་པ་དེ་དག་ཀྱང་གཞན་གྱིས་འདི་གར་བསྐུར་ཏེ་བཀོད་པ་ཤ་སྟག་ཡིན་པ་མཁྱེན་རོགས།
རང་འདོད་ཐོག་མ་ཡོང་བ་ཙམ་ལ་བརྟེན་ནས་ཁ་བརྡ་ལ་དོན་མེད་ཀྱི་སྒྲོ་སྐུར་ཆེན་པོ་དེ་འདྲ་གང་ཡང་བྱེད་དགོས་དོན་མེད། འགན་ཁུར་དང་འབྲེལ་བའི་བསམ་ཚུལ་བརྗོད་རོགས།
ངེད་ལ་ལན་ཁ་གསལ་དང་ཡང་ན་འགན་ཁུར་ནས་གནང་མི་འདུག་སྙམ།
སྐུ་ཉིད་སྟག་འཚེར་རིན་པོ་ཆེར་ཐུགས་འདྲིས་ཡོད་པ་དང། རིན་པོ་ཆེ་སོགས་མཐའ་མཚམས་སྲུང་སྐྱོབ་ཀྱི་དམག་རོགས་ཞུ་བར་དབུས་བཅར་ཞུས་སྐོར་ལ་བཀའ་མོལ་བྱུང་ཡོད་པ་འདྲ། རིན་པོ་ཆེ་གཅིག་ནས་༸གོང་ས་མཆོག་གི་གཅེན་པོ་ཡིན་པས། ཁོང་ཉིད་མདོ་སྨད་དུ་བླ་ཆེན་མིན་ནའང་བདུན་པ་ཆེན་པོ་དང་ཞྭ་ལུ་རིན་པོ་ཆེ་སོགས་ཀྱིས་བཀུར་བཟོ་བྱེད་ཀྱི་ཡོད་པ་གསལ་གཤིས། མདོ་སྨད་ཀྱི་བླ་དཔོན་གཅིག་སྒྲིལ་གྱིས་རྒྱ་འགོག་གནང་འཆར་གྱི་བྱུང་བ་ནི་ཉེ་བའི་བོད་ཀྱི་བྱུང་རབས་ནང་གི་སྐར་མ་འོད་ཆེན་ཞིག་དང། བྱུང་བ་འདིས་སྐུའི་གཅེན་པོ་དང་བདུན་པ་ཆེན་པོ་སོགས་ཀྱི་རྣམ་ཐར་ནང་དུའང་དེ་བས་ཀྱང་གོ་བབ་ངེས་ཅན་ཞིག་ཟིན་ཡོད་པ་གསུངས་གསལ་ལྟར་དང། དུས་ནམ་ཞིག་ནས་སྐུའི་གཅེན་པོས་འཆར་འགོད་གནང་བ་དང་བར་དུ་འབྲེལ་འདྲིས་ཀྱི་རིམ་པ། མཐར་དོན་འབྲས་གང་ཡང་མ་བྱུང་བས་སྐུའི་གཅེན་པོར་” སྐུ་ཚེ་འདི་ལ་ཐུགས་སེམས་སྤྲོ་བོ་མི་གནང་རྒྱུའི་རྒྱུ་མཚན་ཞིག་ཀྱང་དེ་ཡིན་པར་འདུག་”ཅེས་པ་ལྟར། སྟག་འཚེར་རིན་པོ་ཆེ་དང་བདུན་པ་ཆེན་པོ་སོགས་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གལ་གནད་ཆེ་བ་དེའི་སྐབས་ཀྱི་བོར་ཐབས་མེད་པའི་མི་སྣ་ཆགས་ཡོད་པ་སྐུ་ཉིད་ནས་གསུངས་འདུག་ནའང། གནས་དུས་གང་ལ་དགོངས་པ་ཡིན་ནམ། མཚམས་རེར་མི་སྣ་རྐྱང་བ་བསྡུས་འབྲི་བྱེད་པའམ། ལན་རེར་སྤྱི་ཁོག་འགྲེལ་བརྗོད་མི་གནང་བ་སོགས་བྱུང་འདུག་པས། ངེད་ལ་འགན་ཁུར་ནས་ལན་མི་འདུག་ཟེར་དོན་དེ་ཡིན།
ཤར་སྤྲུལ་སྐུ་ཕྲེང་བདུན་པ་མཆོག་གིས་ཆིམས་མཛོད་ཀྱི་འགྲེལ་བ་ཞིག་ཀྱང་བརྩམས་ཚར་བ་ཞིག་ཐོས་མྱོང་།ཡིན་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་ཞིབ་དག་གནང་བཞིན་པའི་སྐབས་དེར།ཨ་ལགས་ཞབས་དྲུང་ཚང་ཡང་བཙོན་ཁང་ལ་ཚུད་དེ་བོར་བརླགས་བྱུང་པ་རེད་ཅེས་ཨ་ཁུ་བློ་བཟང་ལ་ཡེ་ངག་ནས་ཐོས་མྱོང་ཡོད།
ལྡི་ལི་གནས་བཞུགས་ཨ་ཁུ་རྡོ་ཐར་གྱི་ངག་ནས་འདི་འདྲ་ཞིག་ཐོས་མྱོང་། རྒྱལ་བ་པཎ་ཆེན་གཉིས་གང་རུང་ཞིག་རེད།དགུང་གི་ཉི་ཟླ་རྣམ་གཉིས་སུ་ཡིན་གསལ་བོ་ཞིག་དེ་རིང་ཡིད་ན་མི་འདུག་མོད། ཕལ་ཆེར་པཎ་ཆེན་སྐུ་གོང་མ་༩་དེ་ཡིན་ངེས་སྙམ།གང་ལྟར་སྐབས་དེར་སྐུ་འབུམ་དུ་མདོ་སྨད་ཀྱི་བླ་ཆེན་མང་པོ་འཚམས་བཞེས་ཕེབས་པའི་སྐབས་ཞིག་རེད། མཚོ་སྔོན་པོའི་འབྲོག་དགོན་ཞིག་གི་དགོན་བདག་བླ་མའི་ཡང་སྲིད་ངོས་འཛིན་གྱི་ཕྲུག་གུ་མང་པོའི་མཚན་ཐོ་ཞིག་བླ་ཆེན་མང་པོའི་མདུན་དུ་བཞག་སྟེ། མཚན་ཐོ་འདིའི་ནང་ཡང་སྲིད་དེའི་མཚན་ཡོད་མེད་དྲི་བ་དྲིས་ཏེ།སང་ཉིན་པཎ་ཆེན་རིན་པོ་ཆེ་ཡི་མདུན་དུ་འབུལ་གྱི་ཡིན་ཅེས་མདོ་སྨད་ཀྱི་བླ་ཆེན་དེ་ཚོར་ཞུས་སོང་།སྐབས་དེར་བླ་ཆེན་ཚོར་འཇམ་ཐེངས་ངེར་བསྡད་དེ་བླ་མ་གཞན་ཚོས་ཁ་གྲགས་ཐུབ་ཀྱི་མི་འདུག་མོད།འོན་ཀྱང་།ཤར་སྤྲུལ་སྐུ་ཕྲེང་༧པས་མཚན་གཞུང་འདིའི་འདུག་འདི་རེད་ཅེས་ཕྲུག་གུ་ཞིག་གི་མིང་ངོས་འཛིན་བྱས་སོང་།དེའི་སང་ཉིན་ཡང་པཎ་ཆེན་མཆོག་གིས་ཀྱང་དེ་ག་རང་ངོས་འཛིན་བྱས་སོང་ཟེར་ནས་དད་པ་ཧ་ལས་པ་ཞིག་བྱེད་ཀྱི་འདུག ཁོ་རང་སྐབས་དེར་བྱ་ཁྱུང་གསེར་ཁྲིའི་ཞབས་ཞུ་ཡོང་པ་ཡིན་ཟེར།
ཤར་འདི་བ་ཚང་དགོངས་པ་གཤེགས་པ་དྲན་གྱི་འདུག ང་རང་ལོ་བཅུ་གྲངས་ནང་ཡོད་སྐབས་ཀྱི་སྟོན་མཇུག་གི་ཉིན་ཞིག་ང་ཚོ་སྡེ་དམངས་ཀྱིས་ཏོས་གཉིས་པའི་འབྲུ་ཁང་དུ་དགོང་མོའི་ཟས་སྟོན་ཞིག་གྲ་སྒྲིག་བྱས་ཏེ་མང་ཚོགས་ཕྱེད་ལ་ཟས་བཅུས་ཚར་པ་དང་སྤྲིན་ནག་ལང་ལོང་འཁྲིགས། ས་གཞི་སྨུན་ནག་གིས་བསྒྲིབས། རླུང་སེར་འཇིགས་པོ་ཞིག་གཡུག་བྱུང་བར། ངའི་ཨ་མས་ཤར་ཚང་གཤེགས་པ་རེད་ཟེར་བཞིན་གནམ་གིས་སྲུང་རྒྱུ་མ་ཞེས་ཁ་ནས་གང་མང་བརྗོད་སོང་། ངས་སེམས་ལ་ཤར་ཚང་ཟེར་ན་མི་ཇི་འདྲའི་ཙ་ཡ་ (རླབས་ཆེན) ཞིག་ཡིན་ནམ། ད་དོ་དགོང་གློག་བརྙན་ལ་འགྲོ་ཐུབ་ཀྱི་མ་རེད་བསམས་ཏེ་ཕང་སེམས་སྐྱེས་པ་ཞིག་དྲན་ངོས་ནས་ནམ་ཡང་བརྗེད་ཐུབ་ཀྱི་མི་འདུག
གནམ་མཁའ་ལགས་དང། རྒན་མཚོ་བྱེད་བུ་སོགས་ལྟར་བདུན་པ་ཆེན་པོ་དང་འབྲེལ་བའི་ངག་རྒྱུན་ཅི་ཡོད་འདིར་འབྲི་ཐུབ་ན་དགེ་མཚན་ཆེ་བར་མངོན་ལ། འདི་ནི་ཉུང་མཐར་ཡི་གེ་འབྲི་ཀློག་ཐུབ་པ་ཀུན་གྱི་འོས་འགན་དུའང་བསམ་གྱི་ཡོད།
སྟག་འཚེར་རིན་པོ་ཆེ་བུ་རབས་སྟག་ཕྲུག་འདྲ་མོ་གཅིག་རེད། རྒྱ་བྱ་ཁུག་སྣ་རྫོད་འདིས་ཆི་ཟེར། དང་པོ་རང་གི་གནས་བབ་ལ་བསམ་བློ་ཐོངས། ཁྱེད་འདྲ་མོས་ཚོད་ཟིན་ན་རེད། དཔའ་བོའི་མཉམ་འབྲེལ་གྱི་བྱ་སྤྱོད་ལ་སྤྱང་ཁྱིས་རྗེས་འདེད་གཏོང་ཁུལ་མ་གནང་ལོ། ལོ། ལོ། དབུ་མའི་དྲི་བ་དྲིས་ན་རེད། རྒྱ་རྒོལ་གྱི་སྐད་ཆ་གསར་རྙིང་ཁྱོད་ལ་བབ་ཡོད་ཀ། མཛའ་འ་ཝེ། ཚོད་ཡོད་ནི་གྱིས།
ཆུང་དུས་ནས་ཤར་ཚང་བཙོན་ཁང་ནས་གཤེགས་པའི་གནས་ཚུལ་རབས་དང་རིམ་པ་གྲོང་གི་རྒད་པོ་དང་། སྒར་གྱི་དགེ་བཤེས་གང་མང་གི་ཞལ་ནས་སྣ་ལམ་དུ་ལན་བརྒྱར་ཐོས་སོང་ལབ་ན་མི་ཆོག་པ་མེད་མོད། འོན་ཀྱང་རྒྱ་རྒོལ་བོད་སྐྱོབ་ཀྱི་མཛད་ཕྲིན་འདི་གོ་མྱོང་མེད་པས། བཀུར་འོས་རབ་གསལ་གྱིས་ཤར་ཚང་ལ་བལྟ་བའི་མིག་གསུམ་པ་ཞིག་གནང་སོང་། བཀའ་དྲིན་ཆེ།
ཤར་ཕྱོགས་ཁུག་རྟའི་དྲི་བ་རྣམས་ལ་སླར་ཡང་ལན་བྲིས་པ།
༡ བདུན་པ་ཆེན་པོ་དང་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་སོགས་ཀྱི་རྒྱ་རྒོལ་བོད་སྐྱོབ། མདོ་སྨད་ཆིག་སྒྲིལ་གྱི་འཆར་གཞི་བཏིངས་བའི་དུས་ཚེས་ཏག་ཏག་ཅིག་ག་དུས་ནས་རེད་དམ།
ལན། ལྟག་མཚེར་རིན་པོ་ཆེའི་རྣམ་ཐར་དུ་ “དེ་ནས་རིམ་གྱིས་མཚོ་སྔོན་འཁྱམ་རུ་དཔོན་པོ་དང་། རེབ་གོང་ཤར་སྐལ་ལྡན་རྒྱ་མཚོ། བླ་བྲང་གླིང་རིན་པོ་ཆེ་སོགས་གནད་འགང་ཆེ་བ་གང་ཡོད་ལ་འབྲེལ་བ་བྱེད་རྒྱུའི་འགོ་ཚུགས་པ་རེད། དེའི་དམིགས་ཡུལ་ནི་གོང་དུ་བཤད་པ་ལྟར། བོད་ཡུལ་བོད་པས་འཛིན་ཐུབ་པ་ཞིག་བྱེད་དགོས་རྒྱུ་དེ་རེད།” ཅེས་པ་འདི་རེད། ལུང་འདིའི་ནང་གསལ་བའི་བླ་མ་དཔོན་རིགས་ཀྱི་གཞན་ལོ་རྒྱུས་བཀླགས་ཐུབ་མ་སོང་བས་འདི་ཙམ་ཞིག་གཞན་ཞུ་རྒྱུ་མི་འདུག འོན་ཀྱང་། རྒན་པད་མ་འབུམ་ལགས་ཀྱིས་ ༡༩༩༧ ལོའི་ ཟླ་ ༥ ཚེས་ ༢༠ ཉིན་ ལྟག་མཚེར་རིན་པོ་ཆེར་བཅར་འདྲི་ཞུས་པ་ཞིག་ཀྱང་འདུག འདིར་ཁ་སྣོན་དུ་ཚིག་འགའ་ལུང་དུ་དྲངས་ན། གུང་ཁྲན་གྱི་དམག་གིས་སྐུ་འབུམ་དགོན་པ་བསྐོར་བའི་སྐབས་དེར་ ༼སྐར་མ་ ༡༨ ཀྱི་མཚམས་དེར་༽“དེ་དུས་ང་ཨ་ལགས་གླིང་ཚང་ལ་འབྲེལ་བ་ཡོད། ཨ་ལགས་གླིང་ཚང་དང་ངེད་གཉིས་ཡི་གེ་འདྲ་པོ་ཞིག་གི་ཐོག་ནས་འབྲེལ་བ་བྱས། ཨ་ལགས་གླིང་ཚང་གིས། “ད་རྒྱ་དེར་ཅིག་བྱེད་དགོས་གི དེར་ཅིག་མ་བྱས་ན་མི་ཆོག་གི་ ད་འཁྲུག་པ་རྒྱག་དགོས་གི འཁྲུག་པ་ཇི་ལྟར་རྒྱག་དགོས་པ་དེ་ཐབས་ཤེས་ཤིག་བྱེད་” ཅེས་དེ་དུས་ཨ་ལགས་གླིང་ཚང་སྐུ་འབུམ་ལ་ཕེབས་སོང་། སྐུ་འབུམ་ནས་ཉི་མ་ཁ་ཤས་ལ་བཞུགས་སོང་། ད་འདི་ ༡༩༥༠ ལོའི་ཟླ་བ་དང་པོ་དང་གཉིས་པ་གང་རུང་རེད། དེ་ནས་ང་ཚོས་རེབ་གོང་ལ་ཤར་སྐལ་ལྡན་རྒྱ་མཚོར་འབྲེལ་བ་ཞིག་བྱས་པ་རེད། དེ་དུས་ཨ་ཁུ་བློ་བཟང་སྐུ་འབུམ་ལ་ཕེབས་ཡོད་ཀི་ ད་ཤར་སྐལ་ལྡན་རྒྱ་མཚོ་ཚང་ལ་འབྲེལ་བ་ཇི་ལྟར་བྱེད་དགོས་གི་ཟེར་དུས་ཨ་ལགས་གླིང་ཚང་གིས་རེབ་གོང་གི་རི་ཁྲོད་པ་ཞིག་འདི་ན་འདུག་གསུངས་གི་འདུག དེ་ནས་ཨ་ཁུ་བློ་བཟང་ལ་ཐུག་ནས་ང་ཚོས་ཡི་གེ་དེ་འདྲ་བྲིས་ན་ཁྱོད་ཀྱིས་འཁྱེར་ཐུབ་བམ་ཞེས་དྲིས་དུས། ཨོ་ཐུབ་དང་ཐུབ་ཟེར་གི ད་རི་ཁྲོད་པ་རེད། གཟན་སེར་པོ་གོན་བསྡད་ཡོད་ཀི ད་ཁོང་སྐུ་འབུམ་ལ་དམག་འཁྲུག་ཡོད་པ་གོ་ནས་ལྟ་རུ་ཡོང་བ་མིན་འགྲོ་ ཡང་མིན་ན་གླིང་ཚང་ལ་སྔོན་མ་ནས་འབྲེལ་བ་ཡོད་སྟབས་གྲོས་བྱས་ནས་ཡོང་བ་ཡིན། གླིང་ཚང་ཡང་སྐུ་འབུམ་ལ་སླེབས། གླིང་ཚང་གིས་ང་ལ་ཁོང་གི་སྐོར་བཤད་སོང་། དེ་ལྟར་ཨ་ཁུ་བློ་བཟང་ལ་ཡི་གེ་བསྐུར་ནས་ཤར་སྐལ་ལྡན་རྒྱ་མཚོ་ཚང་ལ་ཡི་གེ་བསྐུར་ནས་རྒྱ་ངོ་ལོག་རྒྱག་རྒྱུ་དེ་སྐད་ཆ་བཤད་བསྡད་བཞིན་ཡོད་རེད། རེབ་གོང་ནས་གྲ་སྒྲིག་ཅིག་བྱེད་རྒྱུ་དང་། བླ་བྲང་ནས་གླིང་ཚང་གིས་གྲ་སྒྲིག་བྱེད་རྒྱུ། ངས་སྐུ་འབུམ་ཕྱོགས་ནས་གྲ་སྒྲིག་བྱེད་རྒྱུ་བྱས་ནས་རྒྱ་ངོ་ལོག་རྒྱག་རྒྱུའི་སྐད་ཆ་བཤད་བསྡད་ཀྱིན་ཡོད་རེད། དེ་དུས་པཎ་ཆེན་རིན་པོ་ཆེ་མཚོ་སྔོན་པོ་ཤིང་སྡེ་ན་བཞུགས་ཡོད་ཀི་” སོགས་གསུངས་འདུག་མོད། ད་ལྟ་དུས་ཚོད་ཀྱིས་ཕབ་བཤུ་ལྕོགས་མ་སོང་། བཅར་འདྲི་འདི་ལ་རྩེ་དཔེ་མཛོད་ཁང་ལ་འདུག
༢ ལྷ་ཀླུས་བཏང་བའི་ཕྱག་བྲིས་དེ་འབྱོར་གདོང་དབུས་ཕྱོགས་སུ་དམག་རོགས་ལབ་ན་འདྲ། གནས་སྟངས་ཞུ་གཏུག་གི་ལས་འཆར་ཞིག་བརྩམས་འདོད་སྐྱེ་པ་འདྲ་ནའང། གནད་དོན་འདིའི་ཐད་མཐར་སྙན་ཞུ་དོན་འཁྱོལ་མ་བྱུང་བ་འདི་རིགས་ཀྱིས། སྡེ་པ་གཞུང་དང་མདོ་སྨད་བར་གྱི་འབྲེལ་བའི་ནང་གལ་གནད་ག་ཚོད་ཟིན་ཡོད་པ་རེད་དམ། དཔེར་ན། ༸རྒྱལ་བ་བཅུ་གསུམ་པའི་སྐབས་༸བཅུ་གསུམ་པ་ཆེན་པོ་རང་གིས་མདོ་ཁམས་ཕྱོགས་ནས་དམག་བསྡུ་བ་དང་ཁོང་ཚོར་གོ་མཚོན་སྤྲོད་འཆར་དགོངས་པ་ལེགས་ལམ་ཏུ་མ་སོང་བ། སྤོམ་མདས་ཕྱིས་སུ་ཀ་སྦུག་ནས་༸གོང་ས་བཅུ་བཞི་པ་ཆེན་པོར་ཞུས་གནས་བཀའ་སློབ་ཏུ་གསལ། འདི་༸བཅུ་གསུམ་པའི་ཡོངས་གྲགས་ལོ་རྒྱུས་ཁག་གི་ནང་འཁོད་མེད་པ་འདྲ། སོང་ཙང་སྐུ་སྔ་ཕྱི་གཉིས་ཀར་གནས་སྟངས་འདི་འདྲ་བ་ཞིག་བྱུང་བ་དེར་བོད་ཀྱི་བྱུང་རབས་ཀྱི་ཆ་ནས་མཚོན་མདོག་ཅིག་བྱུགས་དགོས་ན་ག་འདྲ་ཞིག་བྱུགས་ན་ཡག་གི་རེད་དམ།
ལན། འདིའི་ལན་ང་ལ་མི་འདུག དེ་ནི་ངས་མི་ཤེས་ཞེས་པའི་དོན་ཡིན། བོད་གཞུང་དང་མདོ་སྨད་ཀྱི་མི་དམངས་དང་དེ་བཞིན་བླ་ཆེན་སོགས་ཀྱི་འབྲེལ་བ་དང་། འབྲེལ་དེ་ལ་བརྟེན་པའི་ཆིག་སྒྲིལ་ཡོད་མེད་སོགས་ནི་བརྗོད་གཞི་ཆེན་པོ་ཞིག་ཡིན་སྟབས་རྩོམ་ཐུང་ཞིག་གིས་གླགས་འཁེལ་མིན་མི་ཤེས་ལ། གྲུབ་ཆ་ཡང་སྣེ་མང་འཛོམས་ཡོད་སྟབས། ཕྱོགས་གཅིག་ཁོ་ན་དང་ལྟ་ཚུལ་གཅིག་ཁོ་ནའི་ཐོག་ནས་ཐག་ཆོད་པ་ཞིག་མ་རེད་ལགས། དཔེར་ན། ངའི་རྣམ་ཐར་འདིར་ཡང་འདི་ལྟར། “དབུས་ལམ་དུ་ཕེབས་ཏེ་ཞགས་ཆུ་ཁར་ཕེབས་སྐབས་ཁོང་ཚོས་ཆབ་མདོ་ཤོར་ཟིན་པའི་གཏམ་ཐོས་ཡོད་པ་དང་། ཉིན་ཤས་རྗེས་སུ་ “བྱང་སྤྱིའི་ཁོངས་ནས་ས་ཞིབ་པ་ཧོར་པ་རྟ་པ་བཞི་བཅུ་ཙམ་སླེབས་ནས་ཞིབ་བཤེར་བྱས་”རྗེས། བྱང་སྤྱི་ནས་བཀའ་མ་ཕེབས་བར་དུ་ཁྱེད་ཚོ་ཡོང་ཆོག་གི་མ་རེད་ཅེས་བཤད་དེ་དབུས་སུ་བསྐྱོད་རྒྱུ་བཀག་ཅིང་། རིམ་གྱིས་སྐབས་དེར་ཡོད་པའི་བྱང་སྤྱི་མཁན་ཆུང་ཐུབ་བསྟན་བཟང་པོ་ལགས་ཕེབས་ཏེ་འདྲི་བརྩད་རྗེས་ “བྱང་སྤྱི་ནས་རྒྱ་དཔོན་ལིའུ་ལ་ཁྱེད་རྣམས་བོད་པ་མིན་པར་བརྟེན་བོད་གཞུང་གི་བཀའ་འཁྲོལ་ཡི་གེ་མེད་པར་འགྲོ་ཆོག་གི་མ་རེད། བོད་པ་ཚོ་ཁོང་ཚོའི་འདོད་པ་རེད་” ཅེས་གསུངས་པ་འདི་ལས་ཀྱང་རོབ་ཙམ་ཤེས་ནུས།
༣ སྐུའི་གཅེན་པོས་བདུན་པ་ཆེན་པོར་ཐུགས་ཡིད་གཏོད་ཀྱི་ཡོད་པའི་རྣམ་པ་ཞིག་མདོ་སྨད་པ་ཡོན་རྒྱས་བྲིས་པའི་དེབ་དེར་ཟུར་ཙམ་གསལ། སྐབས་དེར་མདོ་སྨད་ཆིག་སྒྲིལ་གྱིས་རྒྱ་རྒོལ་ལས་འཆར་རྩོམ་སྐབས་གཅེན་པོར་གསང་བའི་ཕོ་ཉ་རེབ་གོང་གི་རི་ཁྲོད་པ་ཞིག་ཡོད་འདུག རི་ཁྲོད་པ་འདིས་ཕྱིས་གཅེན་པོར་ཡི་གེ་བསྐུར་བ་་་”དཔལ་ལྡན་ལྷ་མོའི་ལྟེ་བ་ལ།། ལྷ་རྣམས་ཀུན་གྱིས་རྫོང་བཅས་ཏེ།། ལྷ་མིན་རྣམས་ཀྱི་གཡུལ་ངོ་ལྡོག།” ཟེར་བ་འདི་ལ་གོ་རྒྱུ་ཆེན་པོ་ཡོད་ཟེར། གང་ལྟར་མདོ་དོན་བདུན་པ་ཆེན་པོ་དང་གཅེན་པོའི་བར་ཡུན་རིང་འབྲེལ་བ་བྱུང་ཡོད་མེད་དང་ནང་དོན་ག་འདྲ་ཞིག་ཡིན་མིན་ཐད་ག་འདྲ་ཟིག་ལྟ་དགོས་མིན་དང། བདུན་པ་ཆེན་པོའི་རྣམ་ཐར་གྱི་གཙོ་གནད་ཅིག་འདི་ཡིན་ན་མིན་ན།
ལན། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པ་འདི་ཉིད་ཀྱི་སྐུ་ཚེའི་མཛད་པ་གཙོ་བོ་དེ་འདི་ཡིན་ཞེས་ཤོད་ཐུབ་ཀྱི་མི་འདུག ཕྱོགས་གཅིག་ནས་ཁོང་ལ་སྐུ་ཚེའི་མཛད་པ་སྟོན་པའི་གོ་སྐབས་དེ་བྱུང་ཡོད་མ་རེད། ཁོང་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་ཞིག་ཡིན་སྐོར་ཡིག་ཐོག་ན་མཇལ་རྒྱུ་ཡོད་པ་དེ་རེད། ལྟག་མཚེར་རིན་པོ་ཆེས་ཁོང་ལ་གཟིགས་ཚུལ་ནི། མདོ་སྨད་པ་ཡོན་རྒྱམ་གྱིས་བརྩམས་པའི་རྣམ་ཐར་དང་། དེ་བཞིན་ཕྲན་ཅག་ལ་ངག་སྒྲོས་སུ་གསུངས་པ་དེ་རེད། “སྐྱེས་བུ་དམ་པ་ཞིག་དང་། རེབ་གོང་མི་དམངས་སེམས་ནས་འདོར་མ་ཐུབ་པར་སླར་རེབ་གོང་ལ་ལོག་ཕེབས་པ་”ཞིག་ཡིན་པའི་ངོས་འཛིན་གནང་གི་འདུག ཨ་རིའི་ཁུལ་ན་ཡོད་པའི་རེབ་གོང་བ་ལྟག་མཚེར་རིན་པོ་ཆེར་མཇལ་མྱོང་ཡོད་པ་རྣམས་ལ་འདིའི་ལོ་རྒྱུས་གསུངས་རྒྱུ་འདུག ཚིགས་སུ་བཅད་པ་དེའི་གོ་དོན་ངས་མི་ཤེས།
༤ བདུན་པ་ཆེན་པོ་གླེང་ཡོང་སྐབས་གཅེན་པོ་གླེང་དགོས་པ། དེ་ནས་སྡེ་བ་གཞུང་དང་བོད་སྤྱི་གླེང་དགོས་ཞིག་ཡོང་གི་ཡོད་པ་འདྲ་བས། སྐུ་ཉིད་ལ་གཅེན་པོས་སྐབས་དེའི་མདོ་སྨད་ནང་ཁུལ་གྱི་བླ་དཔོན་གཞན་གྱི་སྐོར་གསུངས་མྱོང་ངམ། མདོ་ཡོན་ལྟར་ན་གཅེན་པོ་ནང་ཉོག་ལ་མི་དགྱེས་པ་ཞིག་ཡིན་ཟེར། དེའི་ཆ་ནས་གསུང་མེད་སྲིད། འོན་ཀྱང་རྡོ་སྦིས་དགེ་བཤེས་སྐོར་ལ་ཐུགས་མ་ཚིམ་པ་ཞིག་ཕེབས་འདུག སྐུ་ཉིད་ཀྱི་རེབ་གོང་གི་ཉི་མ་ནུབ་པ་ཞེས་པ་འདིའི་ནང་བདུན་པ་ཆེན་པོ་དང་སྐབས་ཐོག་གི་མདོ་སྨད་ཀྱི་བླ་དཔོན་གཞན་རྣམས་དང་མཚུངས་བསྡུར་གྱི་ཆ་དེ་མི་འདུག དེའི་རྒྱུ་མཚན་ཅི་ཞིག་ཡིན།
ལན། ལྟག་མཚེར་རིན་པོ་ཆེར་བཅར་འདྲི་ཞུས་པའི་རིགས་ནས་འདི་སྐོར་རྒན་པད་མ་འབུམ་ལགས་ཀྱིས་ཞུས་པ་དེ་དང་། དེ་མཚུངས་གཞན་ཡང་ཡོད་སྲིད་པ་རེད། ངས་བླ་མ་གཞན་པའི་རྣམ་ཐར་དང་བསྡུར་མེད་པ་དེ་ཆད་སྐྱོན་ཞིག་རེད་འདུག འོན་ཀྱང་ངས་དུས་འགྱུར་སྐབས་དང་རིག་གསར་སྐབས་ཀྱི་མི་ལོ་ཉི་ཤུ་སྐོར་དེ་ལ་དོ་སྣང་བྱས་པ་ཡིན་སྟབས། བླ་ཆེན་གཞན་དང་དཔོན་ཆེན་གཞན་གྱི་ལོ་རྒྱུས་ཀྱང་ང་ལ་རྙེད་ཐུབ་མིན་མི་ཤེས་པ་དང་། འཚོལ་དཀའ་བ། ཤར་སྐལ་ལྡན་རྒྱ་མཚོའི་སྐུ་ཚེ་ལ་དམིགས་པ་གཏོད་པ་བཅས་ལས་གཤིབ་བསྡུར་བྱེད་རྒྱུ་དེ་མ་བྱུང་བ་རེད།
ད་གསལ་བཤད་ཅིག་ཞུ་འདོད་བྱུང་། དེ་ནི་རྩོམ་འདི་ཁ་བརྡ་ལ་བཀྲམས་ཟིན་པའི་རྗེས་སུ་རྩོམ་ཡིག་གི་དཔྱད་གཞིའི་ཁོངས་ནས་རྒན་པད་མ་འབུམ་གྱི་བཅར་འདྲི་འདི་དང་། དེ་བཞིན་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ཀྱིས་ཨ་ལགས་ཁུ་ཞང་ལ་བཙོན་ཁང་གི་སྐོར་བཅར་འདྲི་ཞུས་པ་གཉིས་སླར་ཡང་རྙེད་བྱུང་བས་རིམ་གྱིས་ཁ་གསབ་བྱེད་འདོད་པ་ཡིན། དེ་དོན་ཚན་གཅིག་དང་། དེ་ནས་ཁྱེད་ལ་དྲི་ལན་སྔོན་མ་ཕུལ་སྐབས་འགན་མ་འཁྱེར་བ་མིན། དུས་ཀྱིས་མ་ལྕོགས་པ་ཡིན། གུས་བཅས། རབ་གསལ་གྱིས་ཕུལ།
འཚོ་བྱེད་བུ་དང་རླངས་སྔགས། ནམ་མཁའ་སོགས་ཀྱིས་དྲན་ཐོ་གནང་བ་ལ་ཐུགས་རྗེ་ཆེ་ཞུ། དེ་རིང་རེབ་གོང་ན་ཡང་རྩོམ་འདི་ཀློག་བཞིན་ཡོད་པའི་གཏམ་ཞིག་ཐོས་བྱུང་། སེམས་དགའ་བཞིན་ཡོད། དེ་ཡང་རྩོམ་འདི་ལེགས་པ་དང་ཁ་ཚང་བའི་རྒྱུ་མཚན་གྱིས་མིན། ངས་མ་ཤེས་པ་དང་མ་བཀླགས་པ་དེ་ཚོ་ལ་ཐུགས་སྣང་འདྲེན་པ་དང་ཁ་སྐོང་ཐུབ་པ་ལ་དམིགས་པ་ཡིན།
ད་ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་བདུན་པའི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་ནི་བོད་ཀྱི་བླ་མའི་རྣམ་ཐར་ལུགས་སུ་བརྩམས་པ་དང་། སྐབས་དེའི་བླ་མ་གཞན་གྱི་རྣམ་ཐར་སོགས་ལས་རྙེད་ཀྱིན་འདུག དེ་དག་ཕྲན་གྱིས་མདོར་བསྡུས་ཏེ་རྒྱས་བཤད་ཀྱང་བྱས་མེད། ད་དུས་འགྱུར་གྱི་སྐབས་དཔེར་ན་ཀྲིག་ཀྲང་ལ་བཞུགས་པ་དང་། ཁྲིམས་ཐག་བཅད་པ། བཙོན་ཁང་དུ་བཞུགས་པ་སོགས་གསལ་ཆ་མེད་པ་དེ་རེད། དེ་དག་ལ་རྒྱུ་ཆ་འཚོལ་བསྡུ་གནང་རྒྱུ་ནི་ཕྱིས་དྲགས་མེད་དམ་སྙམ། ཕྲན་གྱི་རྩོམ་གྱི་མཇུག་སྡོམ་དུའང་། “ཆུང་བྱིས་པའི་དུས་ནས་བཟུང་། ཡུལ་འདིར་མཁས་པའི་སྙན་པ་ཆེ་བའི་ཡོངས་འཛིན་དམ་པ་དག་ཚུལ་བཞིན་བསྟེན་ནས་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་སྙེག་ཟིན་པའི་རེབ་གོང་གི་ཉི་མ་འདི་ལ་མཚོན་ན། དགུང་ལོ་བཞི་བཅུར་སོན་ཙམ་ནས་བཙོན་ཁང་དུ་ཚུད་པ་དང་། བཙོན་ཁང་ནས་མི་ལོ་ཉི་ཤུ་བསྐྱལ་རྗེས་དགོངས་པ་རྫོགས་པ་རེད་ལ། ད་ནི་བཙོན་ཁང་དུ་ཉིན་རེའི་དཀའ་སྡུག་གི་མཛད་པ་ཅི་ཡིན་དང་ཟི་ལིང་ནས་ཀ་མདོ་ལ་དུས་ནམ་ཞིག་ལ་སྤོས་པ་སོགས་དང་འབྲེལ་བའི་རྣམ་ཐར་རྣམས་འཇིག་རྟེན་འདི་ནས་ནུབ་ཉེར་ཆེ་མོད། རྣམ་ཐར་དེ་དག་ཁ་སྐོང་བྱ་རྒྱུར་ཡང་ཡུལ་དུས་ཀྱི་རྐྱེན་ལ་བརྟེན་ནས་དགོས་ངེས་པའི་ས་བོན་རྣམས་ཚང་དཀའ་བ་དང་། ཡིག་ཆ་གཞན་ནས་ཀྱང་རྙེད་དཀའ་བ་འདུག འདི་ཡང་རེབ་གོང་གི་ཉི་མ་ནུབ་རྗེས་ཀྱི་མུན་པའི་ཆ་ཞིག་ཏུ་འཁུམས་སོ༎” ཞེས་བྲིས་ཡོད་དོ།། བཀའ་དྲིན་ཆེ།
རྩོམ་ཡིག་འདི་ལ་བརྒྱུད་ལམ་གཞན་ན་མཆན་འདི་འདྲ་ཞིག་གནང་འདུག་པས་འདིར་དཔྱད་གཞིའི་ཆེད་དྲངས་པ་ཡིན།
————
ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་དཔྱད་གཞིའི་དཔེ་ཆ་ངོ་སྤྲོད་བྱས་པ་ནི། དེའི་སྐོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་ཚེ་ཏན་ཞབས་དྲུང་ཚང་གིས་མཛད་པའི་༼མཁན་ཆེན་དྲུག་པའི་རྣམ་ཐར་༽དུ་གསལ་ཞེས་པ་འདི་ཡིན།
༼ཟུར་འཛར་ཞིག༽ཚངས་དབང་དགེ་འདུན་བསྟན་པ་ལགས་ཀྱིས་རྣམ་ཐར་འདིའི་ཁ་སྐོང་གི་ཚུལ་འདི་ལྟར་བྲིས་འདུག རྒྱ་དཔོན་ཞིག་གིས་་རེབ་གོང་དུ་ཡོང་སྟེ་ཤར་ཚང་གི་རྟ་རྫི་བྱས་ནས་ལོ་བདུན་ལ་གསང་མྱུལ་བྱས། ཕྱིས་སུ་ཤར་ཚང་ལྷ་སར་ཕེབས་སྐབས་ལྷ་ས་ནས་རྟ་རྫི་དེ་དམག་དཔོན་གྱི་གྱོན་ཆས་གོན་ནས་ཤར་ཚང་བལྟ་རུ་ཡོང་རྗེས། ཤར་ཚང་གིས་ཧ་ལས་དགོས་བྱུང་ཞེས་གསལ། གསང་མྱུལ་དམག་དཔོན་དེས་བྲིས་པའི་ཤར་སྐུ་ཕྲེང་བདུན་པའི་ལོ་རྒྱུས་ཤིག་འདུག དེའི་ནང་ནས་སྐོར་ཞིག་རྒྱ་ཡིག་གི༼་ཀྲུང་གོའི་བོད་ལྗོངས་༽སྟེང་དུ་འཁོད་འདུག
བོད་ཀྱི་རྣམ་ཐར་གང་མང་ཞིག་ཏུ་རྟའི་ལོར་ནག་པ་ཟླ་བའི་ཚེས་ཤར་ལ་ལྷ་སྡེ་ག་གེ་མོས་ཇ་ཐབ་དང་།རྟ་གསུམ། མཛོ་བཅུ། དངུལ་རྟ་རྨིག་མ་བདུན་ཅུ་ཕུལ་ཟེར་བ་ལྟ་བུ་ལས་བསྟན་སྲིད་བྱས་རྗེས་དག་ཚིག་ཚོགས་ཀྱི་ལོ་མའི་གསེང་ན་མཐོང་དཀའ་སེ་བ་མང་། ཡིན་ནའང་ཤར་ཚང་གི་མཛད་རྣམ་དེང་རབས་ཀྱི་རྩོམ་སྟངས་ལམ་ནས་ཚིག་ཉུང་དོན་འདུས་བརྩམས་འདུག་པས། དགེ་འདུན་རབ་གསལ་ལ་ཐུགས་རྗེ་ཆེ་ཞུ།
མཁས་དབང་ལགས། བཀའ་ལན་གནང་བ་ཐུགས་རྗེ་ཆེ། ད་དུང་མུ་མཐུད་ནས་དྲི་བ་ཡོད་པ་འདྲ་ཡང། དེ་དག་རིམ་པར་ལོ་གསར་གྱི་རྗེས་སུ་ཕུལ་རྒྱུ་ཡིན།
དེ་ནས་སྐུ་ཉིད་ཀྱིས་གསུངས་པ་ལྟར་ན་རེབ་གོང་དུའང་རྩོམ་འདི་ཀློག་གི་ཡོད་པ་འདྲ། དེས་ན་ཕ་ཡུལ་གྱི་རྒན་རབས་སེར་སྐྱ་དུ་མའི་དྲུང་ནས་འདིའི་སྐོར་གྱི་ངག་རྒྱུན་བསྡུ་རུབ་བྱེད་འཆར་མེད་དམ། བདུན་པ་ཆེན་པོའི་སྐུ་ཚེ་སྨད་ཀྱི་རྣམ་ཐར་ཡོངས་འགྲུབ་ཆེད་དཔྱད་ཡིག་ཁོ་ནར་བསྟན་ནས་ཁ་སྐོང་ཐུབ་ཀི་རེད་དམ།
ཨ་ལགས་གླིང་ཚང་གིས། “ད་རྒྱ་དེར་ཅིག་བྱེད་དགོས་གི དེར་ཅིག་མ་བྱས་ན་མི་ཆོག་གི་ ད་འཁྲུག་པ་རྒྱག་དགོས་གི འཁྲུག་པ་ཇི་ལྟར་རྒྱག་དགོས་པ་དེ་ཐབས་ཤེས་ཤིག་བྱེད་” ཅེས་དེ་དུས་ཨ་ལགས་གླིང་ཚང་སྐུ་འབུམ་ལ་ཕེབས་སོང་།
འདི་ལ།
“ད་རྒྱ་དེར་ཅིག་བྱེད་དགོས་གི དེར་ཅིག་མ་བྱས་ན་མི་ཆོག་གི་ ད་འཁྲུག་པ་རྒྱག་དགོས་གི
འདི་ཡང་།
“ད་རྒྱ་དེར་ཅིག་བྱེད་དགོས་བགྱིད། དེར་ཅིག་མ་བྱས་ན་མི་ཆོག་བགྱིད། ད་འཁྲུག་པ་རྒྱག་དགོས་བགྱིད།
བྱུང་ན་ཆ་ཚང་།
ད་རྒྱ་དེར་ཅིག་བྱེད་དགོས་བགྱིད་འདུག དེར་ཅིག་མ་བྱས་ན་མི་ཆོག་པ་ཅིག་རེད་འདུག ད་འཁྲུག་པ་རྒྱག་དགོས་བགྱིད་འདུག