ཐོག་མར་སེར་སྐྱ་མང་ཚོགས་ཡོངས་ལ་ལོ་སར་གྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ད་རེས་རྣམ་པ་ཚོའི་སྙན་ལམ་དུ་ཞུ་རྒྱུ་གང་ཡིན་ཞེ་ན། ཚང་མས་མཁྱེན་གསལ་ལྟར་མིག་སྔར་ཏོག་དབྱིབས་ནད་དུག་གི་འགོས་ནད་འདིས་རྒྱལ་ཁབ་ཀྱི་ས་གནས་སོ་སོར་ཁྱབ་སྟེ་གནས་ཚུལ་ཛ་དྲག་ཡིན་པ་དེ་ལྟར་རེད། དེའི་སྟབས་ཀྱིས་ཏང་ཀྲུང་དབྱང་ནས་བཟུང་སྟེ་ཞིང་ཆེན་སོ་སོ་དང་ས་གནས་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ནད་ཡམས་
སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དུ་མཛུབ་སྟོན་དང་བཀོད་སྒྲིག་རྒྱ་ཆེན་པོ་གནང་གིན་ཡོད་པ་རེད། ལྷག་པར་དུ་སྨན་བཅོས་མི་སྣ་གཙོ་བོ་ཡིན་པའི་ལས་རིགས་སོ་སོ་ཡིས་མི་དམངས་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ལ་སོགས་པ་ཕྱོགས་ཐམས་ཅད་དུ་གང་ནུས་ཀྱིས་མཐུན་རྐྱེན་མང་པོ་སྒྲུབ་བཞིན་ཡོད་པ་རེད། དེའི་སྟབས་ཀྱིས་ཁོང་རྣམ་པ་ཚོར་ངས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་བཀའ་དྲིན་ཞུ་གི་ཡོད། ད་རེས་འགོས་ནད་ཀྱི་ནད་ཡམས་འདི་ཡིན་ན་ང་ཚོའི་ཐུན་མོང་གི་ལས་ཀྱི་རྣམ་སྨིན་རེད། དེའི་སྟབས་ཀྱིས་འགོས་ནད་འདིས་ང་ཚོར་ཤུགས་རྐྱེན་ཐེབས་པ་ཆེ་ཆུང་སྣ་ཚོགས་མི་འདྲ་ན་ཡང་ནད་ཡམས་འདི་ལ་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུ་དེ་ང་ཚོ་ཚང་མའི་འོས་འགན་རེད། དེའི་སྟབས་ཀྱིས་ངས་འདི་ནས་སེར་སྐྱ་མང་ཚོགས་ཡོངས་ལ་རེ་བ་ཞིག་ཞུ་རྒྱུ་ཡོད་པ་གང་ཡིན་ཞེ་ན།
གཅིག ང་ཚོ་ལས་རིགས་གང་ཡིན་ནའང་འགོས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཆེད་དུ་ནུས་པ་གང་ཡོད་བཏོན་ཏེ་མཐུན་རྐྱེན་གང་ཡིན་སྒྲུབ་རྒྱུ་གལ་ཆེ་བ་ཡིན། ད་ལྟ་ང་ཚོའི་བདེ་ཐང་དང་ཚེ་སྲོག་ལ་གནོད་པའི་དགྲ་ཡིན་ན་ཏོག་དབྱིབས་ནད་དུག་འདི་རེད། འདིས་རྒྱལ་ཁབ་དང་ས་གནས། མི་རིགས་དང་ཆོས་ལུགས། ཕོ་མོ་ཆེ་ཆུང་མེད་པར་གནོད་འཚེ་ཐེབས་སུ་འཇུག་པ་དེ་རེད། དེས་ན་ང་ཚོས་ནད་ཡམས་ཀྱི་དགྲ་འདི་འཇོམས་དུས་གལ་ཏེ་ཉེ་རིང་ཆགས་སྡང་གི་ཕྱོགས་སུ་སོང་ན་ནད་དུག་འདི་འཇོམས་པ་ལ་དུས་ཡུན་རིང་བོ་འགོར་རྒྱུ་ཡིན་པ་དང་། དེ་ལྟ་མ་ཡིན་པར་ང་ཚོའི་ལས་རིགས་སོ་སོ་དང་། མི་རིགས་སོ་སོ། ཆོས་ལུགས་སྡེ་ཁག་སོ་སོ། ཐམས་ཅད་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་བསྡུས་བྱས་ན་དུས་ཡུན་ཐུང་ཐུང་གི་ངང་ནས་ང་ཚོས་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་པ་ཡིན།
གཉིས་པ། ང་ཚོ་ནང་བསྟན་པ་ཞིག་གི་ངོས་ནས་བྱམས་སྙིང་རྗེ་སྒོམ་རྒྱུ་ང་ཚོའི་ཉམས་ལེན་གྱི་གཙོ་བོ་རེད། དེས་ན་ང་ཚོས་གཞན་ཕན་གྱི་བསམ་བློའི་ཀུན་ནས་བསླངས་ཏེ་སྤྱིར་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བ་དང། སྒོས་སུ་ནད་ཡམས་འདི་མྱུར་དུ་ཞི་བ་དང་སེམས་ཅན་ཐམས་ཅད་ལ་འདི་དང་འདིའི་རིགས་ཀྱི་འཇིགས་པ་མི་འབྱུང་བའི་ཆེད་དུ་དད་པ་རྩེ་གཅིག་གི་སྒོ་ནས་སྐྱབས་འགྲོ་དང་། མ་ཎི། ཏཱ་རེ། ལོ་གྱོན་མའི་གཟུངས་ལ་སོགས་པ་མང་པོ་གསུངས་ཏེ་རྒྱལ་ཁམས་བདེ་ཞིང་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་འཕེལ་བ་དང་། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང་། དེ་ནས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་སེམས་ཁྱད་པར་ཅན་འཕེལ་ཏེ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་ཕྱིར་དུ་བསྔོ་བ་སྨོན་ལམ་ཡག་པོ་གནང་རྒྱུ་དེ་རེད།
གསུམ་པ། ཁྱད་པར་ཅན་གྱི་དུས་སྐབས་འདི་ལ་ང་ཚོས་ངེས་པར་དུ་སྲིད་གཞུང་དང་ཆེད་ལས་མཁས་པ་དག་གིས་ནད་དུག་སྔོན་འགོག་གི་ཆེད་དུ་གསུངས་པའི་འཛེམ་བྱ་དང་ཤེས་བྱ་མཐའ་དག་དང་ལེན་ཡག་པོ་བྱེད་དགོས། ཤེས་བྱ་འདི་དག་དང་ལེན་ཡག་པོ་བྱས་པ་ཡིན་ན་གཙོ་བོ་ང་ཚོ་རང་གཞན་ཀུན་ལའང་ནད་དུག་མི་འགོ་བ་དང་། དེས་མ་ཟད་ནད་ཡམས་ཁྱབ་པའི་སྒོ་བཅད་ནི་རེད། དེའི་སྟབས་ཀྱིས་བྱ་བ་གལ་ཆེན་རེ་མེད་ན་ཕྱི་ལ་མི་འགྲོ་བ་དང་། གལ་ཏེ་བྱ་བ་ཡོད་ཚེ་ངེས་པར་དུ་ཁ་ཐུམ་རྒྱག་རྒྱུ་བརྗེད་མི་ཉན་པ། དེས་མ་ཟད་མི་འཚོགས་མང་པོ་འདུ་སར་མི་འགྲོ་བ། རང་གི་ཁྱིམ་ལ་ཡོད་དུས་ཀྱང་མ་གཞི་གཙོ་བོ་འཕྲོད་བསྟེན་ལ་ཉམས་བཞག་སྟེ་གཙང་སྦྲ་ཡག་པོ་བྱེད་པ། རྒྱུན་པར་ལག་པ་བཀྲུ་བ། དེས་མ་ཟད་སྒོ་དྲ་མ་ལ་སོགས་པ་མཚམས་རེར་ཕྱེ་སྟེ་ཁང་བའི་ནང་དུ་ཁ་དབུགས་རྒྱུ་བར་བྱས་ཏེ་ཁ་དབུགས་གཙང་མ་ཡོད་པར་བྱ་རྒྱུ་གལ་ཆེ། ཁ་སང་དེ་རིང་འདི་ལ་བརྡ་འཕྲིན་མང་པོ་གོ་རྒྱུ་ཡོད་པ་དེ་རེད། འོན་ཀྱང་དེ་ལ་ང་ཚོས་བརྟག་དཔྱད་ཡག་པོ་བྱ་དགོས་པ་རེད། གང་ཡིན་མིན་གྱི་ཁ་རྒྱུག་མི་ཉན་པ་རེད། གནས་ཚུལ་མང་པོ་གོ་བའི་དབང་གིས་རང་གི་སེམས་ལ་འཇིགས་སྐྲག་དང་ཡང་ན་སེམས་ལ་མི་བདེ་བ་ཡོང་མི་དགོས། གང་ལྟར་ན་མ་གཞི་གཙོ་བོ་ཐམས་ཅད་ཀྱི་ནུས་སྟོབས་ལ་བརྟེན་ནས་ནད་ཡམས་འདི་ངེས་པར་དུ་ཞི་རྒྱུ་ཡིན་པ་རེད། ང་ཚོས་དེ་ལ་ཡིད་ཆེས་དགོས་པ་རེད། གང་ལྟར་ན་མ་གཞི་གཙོ་བོ་སེམས་ལྷོད་ལྷོད་ངང་བཞུགས་རྒྱུ་གལ་ཆེན་པོ་རེད། ད་རེས་ང་ཚོ་རོང་བོ་དགོན་ཆེན་ཡིན་ནའང་བླ་མ་སྤྲུལ་སྐུ་དང་དགེ་འདུན་པ་འདུས་སྤྱི་ནས་ནད་ཡམས་སྔོན་འགོག་ཆེད་དུ་ལོ་གྱོན་མའི་རིལ་བུ་བསྒྲུབས་ཡོད། དུས་ཚོད་ཐུང་ཐུང་གི་ངོས་ནས་ཕྱོགས་སོ་སོར་བཀྲམས་ཏེ་རྣམ་པ་ཚོའི་ཕྱག་ལ་ཐེམ་དུ་འཇུག་པ་ཡིན། ཡང་ང་ཚོས་ལོ་གྱོན་མའི་རིལ་བུ་འདི་སྒྲུབ་དུས་མི་མང་པོ་ཞིག་གིས་འདི་ལ་མཐུན་རྐྱེན་ཡག་པོ་བསྒྲུབས་ཡོད་པ་རེད། དེའི་སྟབས་ཀྱིས་ངས་འདི་ནས་དགོན་པའི་བླ་སྤྲུལ་དང་དགེ་འདུན་པ་ཡོངས་ཀྱི་ཚབ་བྱས་ཏེ་ཁྱེད་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། མཇུག་མཐར་ཞུ་རྒྱུ་གང་ཡིན་ཞེ་ན། ང་རང་ཉིད་ལ་མཚོན་ནའང་སེར་སྐྱ་མང་ཚོགས་སུ་དང་སུ་ཡིན་ན་རང་གི་སེམས་ནས་ནམ་ཡང་འདོར་གི་མེད་པ་ཡིན། དེ་བཞིན་དུ་ཁྱེད་རྣམ་པ་ལ་མཚོན་ནའང་ངས་གོང་དུ་ཞུས་པ་ཐམས་ཅད་ཐུགས་ལ་ནན་ཏན་དུ་འཛིན་པར་ཞུ་ཞུས་པ་དེ་ཡིན། འོ་ཡ་བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས་ཞུ།
ཡི་གེར་འགོད་མཁན། རོང་བོ་དགེ་འདུན་དར་རྒྱས།