ཁ་བྱང་འདོགས་མཁན། རྐང་ཐང་བ།
རྩོམ་སྒྲིག་པ། རྐང་ཐང་བ།
རྩོམ་སྒྲིག་རམ་འདེགས་པ། བྲན།
རེབ་གོང་།
ས་དམར་གྲགས་པ།༼ལྷ་ས༽
སྔོན་མ་ཚོས་ཉི་འོད་ཀྱི་གོས་ལྭ་གྱོན་མྱོང་ཡོད་པས
རེབ་གོང་ནས་མེ་ཏོག་མང་པོ་བཞད་མྱོང
གསེར་གྱི་མེ་ཏོག་དང དངུལ་གྱི་མེ་ཏོག
གཡུ་ཡི་མེ་ཏོག ……….
ད་དུང ལོ་འདི་ཕར་ལ་སོང་ན
རེབ་གོང་དུ་མེ་ཏོག་རྐང་གཅིག་བཞད་སྲིད
མེ་ཏོག་དེའི་མིང་ལའང་རེབ་གོང་ཞེས་འབོད་སྲིད
རེབ་གོང ཁྱེད་ཀྱིས་རལ་གྲི་ས་ལ་བཞག་རྗེས
ངོ་གདོང་འོད་ཀྱིས་བཀྲུ་ཐུབ་བམ
༢༠༡༤།༨།༡༩ ཉིན་དབུས་སུ་གྲུབ།
རེབ་གོང་།
བྲན།༼རེབ་གོང་།༽
རེབ་གོང མ་གཞི་ནས་མུན་པ་ཞིག་རེད
ས་རུབ་ལ་ཉེ་དུས
ངས་འདི་ལྟར་བསམ
མུན་པའི་ཁྲོད་ནས་མེ་ལྕེ་མཆེད་མྱོང་བའི་གཏམ་རྒྱུད་དེ
རྔོན་པ་འགས་རི་སྒང་ཞིག་ནས
འུག་པའི་མིག་ལ་དཔེ་བལྟས་ཏེ
རང་རང་གི་རྣམ་དཔྱོད་ལ་མེ་ཁ་གསོས་པས་རེད
རེབ་གོང མ་གཞི་ནས་རི་མོ་ཞིག་རེད
ཁ་གནམ་ལ་འཁོར་ནས
ངས་འདི་ལྟར་བསམ
རི་མོའི་གསེབ་ནས་གསེར་གྱི་ཁུ་བ་ཤོར་མྱོང་བའི་ངོ་མཚར་དེ
ལག་པ་འགས་རས་སྐྱ་སྐྱ་ཞིག་ཏུ
སྨད་འཚོང་མའི་ལུས་ལ་དཔེ་བཞག་ནས
རང་རང་གི་འདོད་སྲེད་ལྷང་ལ་ཕུད་པས་རེད
གང་ལྟར རེབ་གོང་ནི་མྱི་གཅིག་གི་གནམ་ས་རེད
མྱི་གཅིག་གི་མུན་པ་དང་མཚན་མོ་རེད
མྱི་དེ་ལ་དགེ་འདུན་ཆོས་འཕེལ་ཟེར
སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་གི་དགོང་མོར།
རེབ་གོང་།
དགའ་བཀྲ་ཤིས་རྡོ་རྗེ།༼ ཅོ་ནེ ༽
རེ་བ་ཁྲི་ཕྲག་གི་ནང་རོལ་ནས་འབུས།
རྨི་ལམ་ཁྲི་ཕྲག་གི་ནང་རོལ་ལ་འཐིམས།
རེ་བའི་རྨི་ལམ་ལ། རྨི་ལམ་གྱི་ཁ་དོག་ལ།
འོད་ཀྱི་གོང་བུ་ཞིག་ཐོལ་གྱིས་བརྡོལ།
རྐང་ལམ་ཕྲ་མོ་ནས་རྡོག་མགོ་བོར་མ་སོང་།
གཞུང་ལམ་སྐྱ་མོ་ནས་རུམ་བྲོ་བོར་མ་སོང་།
མུན་ནག་གི་མཚན་མོ་ཞིག་ལ།
ཟླ་འོད་མེད་པའི་སྨག་ནག་གི་མཚན་མོ་ཞིག་ལ།
ལུག་ཁྱུའི་མཐའ་ན་གླིང་བུ་འབུད་པའི་སྟག་ཤར་རེ་འགས།
སང་ཉིན་ཟེར་བའི་ཐ་སྙད་ཅིག་ལ་མགོ་བོ་གླན་ནས།
མཚམས་མཚམས་སུ་རྐང་ལག་གཡུག་གི་འདུག
རེབ་གོང་ནི་མཛེས་མ་ཞིག་ཡིན།
རྫ་ཆུ་བསིལ་མས་བཀྲུས་པའི་བུད་མེད་མདངས་ཅན་ཞིག
ཡིན་ཡང་། ཡིན་ཡང་། ཡིན་ཡང་།
༢༠༡༤ལོའི་ཟླ་༨ ཚེས་༡༧ ཉིན་གྱི་མཚན་མོར་ཐོལ་གྱིས་བྲིས།
རེབ་གོང་།
རྡུལ་ཕྲན། ༼རེབ་གོང༽
རེབ་གོང
བསྟོད་བསྟོད་ནས་དགུང་ལ་འཕུར
སྨད་སྨད་ནས་ས་རུ་འཛུལ
གང་ལྟར ཁྱོད་ནི་བརྗོད་བྱ་གསོན་པོ་ཞིག་རེད
རེབ་གོང་།
དཀར་པོ། ༼མགོ་ལོག༽
མཚོན་རིས་དེའི་སྟེང་གི་བོད་ཅེས་པའི་ཐ་སྙད་དེ་ཡིན།
ཁྱོད་རང་ལ་བོད་ཅེས་པའི་ཐ་སྙད་དེ་སྦྱར་ན།
ཁ་དོག་མེད་པའི་འོད་ཟེར་ཅིག་ཆེམ་ཆེམ་གཡོ།
དྲི་མ་མེད་པའི་གཟུགས་རིས་ཤིག་ལྷོད་ཀྱིས་འགུལ།
ཁྱོད་རང་མུ་རུ་གསོན་ན། བོད་ཀྱང་དེ་སྲིད་དུ་འཇུག་མི་སྲིད།
2014/8/18/མགྱོགས་བྲིས།
རེབ་གོང་།
ཤ་སྦྲང་ཨ་སྨྱོན།༼རེབ་གོང༽
ངོ་གདོང
འགྱུར་སླ་བའི་དུས་ཚིགས་བཞིན
ངུ་དགོས་དུས་དགོད་སྲིད་ལ
དགོད་དགོས་དུས་ངུ་བར་བརྩམས
ཡང་ན དེ་རིང་གི་ས་སྲོད་དུ་འགྱིང་བའི་དར་ལྕོག་ཅིག
རེབ་གོང
གང་སར་སུག་རྗེས་ཕབ་པའི་གྲོག་མ་བཞིན
འདར་ཤིག་ཤིག སྐྱོ་ལྷང་ལྷང
རེབ་གོང
མཚན་ངོགས་ཀྱི་འབྲུག་སྒྲས་རྣམ་ཤེས་འགེམས་དུས
མིག་ཆུའི་མཚོ་མོ་ནག་པོ་རི་སྒང་དུ་བསྐྱིལ
རེབ་གོང་།
གངས་རིའི་ཉི་གཞོན།༼རེབ་གོང༽
བོའུ་སྒྲ་འཇགས་རྗེས
མི་སེམས་ན་རྨ་ཁ་ཟབ
ངུ་སྒྲ་མཚམས་ཆད་དུས
རེབ་གོང་ལ་ས་རུབ་ཡོད
ཟླ་འོད་མེད་པའི་མཚན་མོ་དེར
ཁྲག་གི་ལོ་རྒྱུས་ས་ལ་ཟགས
དེ་དང་ལྷན་དུ
ཨ་མས་ཀྱང་མིག་ཆུ་ཤོར
ཉི་རྩེ་ཤར་བླ་བྲང་གི་རྩེ་ལ་འཕྲོས་དུས
རེབ་གོང་ལ་འོད་མདངས་རྒྱས
མི་ལོ་མང་པོའི་གཏམ་རྒྱུད་བཞིན
དགུ་ཆུའང་ལྷུང་ལྷུང་འབབ
ཡང་ན བྱ་ཁྱུང་གངས་རྒན་ཡང་ཁ་བས་བཏུམས་ཡོད
རེབ་གོང་།
སྐ་ཕུག་ཡེ་ཤེས།༼གཅན་ཚ༽
སྐྱེ་ཆེན་དུ་མ་ཞིག་གི་རྣམ་ཐར་གྱི་རུས་རྐང་གནས་དེར་ཟུག་ཡོད་ལ
དཔའ་རྒོད་དུ་མའི་ཟུངས་ཁྲག་གི་མཆོད་པ་དྲོན་མོ་ས་དེར་འཐིམས་ཡོད
འབྱུང་འགྱུར་གྱི་སོ་ཁ་དང་རྩོད་གཞི་དུ་མའི་འཕོ་འགྱུར་ཁྲོད
རེབ་གོང དུས་ད་ལྟ་ཕུ་ནུས་ནང་དམེ་བྱེད་སའི་འཐབ་འཛིང་གི་གཡུལ་ས་ཞིག
རེབ་གོང དུས་ད་ལྟ་རལ་གྲིའི་སོ་ཁ་ནས་བླ་སྲོག་བོར་བཞིན་པའི་ཡུལ་གྲུ་ཞིག
དུས་རབས་འདིའི་སྔ་རོལ་དུ་ཁྱོད་ནི་གངས་ལྗོངས་ཀྱིས་ཁ་གཡང་འབོད་སའི་གཞིའམ
རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་མཐོ་སྒང་གི་ཟེ་བར་བཏགས་ཡོད་ནའང
དུས་ད་ལྟ གསེར་མོ་ལྗོངས
སྤྱི་ཚོགས་ཀྱི་གླེང་བརྗོད་ཁྲོད་ཁྱོད་ནི་སྐྱོོ་ལྷང་ལྷང་གི་བརྗོད་བྱ་རྫོབས་པོ་ཞིག
ཁྱོད་ནི་ཧ་ཅང་ཉམ་ཆུང་བའི་ཕུ་ནུའི་རྩོད་གླེང་གི་གཡུལ་ས་ཞིག
མེས་པོ་དང་གནའ་མྱི་རྒན་པ་དག་གི་ལག་རྗེས་གསོན་པོ།
དུས་རབས་དུ་མའི་རིང་ཁྱོད་ཚོས་རེ་རེ་བཞིན་སེམས་ཀྱིས་མྱངས་ཏེ་གཙུག་རྒྱན་དུ་བཀུར་ཡོད་ནའང་
དུས་ད་ལྟ རང་ས་རང་ཡུལ་ནས་རྫོགས་རྒྱུ་མེད་པའི་ཤ་འཁོན་ཟབ་མོ་ཞིག
གཏམ་རྒྱུད་སྐྱ་བོ་ཞིག
ཁྱོད་ཚོས་རིམ་གྱིས་སྐྱོང་བཞིན་རིགས་གཅིག་གི་ཟུངས་ཁྲག་འཐུང་བཞིན་འདུག
རེབ་གོང་ལགས རིག་པ་འབྱུང་བའི་གྲོང་ཁྱེར་གྱི་མིང་བྱང་དོན་ལྡན་འདི
ཁྱོད་ཚོས་སླར་ཡང་མཐུན་སྒྲིལ་དང་བཅས་འཛམ་གླིང་གི་ལྟེ་བར་ཁྱོགས་ཤིག
མཐུན་སྒྲིལ་དང་བཅས་ལམ་གྱི་ཉི་འོད་དེ་བསུ་རོགས
རེབ་གོང་།
ཅོང་།
རེབ་གོང མྱ་ངན་གྱི་མིག་ཆུ་རྙིད་པོ
མཚན་ལྗོངས་ཀྱི་མཚན་ལྗོངས་དེར
ངས་མི་ཞིག་དྲན་ཡོང
མི་དེའི་རུས་རྐང་དང་རྣམ་དཔྱོད་དྲན་ཡོང
སྒོ་མེད་པའི་ཁང་མིག་ནང་གི་སྙན་ངག་དག་དྲན་ཡོང
ལྕགས་སྒྲོག་དང་སུལ་སྒྲ་འཇགས་ཤུལ་དུ
རྒད་པོ་སྨྱོན་པ་དག་གིས་ཐག་ཁྲ་སྦྲུལ་དུ་འཁྲུལ་སྲིད
རེབ་གོང་།
ཟླ་གཞོན། ༼ རྨ་ལྷོ ༽
ཕ་དམ་པའི་མཛད་པ་གསེར་ལ་བྲིས།
བོད་ཁ་བའི་སྙན་གྲགས་འདི་ནས་རྒྱས།
—– སྔོན་འགྲོའི་ཚབ་ཏུ།
ཀ
རེབ་གོང་ན་ཅི་ཡང་མེད
འཕགས་པ་སྤྱན་རས་གཟིགས་མི་ཡི་ཚུལ་དུ་དངོས་སུ་བྱོན་ཡོད་པ་ལས
རེབ་གོང་ན་ཅི་ཡང་མེད
ཁ
རེབ་གོང་ན་ཅི་ཡང་མེད
སྔོན་བྱོན་མེས་པོ་དག་གི་གླེགས་བམ་བྲག་ལྟར་བརྩིགས་ཡོད་པས་ལས
རེབ་གོང་ན་ཅི་ཡང་མེད
ག
རེབ་གོང་ན་ཅི་ཡང་མེད
གནམ་གྱི་ས་བཀབ་པ་ལྟ་བའི་སྐྱེས་ཆེན་གང་མང་འཁྲུངས་པ་ལས
རེབ་གོང་ན་ཅི་ཡང་མེད
ང
རེབ་གོང་ན་ཅི་ཡང་མེད
ཕ་སྐད་གཙང་མའི་ཆུ་རྒྱུན་གངས་འདབས་ནས་རྒྱ་མཚོའི་བར་བཞུར་ཡོད་པ་ལས
རེབ་གོང་ན་ཅི་ཡང་མེད
2014/8/27ཉིན་ཧོར་གྲོང་རྡལ་ནས།
རེབ་གོང་།
ཉི་ཐིག ༼རྩེ་ཁོག༽
སྐྱ་མདའ་བཀྱགས་དུས
མིག་གཉིས་ཆེས་ཆེར་བགྲད་ནས
ཁ་སང་གི
ཉི་ཟེར་འོག་གི་རིག་འབྱུང་གྲོང་ལ
དད་པས་བལྟས་ཡོད
སྨོན་པས་ཉན་ཡོད
ཉི་ཟེར་ནུབ་རིར་བཞུད་དུས
མིག་གཉིས་རང་སར་བཙུམས་ནས
དེ་རིང་གི
རྩྭ་རྐང་གཅིག་གི་ལས་དབང་དང་འབྲེལ་བའི
རེབ་གོང་དང་འགྲོགས་ཡོད
རྩྭ་རྐང་དེ་གསོན་དུས
རེབ་གོང་གཉིད་ལས་སད
རྩྭ་རྐང་དེའི་རླུང་རྟ་ཇི་ལྟར་དར་ན
རེབ་གོང་གི་དཔའ་ཡང་དེ་ལྟར་རྒྱས་ངེས
རེབ་གོང་།
ཚེ་དཔལ་རྒྱལ།༼རེབ་གོང༽
རེབ་གོང་།
ཆོས་ཀྱི་བདུད་རྩིའི་བཟི་ཁ་ན་རྒོད་པའི།
སྐྱེས་ཆེན་གང་མང་ཞིག་གི་ཞབས་པད་བཞད་སའི་དག་ཞིང་།
"རིག་པ་འབྱུང་བའི་གྲོང་ཁྱེར་"ཞེས།
སྙན་གྲགས་ཀྱི་མེ་ལྕེ་དགུང་ན་མཆེད་དུས།
ངའི་བྱ་ཁྱུང་གི་དབུ་འཕང་ཇི་འདྲའི་མཐོ་འང།
སྟོད་ཀྱི་བྱ་ཁྱུང་རྫ་རི།
ཕ་མེས་ཀྱི་དཔའ་གདེངས་མཚོན་པའི་བརྗེད་བྱང་ཡིན་ཡང་།
རྒྱ་ཆེ་བའི་དད་ལྡན་ཀློའུ་ཚོགས་ཀྱིས།
ཚིལ་དྲེགས་ལ་སྦངས་བའི་ཐོད་པ་ལས་ཁུར་མ་བསླེབས་པས།
ངའི་རོང་བོ་དགོན་ཆེན་ལ་ནག་ཐིག་ཕབས་པ་སྐྱོ།
རོང་བོ་དགོན་ཆེན།
འགྲུལ་བཞུད་ཀྱི་འཚང་ཁའི་ཁྲོད་ན།
འཛམ་གླིང་གི་ཟིན་ཐོ་བརྟོལ་བའི་ཁྲི་ཀའི་མན་རྒན་ཇི་བཞིན།
སྤ་སེ་ལ་བརྗེས་པའི་ཤོག་སྒོར་འགའི་གསེབ་ནས།
རྒྱ་ནག་པོ་ཞིག་གི་གློ་ཁུག་ཏུ་འགྱུར་གྲབས་བྱེད།
ཁ་སང་དེ་རིང་།
རེབ་གོང་ལ་འབྲོག་ཁྱི་ལས་ཀྱང་བཙན་པའི་སྒོ་ཁྱི་ཞིག་ཡོད་ལ།
སྒོ་ཁྱི་གང་དེས་ཟུག་རྔུ་འབྱིན་དུས།
ཤར་སྐལ་ལྡན་རྒྱ་མཚོ་ཡིན་ཡང་།
ཁྲི་ཐོག་ནས་བབས་ཏེ་སྒོ་ཁྱི་ལ་ཉན་དགོས།
"རིག་པ་འབྱུང་བའི་གྲོང་ཁྱེར།"
སང་ཉིན་གྱི་དགུན་འཁྱགས་ལ་བྱིད་འགྲོ་བའི་ཞོག་ཁོག་ཅིག
དེ་རིང་།
རེབ་གོང་ནི་རྨི་ལམ་དུའང་འབབ་པའི་སེམས་ཚགས་ཅིག
རེབ་གོང་།
མཛུབ་མོ། ༼རྩེ་ཁོག༽
རེབ་གོང་ལ་མཚན་མོ་མང
མཚན་མོར་མུན་པ་མང
མུན་པའི་ཁྲོད་ཀྱི་གྲང་ཤུར་ཤུར་གྱི་ངུ་སྒྲས
ང་རང་ཡོངས་སུ་སྦྲིད་པར་བྱས
མཚན་མོ་མང་བའི་རེབ་གོང་ལ་རྣ་བས་བཀླགས་ན
ངས་ང་ནི་མེ་ལྕེ་ཞིག་ཡིན་ན་འདོད་ཅིང
འོད་སྣང་མཐའ་དག
ཅིས་ཀྱང་མེ་རུ་བསྒྲོན་ཐུབ་ན་བསམས
རེབ་གོང་།
སྤྲེལ་ཚ། ༼རེབ་གོང།
གཡའ་སྤངས་བྲག་རིའི་སུལ་ན་གྲུབ་པའི་གནས་མཆོག་བརྒྱད་པོ་བླ་ན་མཐོ།།
རྣང་མའི་ཞིང་གི་མཐའ་དབུས་ཀུན་ཏུ་འབྲུ་དྲུག་སྙེ་མའི་མགོ་ལྕོག་ལྡེམ།།
སྟོད་སྨད་ཀུན་ཏུ་ཁྲི་སྡེ་མཆོད་འབངས་སྟོན་མཚན་མཁའ་ལ་རྒྱུ་སྐར་སྤུན།།
གྱ་གྱུ་འགྲོས་ཀྱིས་དགུ་འདུས་ཆུ་བོ་བྱང་ཆེན་རྒྱ་མཚོའི་གསོས་སུ་སྨིན།།
དེ་ཡི་པང་ན་གདན་ས་གསུམ་གཙོས་སྒྲུབ་པའི་ཆོས་སྡེ་བཅོ་བརྒྱད་དང་།།
དགོན་ལག་སོ་ལྔ་ཆེ་འབྲིང་སློབ་གླིང་རྨོངས་མུན་གཞོམ་པའི་དཔལ་དུ་ཆེ།།
ཕྱོགས་དང་མཚམས་སུ་སྣ་ཚོགས་གྲུབ་མཐའི་གཞི་ལམ་མཐོར་གཤེགས་ས་ཆེན་རྡུལ།།
མདོར་ན་དགེ་བཅུའི་ལང་ཚོ་རབ་རྫོགས་རེ་སྐོང་སྣོད་ཀྱི་བཀོད་པར་བསྔགས།།
གང་གི་ལྟོ་བར་སྙིང་རྗེའི་རང་གཟུགས་ཡབ་རྗེ་རས་པས་ངེས་དོན་ཆོས་ཀྱི་ཟབ་གླུ་གྱེར།།
ནང་ཐུགས་སྲས་གཅིག་བྱང་ཆུབ་མི་ལས་སྟོན་མཆོག་རིམ་གྲོའི་སྙན་པའི་བ་དན་ས་ལ་བསྙལ།
སྐྱེ་དགུའི་མིག་གཅིག་ཞབས་དཀར་བླ་མས་ཏི་སི་གངས་ལ་གཡོ་མེད་རྡོ་ཡི་རྒྱལ་མཚན་བསྒྲེངས།།
ཟླ་མེད་ལོ་ཙཱ་དགེ་ཆོས་མཆོག་གིས་གཏམ་རྒྱུད་གསེར་ཐང་འཛམ་གླིང་ཁྱོན་ལ་སྤོབས་པས་བརྡལ།།
འཇམ་དཔལ་སྒྱུ་འཕྲུལ་སྒེའུ་སྟེང་ཚང་གིས་ཤར་ལྷོའི་ཉིང་བཅུད་གཅིག་ཏུ་བསྲེས་ཏེ་ཕས་རྒོལ་སྟོང་གི་ཀླད་རྒྱ་གཏོར།།
དེའི་སྲས་དབྱངས་ཅན་དགེ་བའི་རྡོ་རྗེའི་བརྗེད་བྱང་ཆེན་མོས་བཀའ་གདམས་གསར་སྙིང་སྔར་མེད་ལམ་གྱི་དམིགས་བུ་མཛད།།
སྨྲ་བའི་སེང་ཆེན་བློ་གྲོས་རྒྱ་མཚོའི་གསང་འཛིན་འཁོར་ལོས་མཁས་རློམ་ལྕེ་ལ་མདུད་རྒྱ་བཏབ།།
མར་ནང་སྟོན་འཁོར་གཙོས་གྱུར་རིག་འབྱུང་ཞིང་ཞེས་རྣ་ཆ་ཕྱོགས་ཀྱི་བུ་མོའི་རྒྱན་དུ་འཆང་།།
ཆེར་སྙིགས་དུས་ཀྱི་རང་མཚང་དྲག་པོ་ཕྱི་རུ་མངོན་པའི་དུས་ད་ལྟ།།
ཕ་བསད་རྒྱལ་རྔ་རྡུང་ལ་བྲེལ་འགས་སྡེ་འཁྲུགས་གཡུལ་འགྱེད་ཙམ་གྱི་ཕྱིར།།
ཀུན་གྱི་སེམས་སུ་དག་ཞིང་ཉག་གཅིག་རེ་སྐོང་རིག་འབྱུང་སྣོད་བཅུད་ལ།།
དམོད་པའི་ཆུ་ཞགས་འཕེན་ལ་མ་རངས་རྣམ་འགྱུར་ཙམ་ལས་ཅང་མ་མཆིས།།
༨/༡༧
རེབ་གོང་།
སྙིང་ལྕགས།༼རེབ་གོང༽
ཁ་སང་། ཁྱེད་རང་ལོ་རྒྱུས་ཀྱི་སྒལ་ཚིགས་ཡངས་པོར་ཐོལ་གྱིས་འགྲེངས་ཏེ
བསིལ་ལྡན་གྱི་ཡུལ་ཁམས་འདིར་ཧར་གྱིས་གཟིགས་དུས
ཁྱེད་ནི་དུས་རབས་ཀྱི་དཀྱོག་མཚམས་དེ་རུ
སྐྱེས་ཆེན་དག་གི་རྐང་རྗེས་ཕབ་སའི་ཕ་ས་དྲོན་མོ་དེ་ཡིན
དེ་རིང་ ཁྱེད་ཀྱིས་སྔར་བཞིན་གོ་མཚོན་མཁྲེགས་པོ་ཞིག་ལུས་ལ་སྤྲས་ནས
མི་རིགས་ཀྱི་སྔུན་དུ་འཚང་བཞིན་ཡོད
ཡིན་ཡང་ ད་ནི་ཁ་སང་གི་གཟི་འོད་ལ་ཁ་དོག་སྣོན་པ་མ་ཡིན་པར
ཁྲག་དྲི་ཡིས་གནམ་སའི་ངོ་གདོང་སྒྲིབ་བཞིན་ཡོད
ཕུ་ནུ་མིང་སྲིང་གི་ཁྲག་རྒྱུན་དེ་
ཁྱེད་ཀྱིས་ངོམ་པ་མེད་པར་བཏུང་བཞིན་ཡོད
འབྱུང་འགྱུར་ ཁྱེད་ཀྱིས་ལོ་རྒྱུས་ཀྱི་གར་སྟེགས་སྟེང་དུ་
ཟློས་གར་ཅི་འདྲ་ཞིག་བསྒྱུར་བ་ང་ལ་མ་འཚལ་མོད
གང་ལྟར་ དེ་རིང་བཞུར་བའི་ཁྲག་རྒྱུན་གྱིས་ཁྱེད་ཀྱི་ངོ་གདོང་གཙང་མ་བཀྲུས་ཡོད་པ་བདེན་ན
མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གི་རེ་སྨོན་ཁྲི་ཕྲག་
ང་དང་ང་འདྲ་བའི་
ཁྱེད་ཀྱི་བྲང་ཁོག་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་དག་གིས་སེམས་བསམ་པའི་གཏིང་རིམ་ན་སྨོན་ལམ་འདེབས་བཞིན་ཡོད
རེབ་གོང་ཨ དེ་རིང་ཁྱེད་ཀྱིས་འགྱིང་ཚུལ་འདི་འདྲ་ཞིག་བསྟན་ནས་གར་སྟེགས་སུ་འཛེགས་ཡོང་བར་
ངའི་ཀླད་པའི་རྒྱ་ལའང་མ་ཤར
སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཞོགས་པ།
རེབ་གོང་།
བོང་སྟག་ལྷག་བསམ་རྒྱ་མཚོ།
ང་རེབ་གོང་ལ་ཐོན་དུས་སུ
རེབ་གོང་གཉིད་འདུག
གནའ་བོའི་གྲོང་ཚོ་བཞིན་གཉིད་འདུག
དེ་བས་ང་ཁུ་སུམ་མེར་རེབ་གོང་གི་པང་དུ་ངུས་པ་ཡིན
ང་རེབ་གོང་ལ་ཐོན་དུས་ནི
གྲང་ངར་ཆེ་བའི་དགུན་ཁ་ཞིག་རེད
འཚུབ་མ་འཁོར་བའི་ས་སྲོད་ཅིག་རེད
རེབ་གོང་གི་ནམ་ཟླ་ནམ་ཡང་འདི་ལྟར་ཡིན་ངེས
དེ་བས་ངས་ཡང་མིག་ཆུ་རྡོག་གཅིག་མིད་དགོས་བྱུང
རེབ་གོང་ན་རྩྭ་ཐང་མི་འདུག
འོན་ཀྱང་རེབ་གོང་ན་རྩྭ་ཐང་གི་དཔའ་རྒོད་ཡོད
དེ་བས་ངས་རེབ་གོང་ལ་སྙན་ངག་ཅིག་འབྲི་དགོས་ཡོད
རེབ་གོང་ནི་མེ་ཏོག་ཤོར་བའི་བུ་མོ་ཞིག་གི
བྲང་གཞུང་དང་གསང་གནས་རེད
བུ་མོ་དེ་ངའི་མཛའ་མོ་མིན་པར་སྨོན
༢༠༡༤/༨/༡༦ དགོང་མོར།
རེབ་གོང་།
ཏྲེ་མེ་ལྕེ།༼ཁམས་རྟའུ༽
འདབ་དྲུག་ཁ་བའི་མེ་ཏོག་འཕུར་བའི་ཞིང་།།
ཤེལ་དཀར་གངས་ཀྱི་ས་འཛིན་མཁྲེགས་པའི་སྤོར།།
གཡུ་ཞུན་ཨ་སྔོན་ནམས་མཁའ་དྭངས་བའི་ས།།
རེབ་གོངགསེར་མོ་ལྗོངས་འདི་ཡུལ་དེའི་བརྒྱན།།
མཐོན་པོ་རི་རྒྱལ་ནམ་མཁའི་མཐོངས་སུ་འགྱིང།།
ཡངས་བའི་སྤང་ལྗོངས་མེ་ཏོག་སྣ་བརྒྱས་བརྒྱན།།
འབབ་ཆུ་བསིལ་མའི་ལྦུ་ཕྲེང་རྒོད་པ་ཡི།།
གསེར་མོ་ལྗོངས་འདི་དྲན་པའི་ཟེགས་མ་འཕྱོ།།
འབྲུ་དྲུག་ལོ་འདབས་སྙེ་མའི་ཕུང་བོ་གཡོ།།
རོ་མངར་འབྲས་ཀྱི་ལྗོན་ཤིང་ཚང་ཚིང་འཁྲིགས།།
སྣ་བརྒྱའི་ཤིང་ཏོག་འཕེལ་བ་རབ་དུད་པའི།།
རེབ་གོང་ལྗོངས་འདི་མཐོང་དུས་སྤྲོ་སྣང་འཕྱུར།།
རེབ་གོང་།
འཕགས་ཆེན། ༼ཡུལ་ཤུལ༽
རེབ་གོང་ན་ཅི་ཞིག་ཡོད སུ་ཞིག་ཡོད
གནའ་དེང་གི་ཤོག་ལྷེ་མང་པོ་སློགས་དང
རྒོད་པོ་བཞིན་འཕུར་མྱོང་བའི་མི་ཞིག་གི་མཚན་བྱང་ཡོད་སྐད
ཇ་ཁ་ཆང་ཁ་འགྲིམ་པའི་སྙན་ངག་པ་མང་སྐད
ད་དུང ད་དུང…….……
འདི་དག་ཚང་མ་རེ་རེ་བཞིན་སྨོས་དགོས་ཚེ
ང་ལ་ཆ་རྒྱུས་ཅི་ཡང་མེད
ཆ་རྒྱུས་གཏན་ནས་མེད་མི་ཆོག
རེབ་གོང་ན་སྙན་ངག་གི་གསོལ་སྟོན་ཡོད
ཉིན་རེ་བཞིན ཟླ་རེ་བཞིན ལོ་རེ་བཞིན
འུ་ཚོས་ཚང་མས་གཙང་བཞེས་གནང་དང
ནམ་ཞིག་འུ་ཚོས་ཀྱང་སྐྱིན་ཚབ་འཇལ་ཆོག
2014.8.18ཉིན་ཟུང་མང་ནས་གྲུབ།
རེབ་གོང་།
སྤྲེལ་སེམས་དཔའ།༼དཀར་མཛེས༽
རེབ་གོང་།
ཆར་སིམ་སིམ་གྱིས།
སྨུག་ལང་ལོང་གིས།
ངའི་སེམས་ཀྱི་ཟབས་ས་རུ།
ཡང་ཡང་འཆིང་བའི་རི་སྡེ་ཞིག་རེད།
2013/8/17ཉིན་བྲིས།
རེབ་གོང་།
གྲུ་བ།
ང་ཐོན་ཀྱང
ཡོང་དགོས་པ་སླེབས་མི་འདུག
ཐོན་མི་དགོས་པ་འགའ་ཡང་ཐོན་འདུག
སྔོན་ནས་ལམ་ལ་ཆས་པ་ཚོ་ནི་སོང་ཚར་ཞིང
ས་ཆེན་པོ་འདི་ནས་རྐང་རྗེས་རེ་བཞགས་ནས་བུད་སོང
ཚོར་སྣང་གི་སྲུབ་ཀ་གང་ཡང་མ་བྱུང
ཁོད་སྙོམས་བྱས་པ་ནས
རེ་ཞིག་ལ་འདུག་སྟེགས་རྙེད་མ་བྱུང
ད་ཟོད་མདུན་ངོས་ལ་ཅེར་ནས་བསྡད
སྨྲ་བརྗོད་གང་ཡང་བྱས
ངས་ཤོག་ལེབ་དཀར་བོའི་སྟེང་དུ
བྲི་ཐུར་དྲུད་ནས་བྱ་མ་བྱས་རྗེས་རེ་ཕབ་ཞགས
རེབ་གོང་།
རྐང་ཐང་བ།
འུར་རླུང་ནི་ལམ་འགྲམ་དུ་བཞག་པའི
སྙིགས་སྒམ་ཆེན་པོ་ཞིག་རེད
རེབ་གོང
སྙིགས་སྒམ་ཆེན་པོ་དེའི་ནང་གི་སྙིགས་རོ་རེད
སྣོམས་དང འུར་རླུང་གིས་སྲིད་གསུམ་དུ་མཆེད་པར་བྱས
འདི་དག་ནི་སྐྱུར་དྲི་དང་སྐྱག་དྲིའི་དེ་ཉིད་དོ
༢༠༡༤/༨/༡༧ རྨ་ལྷོ་ཁུལ་ནས་བྲིས།
རེབ་གོང་།
རྐང་ཐང་བ།
ལུག་ཐུག་གཉིས་ཀྱིས་གདོང་ཐུག་བརྒྱབས
གདོང་ཐུག་བརྒྱབས་པ ལུག་ཐུག་གི་སྲོལ་རྒྱུན་ཡིན
སྲོལ་རྒྱུན་གྱི་འཁོར་བསྐྱོད་ལས
ལུག་ཐུག་གི་སྐྱེ་རྒ་ན་འཆིའི་འཇོ་སྒེག་གསལ
དེ་ནི་ངའང་བརྒྱུད་དགོས་པའི་རང་བྱུང་གི་ལམ་བུ་ཞིག་གོ
ལུག་ཐུག་གཉིས་ཀྱིས་གདོང་ཐུག་བརྒྱབས
གདོང་ཐུག་རྒྱག་དུས ཁྲག་དམར་གྱི་ཚ་དྲོད་ས་རུ་བཞུར
མདོག་དམར་པོའི་རྩི་ཤིང་གི་སྐམ་རྙིད་ལས
ངས་རང་བྱུང་ཁམས་ཆེན་མོའི་མཆུ་སྒྲོས་དྲན
མཆུ་སྒྲོས་དེར ངས་མཆུ་སྒྲོས་སྦྱོར་དགོས
ཁྱེད་ཚོས་ཀྱང་མཆུ་སྒྲོས་དེར་མཆུ་སྒྲོས་སྦྱོར་རོགས
ཇ་ལོ
ཁྲག་ཏུ་སྦངས་རྗེས
རང་ཉིད་ནམ་ཡང་ཕོར་བའི་ནང་རིམ་དུ་ཡོད
ཡང་མིན་ན སྙིགས་སྣོད་དུ་ཡོད
སྣོད་དེ་དག་གི་ནང་དུ་ངའི་གདུང་བའང་ཡོད་པས
འུ་ཚོས་ཁ་ཕྱིར་འཁོར་ཏེ་ནམ་མཁར་བལྟ་ཡ
༢༠༡༤/༨/༡༧ རྨ་ལྷོ་ཁུལ་ནས་བྲིས།
རེབ་གོང་།
རྩེ་སྐྱེས་རིག་པའི་རྣོ་གྲི། རྨ་ལྷོ།
1
གནའ་སྔ་མོ་ཞིག་ལ།
ངས་རེབ་གོང་ཞེས་པའི་མིང་ཞིག་གོ་མྱོང་།གསེར་མོ་ལྗོངས། ཡང་ན། རིག་འབྱུང་གྲོང་།
དེ་དུས་ངའི་རྣམ་ཤེས་མ་གཏོགས་ང་མེད།
2
མི་གཞན་གྱིས་བཤད་ན།
ང་ནི་རེབ་གོང་གི་མྱི་གཅིག་པུ་རེད་ཟེར།
སྐད་ཆ་དེ། ཏག་ཏག་རྫུན་གཏམ་ལོས་བསམ།
རྒྱུ་མཚན། དེ་རིང་རེབ་གོང་ཟེར་བ་དེ།
ལྷ་བཟོ་བ་འགའི་སྨྱུག་རྩེ་ན་གཉིད་ནས་ཡོད།
3
ངས་ཀྱང་རེབ་གོང་གི་སྲང་ལམ་ཉུལ་ཞོར།
གསེར་མོ་ལྗོངས། རིག་འབྱུང་གྲོང་ཞེས།
རང་ཁྱིམ་དུ་ལོག་པ་ཡིན།
4
ཡ་ང་བ་ཞིག་ལ།
སྐབས་དེར།
རེབ་གོང་ཡ།
ཁྱོད་དང་ཁྱོད་ཀྱི།
ངོ་གདོང་མཚོན་པའི་དཔེ་དེབ་འགས།
ང་འབོད་བཞིན་འདུག འབོད་བཞིན་འདུག
2014 。7。 24ཉིན་ཤར་མར།
རེབ་གོང་།
འབྲོག་བྱེ། ༼རྨ་ཆུ༽
སྔོ་ཡུག་ཡུག་གི་ནམ་མཁའ་ལ
གློ་བུར་སྤྲིན་གྱིས་ཨ་ལུང་བསྐོན
ཨ་ལུང་དེ་མིག་ཆུ་རྡོག་གཅིག་གིས་གྱུར
རེབ་གོང་ན
མི་ཆེན་ཞིག་གི་རྐང་རྗེས་ལྷག་ཡོད
ངུས་མྱོང་བའི་མཚན་མོ་ཞིག་ཀྱང་ལྷག་ཡོད
འགག་དོགས་པའི་ལུང་པ་ནས
འོད་ཀྱིས་ཁེངས་པའི་གསེར་གྱི་ལག་གདུབ་ཞིག་ཆུ་ལ་བསྐུར
དེ་རིང་རེབ་གོང་ན་ཁ་བ་འབབ་ཀྱིན་ཡོད
ཤུལ་དུ་ལུས་པའི་མི་ཚོགས
འཚང་ཁ་ཤིག་ཤིག་གིས
སྨད་འཚོང་མ་ཞིག་གི་སྙ་མ་ལ་ཧད་ནས་ལུས་ཡོད
༢༠༡༤/༨/༡༧
རེབ་གོང་།
འོད་ཐིག
བཀླགས་མྱངས་བའི་རེབ་གོང
བྱིས་པ་བསམ་མེད་ཅིག་གིས་ནུ་འབུར་ཕུར་བ་བཞིན
པྲ་ཚག་གི་བྱ་སྤྱོད་དེ
ངས་ཐོག་མར་ཁྱོད་ལ་བཅང་བའི་བརྩེ་བ་ཡིན
རྙིང་ཐེད་དུ་གྱུར་བའི་ཁྱོད་ཀྱི་ལོ་རྒྱུས་ནི
ཨ་མྱེ་བགྲེས་པོ་ཞིག་དང་འདྲ་བར
ལང་ཚོ་ཡི་མེ་ཏོག་བཞད་པའི་སྨན་ཆུང་མར
དེ་འདྲའི་ཡིད་སེམས་ཚིམ་པ་ཞིག་སྟེར་མ་ནུས
རུལ་སུངས་སུ་རེད་པའི་ཁྱོད་ཀྱི་ཞལ་རས་ནི
ཨ་ཕྱི་རྒས་འཁོགས་ཤིག་དང་ཉེ་བར
འདོད་སྲེད་ཀྱིས་བཀབ་པའི་བུ་ཆུང་ལ
འདོད་བློ་ཚིམ་པ་ཞིག་སྟེར་མི་ཐུབ་ཀི
བཀླགས་མྱངས་བའི་རེབ་གོང
ན་གཞོན་གླེན་པ་ཞིག་གིས་བུད་མེད་ལ་འཐམ་པ་བཞིན
དགོད་བྲོ་བའི་ལས་སྟངས་དེ
ངས་དང་ཐོག་ཁྱོད་ལ་བྱིན་པའི་ལེགས་སྐྱེས་ཡིན
ཨ་གསར་ལ་གོམས་པའི་མི་བུ་ཞིག
རྨི་ལམ་དུ་མཇལ་བའི་བུ་མོ་ལ
ཅི་ཞིག་གི་བུ་ལོན་མ་སྟེར་བ་བཞིན
དོ་ནུབ་ངའི་རུམ་ཁར་གློ་བུར་དུ་ཡོང་ཐལ
༢༠༡༤/༨/༡༧ཉིན་བྲིས།
རེབ་གོང་།
ལམ་གྱི་ཉི་འོད།༼མཚོ་ལྷོ༽
ཁ་སང་།
རེབ་གོང་ནི་གནའ་བོའི་གཏམ་རྒྱུད་ཀྱི་རྒྱུན་ཐག་ཅིག
དེ་རིང་།
རེབ་གོང་ནི་ཇག་རྐུན་མང་པོ་ཚོགས་ས་ཞིག
སང་ཉིན།
རེབ་གོང་གི་མཁའ་དབྱིངས་ལ་ནག་ནོག་གི་དྲི་མས་གས་ནས་ཁྱི་སྤྱང་གིས་ཁེངས་སྲིད།
རེབ་གོང་།
ཕྱེ་ཁྲི་བ༜གཡང་སྐྱབས་ཚེ་རིང་།
ས་འདིའི་མཁའ་ན་ཉི་ཟླ་རྒྱུ་སྐར་འཚེར།།
གནམ་འདིའི་འོག་ན་ས་ལ་དགེ་བཅུ་རྒྱས།།
གཉིས་འཛོམས་ཟུང་འཇུག་ལམ་གྱི་དཀྱིལ་འཁོར་ན།།
གནས་ཚོད་དེ་ཉིད་རིག་པའི་གྲོང་ཁྱེར་རྒྱས།།
རིག་པ་ཐོས་བསམ་ལྷ་ཚོགས་བསྐྱེད་པ་ལས།།
སྒོམ་སྒྲུབ་ཉམས་ལེན་པའི་ཤེས་རབ་རྫོགས།།
རིག་པའི་གསང་སྟོབས་རྒྱས་པའི་མཁས་དབང་ལས།།
རིག་པའི་གྲོང་ཁྱེར་མཚན་ཉིད་དགུང་དུ་འཕུར།།
སེམས་ཀྱི་ཟབ་སར་ཉལ་བའི་ཡུལ་གྲུ་འདི།།
མིང་གི་ལྷག་མའི་རོ་བཞིན་རྣམ་ཤེས་མེད་།།
རིག་པའི་གྲོང་ཁྱེར་མཚན་བྱང་དཀར་པོ་ལ།།
བླུན་པོའི་གྲོང་ཁྱེར་མཚན་བྱང་དམར་པོར་གྱུར།།
མི་མངོན་དབྱིངས་ཀྱི་མཆོག་གསུམ་སྤྱན་ཟུང་ལ།།
མི་འཇིགས་སྐྱོབ་པའི་དཔུང་བ་ལེགས་ལྡན་ན།།
མི་སེམས་བོར་བའི་སུག་བཞིའི་རྣམ་ཤེས་དག།
མི་འགྱུར་དྲང་སྲོང་ལམ་ལ་བྱིན་གྱིས་རློབས།།
རེབ་གོང་།
བུ་ལྡོམ་པོ། ༼ཞོན་ཧྭ༽
འབྲོང་སྟག་ཐང་དེ་མིག་གིས་བསུས་ཤིང་།
སྨད་པ་སྡེ་བདུན་འཕྲེད་ཀྱི་གཅོད་དུས།
རེ་སྐོང་ནི་ལག་མཐིལ་ཙམ་རེད།
ཚོགས་དྲུག་རང་གྲོལ་ཡིད་ཀྱིས་མྱངས་ཤིང་དགེ་འདུན་ཆོས་འཕེལ་སེམས་ཀྱིས་ཀློག་དུས།
རེ་སྐོང་ནི་ས་གཞི་ལེབ་མོའི་མཛེས་སྡུག་ཏུ་འགྱིང་ཡོད།
དཔའ་བོ་དཔའ་མོ་ལམ་དུ་ཆས་ཤིང་དཔའ་སྐད་ལྷང་ལྷང་ས་ཆེན་འདར་དུས།
རེ་སྐོང་ནི་ས་ཡ་དྲུག་གི་མིག་འབྲས་དེ་ཡིན་སོང་།
རེབ་གོང་།
དུར་སྲི།
འཁྱམས་པོ་ཞིག
ས་མཐའ་ནས་ས་མཐའ་དང
སྡེ་མཐའ་ནས་སྡེ་མཐའ་ཉུལ་བ
རེབ་གོང་གི་ནམ་མཁའ་རྙིང་ཞིང་འཁྲེགས་པས་ཡིན་ལ
དགེ་བཤེས་ཚོའི་ཕོ་བ་ཆེ་ཞིང་རྒྱགས་པས་ཡིན
ལྕགས་སྒྲོག་གིས་བཅིངས་བའི་རྟ་ཕོ་དེ
ཕྱིར་ཕ་ཡུལ་ལ་ལོག་དུས
ཕ་ཡུལ་ནི་སྣག་ཁྲག་གིས་ཟིན་པའི་རྨ་ཁ་རྙིང་བ་ཞིག
2014.8.16
རེབ་གོང་།
རི་ཉལ།༼འབའ་རྫོང༽
རེབ་གོང་གསེར་སྐུད་ཀྱི་རྒྱུན་ཐག་དཀོན་མོ་ཞིག་ཡིན
རེབ་གོང་ཤག་སྡོད་ཀྱི་བཀླེགས་བེམས་མང་ས་ཞིག་ཡིན
རེབ་གོང་བུམ་པ་དེའི་བུམ་ཆུ་རེག་ས་ཞིག་ཀྱང་ཡིན
རེབ་གོང་ལས་ཕུག་བསམ་བཙལ་ན་ཡུ་རིང
རེབ་གོང་གི་ཆ་ཤས་གླེང་ན་བསམ་ནག
རེབ་གོང་གི་རྟོགས་བརྗོད་བྲིས་ན་བློ་མེད
ངས་རེབ་གོང་གི་ཚད་འཇལ་ན
རེབ་གོང་འདས་མ་ད་གསུམ་ལ་བགོས་ན་ཆ་སྙོམས་པོ་ཡིན་འདུག
༢༠༡༤ .༨.༡༧ཉིན།
རེབ་གོང་།
ཇ་ལོ་དམར་པོ།
ས་སྲོད་དེར་ཁྱོད་ཀྱི་ངུ་སྐད་རླུང་གིས་དཀྲུགས
དེ་ནི ཁྱོད་ལ་འདས་པོ་ཞོགས་ཟེར་འདྲ་ཞིག་ཡོད་པས་རེད
ད་ནི ཚེག་དང་ཤད་མང་བའི་ཚིག་དུམ་ཞིག་དགུང་ལ་གཏད་ནས
ཕྲད་དང་དབྱིངས་ཆད་པའི་ཆང་གི་སྙན་ངག་ཅིག་བྲིས
དེའང རྒུད་པའི་ཀློང་གི་ཕྱིར་བལྟས་ཀྱི་ཕྲ་རགས་ལྗང་ཁུ་ཞིག
རེབ་གོང གནའ་བོའི་མེ་ལོང་ཆག་ཚུལ་ཞིག
མེ་ལོང་དེ་ཧྲིག་ཧྲིག་ཏུ་བཏང་ཤུལ་དུ
བྱིས་པ་ཞིག་དགྱེལ་ལངས་རྒྱག་པ་དང་འདྲ་བའི
བསམ་བློ་དང་ངུ་དགོད་ཀྱི་མཚམས་སུ་ལྷག
༢༠༡༨ལོའི་ཟླ་༨པའི་ཚེས་༡༧་ཉིན།
རེབ་གོང་།
སྙན་བཟང་བ་ཀླུ་འབུམ་བཀྲ་ཤིས།༼རེབ་གོང༽
རེབ་གོང་གི་སྙན་གྲགས་ཧ་ཅང་ཆེ
འདི་ནི་ཀི་བཏབ་པ་ཞིག་ག་ལ་ཡིན
རེབ་གོང་ནི་རྒྱལ་ས་ལྷ་ས་མིན་རུང
མེ་མདའི་རྩེ་གྲི་མང་པོའི་ཁ་འདི་ལ་གཏད་ཡོད
རེབ་གོང་འདི་ཁ་སང་དེ་རིང་གི་ལག་འབོམ་ཡིན
སྐད་ཅིག་དེ་ཉིད་ལ་འགད་ཀྱང་སྲིད
རེབ་གོང་།
སྨག་མདའ།
རེབ་གོང་ནི་ས་རྩོད་ཆུ་རྩོད་ཁྲོད་ཀྱི་ཁ་ངོ་ཐེད་པོ་དེའོ
རེབ་གོང་ནི་ལྷ་བཟོ་རྒན་པ་ཞིག་གི་ལག་ཆ་ཟད་པོ་དེས་བྲིས་པའི་ཐང་ག་ཐེད་པོ་དེའོ
ད་ནི་ངའི་རྣོ་ཁབ་ལྟ་བུའི་སྙན་ངག་གིས་ཀྱང་བཙེམ་ཐབས་བྲལ
རེབ་གོང་།
ཚུལ་དཔལ། ༼རྫ་ཆུ་ཁ༽
རེབ་གོང
སྲོལ་རྒྱུན་རིང་མོའི་དར་སྐུད་ལ་སྦྲེལ་ནས
སྒྱུ་རྩལ་གྱིས་བཞེངས་པའི་འཇིག་རྟེན་སྣུམ་པོ
གོ་མྱོང་བའི་གསེར་མོ་ལྗོངས
ངས་ཁྱེད་རང་ལྷ་ཚོགས་ཀྱི་དག་ཞིང་དུ་སྒོམ་གྱིན་ཡོད
རེད་ཡ
རེབ་གོང་གླེང་དུས་རེབ་གོང་གི་བུ་ཕོ་ཞིག་ལྷང་ངེར་དྲན་ཡོང
ཁྱེད་ཀྱི་རྣམ་དཔྱོད་དང་རྩོམ་རྩལ་ལ་ཡིད་སྨོན་འཆོར་སོང
རེབ་གོང་།
དགེ་འདུན་ལྷུན་གྲུབ
རེབ་གོང་།
ས་ཉལ་ཨེ་ལོག
བལྟས་ཚོད་ཀྱིས་མིག་རྒྱང་རིང་བའི་ཡུལ་གྲུ
ཉན་ཚོད་ཀྱིས་རྣ་ཐག་ཉེ་བའི་ཡུལ་གྲུ
རེབ་གོང
སྒྱུ་རྩལ་གྱི་ཞིང་ས་ཆེན་པོ
སྙན་གྲགས་ཀྱི་བ་དན་བསྒྲེངས་ས
ནང་བསྟན་གྱི་ཆོས་ས་ཆོས་ཡུལ
རེབ་གོང་གི་རོང་བོ་དགོན་ཆེན
འཇལ་འདོད་ཡོད་ལ
འགྲོ་འདོད་ཤིན་ཏུ་ཆེ