གནས་ཚུལ་མཁོ་གཏོང་བ་བསོད་ནམས།
རེབ་གོང་མདོ་བ་ལྡོང་ངེ་སྡེ་བའི་ཕ་གཅོད་པ་སྐྱབས་དང་མ་བདེ་མཆོག་སྐྱིད་གཉིས་ཀྱི་རིགས་མྱུག་སྦྱིན་པས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག
དེ་ཡང་སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ནས་ ༥ བར། རོང་པོ་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ཆེན་མོའི་རྒྱལ་སྒོའི་ནང་དུ་རང་ལུས་ལ་ས་སྣུམ་བླུགས་ཏེ་མེ་སྦར་བ་དང་སྒོ་ཆེན་ཕྱེ་ནས་ཐད་ཀར་གཞུང་ལམ་དུ་རྒྱུག་སྟེ་སྒྲོལ་མའི་ཐང་ཆེན་དུ་སླེབས་པ་དང་སར་འགྱེལ་ཞིང་། ས་གནས་དེ་ག་རང་ནས་སྐུ་སྲོག་གྲོངས་འདུག ཁོས་ཤུལ་དུ་བཞག་པའི་ཁ་ཆེམས་ཡི་གེར། མི་རིགས་འདྲ་མཉམ་ཡོང་དགོས། བོད་ལ་རང་དབང་དགོས། བོད་ཡིག་དར་སྤེལ་བྱེད་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་རང་དབང་གི་ཆེད་དུ་ངས་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན་ཞེས་འཁོད་འདུག རྒྱལ་གཅེས་དཔའ་བོ་སྦྱིན་པ་ལགས་ནི་དེ་སྔ་གྲྭ་བར་འཛུལ་ཡང་ཕྱིས་སྐྱ་སར་བབས་ཏེ་ནང་མིའི་མཉམ་དུ་བསྡད་ཡོད་འདུག་ཀྱང་། ཉིན་གཉིས་གོང་རེབ་གོང་དུ་ཕྱིན་པ་དང་དེ་རིང་བོད་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་རེད། དེ་རིང་རྒྱལ་གཅེས་དཔའ་བོ་སྦྱིན་པ་ལགས་ཀྱི་གདུང་ཞུགས་འབུལ་སྐབས་རོང་པོ་དགོན་པའི་གདོང་རྒྱལ་ཀླད་དུ་སེར་རྒྱ་མི་མང་ཁྲི་ལྷག་འཛོམས་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག
ཁ་སང་སྟེ་སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་རྒྱལ་གཅེས་དཔའ་མོ་རྟ་མགྲིན་འཚོ་ལགས་ཀྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དང་། དེ་རིང་ཞོགས་པ་མདོ་བ་གྲོང་བརྡལ་གྱི་སློབ་མ་རྣམས་ཀྱིས་ (སློབ་ཕྲུག་བདུན་བརྒྱ་མ་ཟིན་ཙམ་ཡོད།) ངོ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་སློབ་རྭའི་ནང་ཡོད་པའི་རྒྱ་དམར་གྱི་དར་ཆ་མར་ཕབ་སྟེ་རལ་བར་མ་ཟད། དེ་ནས་སློབ་ཕྲུག་རྣམས་ཐད་ཀར་གྲོང་བརྡལ་གྱི་ཁུངས་སུ་བསྐྱོད་དེ། ལས་ཁུངས་མདུན་གྱི་རྒྱ་དམར་གྱི་དར་ཆ་མར་ཕབ་ནས་རལ་བ་སོགས་ངོ་རྒོ་སྐད་འབོད་བྱས་འདུག ཡིན་ན་ཡང་དགེ་རྒན་རྣམས་ཀྱིས་གནས་ཚུལ་ཛ་དྲག་མི་ཡོང་ཆེད་གང་མགྱོགས་སློབ་མ་རྣམས་ཀྱི་ཕ་མར་སོ་སོའི་བུ་ཕྲུག་རྣམས་ལེན་ཏུ་ཡོང་དགོས་པའི་བརྡ་ལན་བཏང་འདུག་ཀྱང་། དེ་རིང་སློབ་གྲྭ་འཚོགས་ཐུབ་མི་འདུག དེ་རིང་ཉིན་རྒྱབ་ཙམ་ལ་རེབ་གོང་ཁུལ་ནས་མདོ་བར་དམག་མིའི་རླངས་འཁོར་བདུན་ཕྱིན་འདུག་ཀྱང་། མདོ་བ་སྡེ་བའི་འདབས་སུ་སློབ་ཕྲུག་རྣམས་དང་བུད་མེད་ཚོས་ངུ་འབོད་དང་བཅས་ལམ་ཁ་བཀག་རྐྱེན་དམག་མི་རྣམས་ཕྱིར་རེབ་གོང་དུ་ལོག་འདུག་པ་ལས། གནས་ཚུལ་གཞན་ཅི་ཡང་ལྷག་མི་འདུག་ཀྱང་རྒྱ་མའི་འབྲེལ་ཡོད་ཙམ་པས་སང་ཉིན་གདུང་ཐལ་སྔོན་ལྟར་ཉིན་དཀར་མི་མང་མཉམ་འཛོམས་ཐོག་ཁྱེར་མི་ཆོག་པ་དང་སང་ཞོགས་བོད་ནང་ཆུ་ཚོད་༥པ་སྔོན་ཙམ་ལ་གངུང་ཐལ་སོགས་རང་ཁྱིམ་དུ་གདན་འདྲེན་ཞུས་ཚར་བ་མ་བྱས་ན་ཁྲིམས་ལ་སྦྱར་གི་ཡིན་ཟེར་ནས་དེ་རིང་དགོང་དྲོ་ཛ་དྲག་གི་གསལ་བསྒྲགས་སྦེལ་འདུག་པ་དང་། དེ་རིང་དགོང་དྲོ་བོད་ནང་གི་ཆུ་ཚོད་༡༠ པ་ཙམ་ལ་མི་མང་ཚང་མ་རང་ཁྱིམ་དུ་ལོག་ཕྱིན་འདུག
རེབ་གོང་སང་ལམ་དུ་དམག་མི་འགྲེམས་འཇོག་ཞུས་འདུག་པ་མ་ཟད་དམག་ཆས་དང་ཉེན་རྟོག་པའི་གོན་པ་མ་གྱོན་པར་གྲྭ་བ་དང་མི་མང་རྣམས་ལ་ལྐོག་བལྟ་ཤུགས་ཆེན་པོ་བྱེད་བཞིན་འདུག་གནས་ཚུལ་བོད་ནས་འབྱོར་སོང་།
རེབ་གོང་སང་ལམ་དུ་དམག་མི་འགྲེམས་འཇོག་༼ཞུས་༽”བྱས་”འདུག་པ་མ་ཟད་དམག་ཆས་དང་ཉེན་རྟོག་པའི་གོན་པ་མ་གྱོན་པར་གྲྭ་བ་དང་མི་མང་རྣམས་ལ་ལྐོག་བལྟ་ཤུགས་ཆེན་པོ་བྱེད་བཞིན་འདུག་གནས་ཚུལ་བོད་ནས་འབྱོར་སོང་།