ཨ་ཕྱི་ཆོས་སྒྲོན།
རེབ་གོང་བ་ལགས།
ངའི་བརྩེ་བའི་རེབ་གོང་གི་མི་དམངས་རྣམས།
དུས་རྟག་ཏུ་ངས་རེབ་གོང་ཞེས་པའི་ལུང་པ་འདིའི་མཚན་སྙན་ལ་སྨོན་ཅིང་ཡོད།
ཚེ་འདིའི་ལུས་ཕུང་བཞུད་ནས་སྐྱེ་བ་ཕྱི་མ་ཞེས་པའི་ལུས་རྟེན་དེ་ཡོད་ན།
སླར་ཡང་ང་གངས་རིའི་ལྗོངས་ཀྱི་ཡུལ་ལུང་།
མཚན་སྙན་ཆེ་བའི་ལུང་པ།
མདོ་སྨད་རེབ་གོང་དུ་སྐྱེ་བའི་སྨོན་ལམ་འདེབས་བཞིན་ཡོད།
འདི་ནི་ང་མཁས་དབང་དགེ་ཆོས་ལ་ཡིད་སྨོན་ཤོར་བའི་དབང་གིས་ཡིན་སྲིད་ལ།
འདི་ནི་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་གཟི་བརྗིད་ཀྱང་ཡིན་ངེས།
རེབ་གོང་ཞེས་པའི་གནས་འདི་ན་རང་མི་རིགས་ལ་དུང་ཞེན་ཟབ་པའི་དཔའ་རྒོད་གང་མང་ཞིག་བྱོན་མྱོང་བས་ཀྱང་ཡིན་སྲིད།
གང་ལྟར་ང་རེབ་གོང་གི་ཡུལ་ལ་དགའ་ཞིང་།
རེབ་གོང་གི་མི་དམངས་ལ་ལྷག་ཏུ་དགའ།
སྤུན་ཟླ་ཚོ།
སྤུན་གྲོགས་ཚོ།
ཤ་ཉེ་ཚོ།
ངའི་ཡིད་ཕམ་མ་བཅུག་དང་།
ངའི་ཡིད་ལ་མི་བཟོད་པའི་སྡུག་བསྔལ་ཞིག་མ་གནང་དང་།
འདས་ཟིན་པའི་ལོ་དེར་ཁྱོད་ཆོས་མཚོན་ཆ་མེ་ལ་བསྲེགས་ཤིང་།
མཐུན་སྒྲིལ་གྱི་ཁ་གཡང་འབོད་པ་མི་དྲན་ནམ།
མཛའ་མཐུན་གྱི་དར་དཀར་གྱོན་པ་བརྗེད་དམ།
སྐབས་དེ་དུས་ཁྱོད་ཚོས་ཅི་ཞིག་གི་ཆེད་དུ་རལ་གྲི་ངར་མ་དེ་མེ་ལ་བསྲེགས་སམ།
སྐབས་དེ་དུས་ཁྱོད་ཚོས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཀྱི་འབོད་སྒྲ་བསྒྲགས་སམ།
ང་འཐོམ་མ་བཅུག་དང་།
ང་ངུ་མ་བཅུག་དང་།
ང་འཆི་མ་བཅུག་དང་།
སྤུན་ཟླ་ཚོ།
ངའི་རེབ་གོང་གི་ཕུ་ནུ་ཚོ།
དེ་རིང་ཁྱོད་ཚོ་ཅི་ཞིག་གིས་བཟིའམ།
དེ་རིང་ཁྱོད་ཚོའི་ཁོག་པར་གང་ཞིག་བཞུགས་སམ།
རྩྭ་ས་ལག་ཐིལ་ཙམ་འདིའི་བདག་དབང་ད་དུང་ང་ཚོར་ཡོད་དམ།
རང་དབང་དང་ནུས་ཤུགས་མེད་པའི་ཕུ་ནུ་ནང་ཁུལ་དུ་དཔུང་པ་ངོམ་དགོས་སམ།
བསམ་བློ་ཐོངས་དང་།
རང་དང་རང་མི་རིགས་ཀྱི་ཆགས་འཇིག་ལ་བསམ་བློ་ཐོངས་དང་།
དེང་སྐབས་འཛམ་གླིང་གང་སར་མི་བུའི་བརྙས་བཅོས་འོག་ལ་ལྷུང་པའི་བདེ་སྡུག་ལ་སོམས་དང་།
ཁྱོད་ཚོའི་དཔུང་རྒོད་དེ་ངོམ་ས་ནོར་བ་ད་དུང་མི་ཤེས་སམ།
ཁྱོད་ཚོའི་མཚོན་ཆ་དེ་ད་དུང་མེ་ལ་མ་བསྲེགས་པར་ལུས་སམ།
དེ་རིང་ཁྱོད་ཚོའི་ནང་འཁྲུགས་ཀྱི་གནས་ཚུལ་དེས།
ངའི་ཡིད་ལ་ཟད་མེད་ཀྱི་སྡུག་བསྔལ་ཞིག་བྱིན་སོང་ལ།
ཕུ་ནུ་ཞིག་གིས་ཚེ་སྲོག་གི་རྒྱུ་བ་བཅད་པ་དེས།
ངའི་ལུས་རྟེན་ཕྱི་མ་རེབ་གོང་དུ་སྐྱེ་འདོད་པའི་སྣང་བ་དེ་འགག་སོང་།
སྤུན་ཟླ་ལགས། ཕུ་ནུ་ལགས། ནམ་ཡང་ང་ཚོའི་ལས་དབང་ལ་གཟིགས་ནས།
ཕུ་ནུའི་ཚེ་སྲོག་ལ་ལག་རྩེད་མ་བརྩེད་རོགས་གནང་།
ངས་པུས་མོ་ས་ལ་བཙུགས་ཤིང་། མིག་ཟུང་མཆི་མས་བསྣངས་ཤིང་། སྨྲེ་ངག་ཐར་ཐོར་འདི་བྲིས་ཡོད།
ཁྱོད་རེབ་ཀོང་སྐྱེ་ན་བོན་ཆོས་གཉིས་ཀྱི་བར་ལ་དཀྲུགས་ཤིང་འཕེན་ངེས་ཡིན། ཁྱོད་ལྟ་བུ་ཞིག་མི་དགོས་ཐག་ཆོད་ཡིན། དེ་འདྲའི་སྨོན་ལམ་མ་རྒྱགས་རོགས། དེ་མིན་གཞན་གང་ཡང་མེད།།
ཨ་ཕྱི་ཆོས་སྒྲོན་ལགས་་་་སྐྱེས་པ་ཕྱི་མར་རེབ་གོང་དུ་ནང་ཁུལ་དམར་འཛིང་བྱེད་མཁན་ཞིག་ཏུ་སྐྱེ་བའི་སྨོན་ལམ་ཐོབ་ཨ་་་་་་་ལོ་རེ་རེ་བཞིན་ནང་དམེ་དང་རྩྭ་ས་རྩོད་ནས་འདུག་མཁན་ཞིག་ཏུ་སྐྱེས་ན་མི་རབས་སྔ་མའི་རྗེས་འཛིན་ཐུབ་སོང་བ་རེད་་་
ད་རེབ་གོང་གི་ནང་རྨེ་དེར། ང་ཚོ་ཆོལ་གསུམ་གྱི་ཕུ་ནུ་ཡོད་ཚད་ཀྱིས་སློབ་གསོ་བརྒྱབ་ནས་ཞི་ཐུབ་པའི་རེ་བ་ཡོད། ད་ཆོལ་གསུམ་གྱི་བོད་པ་ངར་མ་ཡིན་ན། རང་སྡེ་སོ་སོའི་སྐུ་ཚབ་བཙུགས་ནས། རླངས་འཁོར་རྫིག་པོ་དེ་ཚོ་བཞོན། གསེར་གཡུ་བྱི་རུ་ཚང་མ་བཏགས། ལག་ལ་ཁ་བཏགས་འཁྱེར་ནས། སྡེ་པ་དེ་ཚོར་འཚམས་འདྲི་དང་། གང་མགྱོགས་ཞི་བའི་སེམས་གསོ་གཏོང་ཐུབ་ན་ཕོ་ཁྱོ་ག་རེད།
ད་རེས་ཐོན་ནས། རང་རང་གི་སྐུ་ཚབ་མངགས་ནས་གང་མགྱོགས་གནས་ཚུལ་ཡོང་ཁུལ་ལ་བཏང་ནས། འཚམ་འདྲི་དང་སློབ་གསོ་གཏོང་ཐུབ་ན་བཟང་། འདི་ལྟར་ཡོང་བའི་ལས་འགུལ་ཞིག་སྤེལ་རོགས།
དཔེར་ན། ཆོལ་གསུམ་གྱི་བོད་པ་ཚང་མས་སྐད་ཕྲིན་དང་། ཁ་པར། ངོ་དེབ་སོགས་ལ་ནང་རྨེ་ཞི་བའི་ལས་འགུལ་སྤེལ་རོགས། ང་ཚོས་གང་ཐུབ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
བོད་པ་ག་ཚོད་མང་ཡང་། རྒྱའི་གྲོང་ཁྱེར་ཆུང་ཆུང་ཞིག་གི་མི་འབོར་ལས་མེད། ང་ཚོར་དཔལ་འབྱོར་དང་དམག་སྲིད་ཀྱི་སྟོབས་ཤུགས་སོགས་ཅི་ཡང་མེད་པས། རྒྱ་མི་རིགས་ཀྱིས་བཟོ་ལྟ་གང་བཟོ་བཟོ་རེད། དེར་བརྟེན། དེ་དག་བསམས་ནས། ནང་ཁུལ་འཆམ་པོ་དང་གཅིག་ཕན་གཅིག་འགྲོགས་ཐུབ་ན་བཟང་།
རེབ་གོང་ཨ། རེབ་གོང་། དུས་ནམ་ཡིན་ཡང་ཁྲོམ་ཆེན་དཀྱིལ་ནས་མགོ་བོ་ཡར་དགྱེས་ཏེ་གོམ་པ་འགའ་སྤོས་མ་སྤོས་ཀྱི་མཚམས་དེར། ཁྱེད་ཀྱིས་གདོང་ལ་ལག་པས་བཀབ་ཏེ་བྲོས་ནས་འགྲོ་དགོས། སྐབས་རེར་ཁྱེད་ལ་རྟོགས་སད་དང་གཟི་བརྗིད་ཀྱི་འོད་སྟོང་འབར། སྐབས་རེར་ཞབས་འདྲེན་དང་གདུག་རྩུབ་ཀྱི་མུན་པ་འཁྲིག ཀྱེ་མ། ཁ་མིག་ཡར་ལྟ་བྱེད་སའི་ཡ་རབས་མེད་པས་ཡིན་ནམ། ཡང་ན་བླུན་པོ་མང་སོང་བས་ཡིན།
རེབ་སྨད་ལྷའུ་ཡིས་སྤྲིངས།