འདི་ཟླའི་ཚེས་ ༡༥ ཉིན་མདོ་སྨད་རེབ་གོང་ནས་ན་གཞོན་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་པའི་གནས་ཚུལ་ཐོན་ཡོད།
༼༡༽ རྒྱལ་པོ་ཀླུ་ཆུ་ནས་ཡིན་པ་མཁའ་འབུམ་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་གནས།
ཚེས་ ༡༥ ཉིན་གྱི་བོད་ནང་གི་ཆུ་ཚོད་བཅུ་གཅིག་ཡས་མས་ཤིག་ལ། རེབ་གོང་རྒྱལ་བོ་ཀླུ་ཆུའི་ཀླུ་ཆུ་ཐང་ནས་རེབ་གོང་རོང་པོའི་ཕྱོགས་སུ་ཡོང་སའི་ལམ་འཁེལ་ཁོང་གསེང་མདོ་ཟེར་བའི་ས་གནས་སུ། ཀླུ་ཆུ་སྡེ་བའི་ཆུ་ཅ་ནས་ཡིན་པ་མཁའ་འབུམ་རྒྱལ་ཞུ་བ་ཞིག་གི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག
ཁོང་ནི་ཕ་རྟ་མགྲིན་རྒྱལ་དང་མ་སྒྲོལ་དཀར་མཚོ་གཉིས་ཀྱི་བུ་ཡིན་པ་དང་། རང་ལོ་ ༡༨ དང་། ཁོང་ལ་ཁྱོན་མིང་སྲིང་དྲུག་ཡོད་འདུག་པ་ལས། ད་ལྟ་དངོས་སུ་མིང་ཤེས་རྟོགས་བྱུང་བ་ནི། བསོད་ནམས་ལྷུན་གྲུབ་དང་། ཀླུ་མོ་འཚོ། གུ་རུ་སྐྱིད་་བཅས་ཡིན།
འདས་གྲོངས་སོང་མ་ཐག་རེབ་གོང་ཚ་རྒྱལ་དགོན་པའི་དགེ་འདུན་པ་དང་ས་གནས་མི་མང་གིས་སྐུ་ཕུང་ཚ་རྒྱལ་དགོན་པའི་ནང་གདན་ཞུས་ཀྱིས་ཞུགས་འབུལ་བྱས་ཡོད་པའིོ་གནས་ཚུལ་ཐོན་འདུག་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་རག་སོན་མ་བྱུང་།
རྒྱལ་པོ་ཀླུ་ཆུ་ནི་རྒྱལ་པོ་རླངས་ཚང་ལ་རོང་འབྲོག་གི་སྡེ་ཚོ་ཆེན་པོ་གཉིས་ཡོད་པའིོ་འབྲོག་སྡེ་དེ་ཡིན། ད་ལྟའི་རེབ་གོང་༼ཐུན་རིན༽རྫོང་རྒྱལ་པོ་ཞང་གི་ཁོངས་གཏོགས་ཡིན།
༼༢༽ བཙན་མོ་མགོ་དགེ་ནས་ཡིན་པ་ཏིང་འཛིན་སྒྲོལ་མས་རང་ལུས་མེར་བསྲེགས་བཏང་གནས།
ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་བོད་ནང་གི་ཆུ་ཚོད་བཅུ་གཉིས་ཡས་མས་ཤིག་ལ། རེབ་གོང་བཙན་མོ་མགོ་དགེ་སྡེ་བ་ནས་ཡིན་པ་ཏིང་འཛིན་སྒྲོལ་མ་ཞུ་བ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་ཕྱིན་འདུག མེར་བསྲེགས་གཏོང་ཡུལ་ནི། སྡེ་བའི་ལྷ་ཁང་གི་ར་སྐོར་ནང་ཡིན་འདུག་ལ། ཁོང་མོ་ནི་ཕ་བུ་ལོ་དང་མ་བཀྲ་ཤིས་སྒྲོལ་མ་གཉིས་ཀྱི་བུ་མོ་ཡིན་པ་དང་། ད་ལོར་རང་ལོ་ ༢༣ ལ་སོན་འདུག
ཁོང་མོས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་ཕྱིན་པའི་གནས་ཚུལ་བྱུང་རྗེས། རྫོང་དཀར་དགོན་པ་དང་། རྫོང་སྔོན་དགོན་པ། བདེ་ཆེན་དགོན་པ་བཅས་ཀྱི་དགེ་འདུན་པ་དང་ས་གནས་མི་མང་གིས་སྐུ་ཕུང་བདག་ཉར་བྱས་འབྲེལ། དགོང་མོའི་ཆུ་ཚོད་བཅུ་པ་ཙམ་ལ་ཞུགས་འབུལ་བྱས་ཡོད་འདུག
ཁོང་མོ་ནི། ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༤ ནས་རེབ་གོང་རོང་བོ་དགོན་པའིོ་གྲྭ་འཇམ་དབྱངས་དཔལ་ལྡན་ལགས་ནས་རང་ལུས་མེར་བསྲེགས་བཏང་བ་ནས་བརྩིས། འདི་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་བར་རང་ལུས་མེར་བསྲེགས་བཏང་བ་ཐེངས་དགུ་པ་དེ་ཆགས་ཡོད། རེབ་གོང་ནས་རང་ལུས་མེར་བསྲེགས་བཏང་བའི་ཁྲོད་སྐྱེས་པ་བདུན་དང་། བུད་མེད་གཉིས་བྱུང་ཡོད་པ་ཚང་མ་འདས་གྲོགས་སུ་གྱུར་ཡོད།
ད་ལྟའི་ཆར་རེབ་གོང་ཕྱོགས་སུ་ཁ་པར་མཐུད་འབྲེལ་ཤིན་ཏུ་དཀའ་བ་ནས། ཉེ་བའི་ཉིན་ཤས་ནས་སྐད་འཕྲིན་བརྒྱུད་ལམ་དང་། དྲ་རྒྱའི་བརྒྱུད་ལམ་དེ་ཡང་མཐུད་འབྲེལ་ཤིན་ཏུ་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ད་ལྟའི་ཆར་རེབ་གོང་གི་གནས་སྟངས་སྐོར་འཚོལ་བསྡུ་དཀའ་བའི་གནས་ཆགས་འདུག
ཉེ་བའི་ཉིན་ཤས་རིང་གནས་ཚུལ་འབྱོར་གསལ་ལྟར་ན། མེར་བསྲེགས་ལས་འགུལ་བསྟུད་མར་སྤེལ་ཡུལ་མདོ་བ་དང་སྒྲོ་རོང་པོ་ཁུལ་དུ་དམག་མི་ཕོན་ཆེ་སླེབས་འབྱོར་བྱུང་ཡོད་འདུག་པ་ནི། གློག་བརྙན་དག་གི་ནང་གི་དམག་འཐབ་ཀྱི་གྲ་སྒྲིག་དང་གཅིག་མཚུངས་སུ་འདུག་ཅེས་ཤོད་ཀྱི་འདུག་པ་མ་ཟད། མདོ་བ་ཞང་གི་སློབ་གྲྭའི་ནང་ལ་དམག་མི་ཉིས་སྟོང་ལྷག་གིས་སོ་སྲུང་བྱས་ནས་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག དེ་བཞིན་ད་ལྟའི་ཆར་རེབ་གོང་ཁུལ་གྱི་དགོན་པ་དག་གི་ནང་གོང་ས་མཆོག་གི་སྐུ་པར་བཤམས་མི་ཆོག་པའི་སྐོར་བཙན་བཀའ་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་ཁག་ནང་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན་ན། ཁྲིམས་ཐག་ནན་མོ་གཅོད་རྒྱུའི་སྐོར་ཤོད་ཀྱི་ཡོད་པ་དང་། གྲོང་སྡེ་ཁག་ཅིག་གི་ནང་དུ་མི་མང་འདུ་འཛོམས་ཐད་དམ་དྲག་དང་། ཡར་མར་འགྲུལ་བཞུད་ཚུན་ཆད་ལ་རྩད་ཞིབ་བྱེད་ཀྱིན་པའི་གནས་སྟངས་ཆགས་ཡོད་འདུག གཞན་ཡང་ས་གནས་ཀྱི་མིས་འགྲེལ་བརྗོད་གནང་དོན་ལྟར་ན། གནས་སྐབས་རིང་སློབ་གྲྭ་ཁག་ལ་གུང་གསེང་བཏང་ཡོད་འདུག་ཀྱང་། གུང་གསེང་འདིའི་རྗེས་ནས་ཉེ་ཆར་སློབ་མས་ངོ་རྒོལ་ལས་འགུལ་གྱི་སྣེ་ཁྲིད་མཁན་གྱིོ་དོགས་གཞི་ཡོད་པའི་དགེ་སློབ་བརྒྱ་ཕྲག་ཡས་མས་འཛིན་བཟུང་བྱ་འཆར་ཡོད་སྐོར་མང་ཚོགས་ནང་གླེང་སློང་བྱེད་བཞིན་ཡོད་འདུག་པ་བཅས་ཀྱི་གནས་བསྡུས་སུ།
གནས་ཚུལ་ཁ་སྣོན་དང་པོ།
༼གནས་ཚུལ་མཁོ་གཏོང་བཿ བསོད་ནམས།༽
ད་ལྟ་རང་འབྲེལ་ཡོད་བརྒྱུད་གནས་ཚུལ་གོ་ཐོས་ལྟར་ན། རྒྱལ་གཅེས་དཔའ་མོ་ཏིང་འཛིན་སྒྲོལ་མས་ཁ་སང་སྤྱི་ཚེས་༡༥ ཉིན་གྱི་ཆུ ཚོད་༡༢ ཙམ་ལ་སྡེ་བའི་ས་སྣུམ་ཉོ་ས་ནས་ས་སྣུམ་རྒྱ་མ་བརྒྱད་ཙམ་ཉོས་ཏེ། མི་མེད་པའི་གོ་སྐབས་དང་བསྟུན་སྡེ་བའི་ལྷ་ཁང་གི་ར་བའི་ནང་འཛུལ་ཏེ་ལྷ་བསང་བཏང་། དུང་ཐེངས་གསུམ་ལ་བོས་རྗེས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོ་མོར་འགྲོ་ཁར་ཁ་པར་དང་སྲུང་འཁོར་སོགས་རང་ཁྱིམ་ནས་བཞག་འདུག ཁོ་མོའི་ཕ་བ་ལོས་བུ་མོས་སྣུམ་ཉོས་པ་ཤེས་ནས་ལྷ་ཁང་གི་ར་བར་འཛུལ་དུས་བསང་ཁུང་གི་སྒོ་ཁར་མེར་བསྲེགས་ཀྱིས་སྐུ་གྲོངས་ཡོད་འདུག ཁོ་མོའི་བཟའ་ཟླ་ནི་ཀ་ཅི་ནས་ཡིན་པའི་རྒྱ་རིགས་ཤིག་རེད་ལ། ཁོང་ལོ་༢༤ རེད་འདུག ཁོང་གཉིས་ལ་བྱིས་པ་མེད་ནའང་ཁོང་གཉིས་རྣམ་ཀུན་མཛའ་བརྩེ་ཟབ་མོ་དང་འཆམ་པོ་ཡོད་འདུག་ལ་སྡེ་བའི་ནང་ཞིང་ལས་ཀྱིས་འཚོ་བ་རོལ་གྱིན་ཡོད་འདུག མེར་བསྲེགས་བཏང་རྗེས་རེབ་གོང་ཁུལ་ཐོག་ལ་དམག་མི་ཕོན་ཆེ་འབྱོར་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་ཕྱོགས་སྒྲིག་པ། བོན་རྒྱ་བསྟན་འཛིན་རབ་རྒྱས།
དྲ་གྲོགས་རྣམ་གཉིས་ལགས།
ཁོང་རྣམ་པ་གཉིས་ཀྱི་སྐུ་དཔར་རེ་རག་ན་དྲ་ཐོག་ལ་འཇོག་རྒྱུ་མ་འཁྱུག