གཅིག སྙན་སྐུལ་ཡི་གེའི་བྱུང་རིམ་དང་རིན་ཐང་གླེང་བ།
ཤོག་ངོས་གསུམ་ཅན་གྱི་སྙན་སྐུལ་ཡི་གེ་འདི་ནི། སྤྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཡོངས་ཁྱབ་ཏུ་བཀྲམས་པ་ཞིག་དང་། དེ་ཡང་རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱི་ངོས་ནས་ཤ་རུས་གདུང་རྒྱུད་གཅིག་པའི་རང་རིགས་སེར་སྐྱ་ཕོ་མོ་ཡོངས་དང་། རྒྱ་ནག་གཞུང་གཉིས་ཀར་ཕུལ་བའི་ཞུ་སྐུལ་ཡི་གེ་ཞིག་དང་། ཁྱད་པར་དུ་བོད་བསྟན་སྲིད། མི་རིགས་རིག་གནས་དང་བཅས་པའི་ཆེད་དུ་སྐུ་ལུས་མེར་བསྲེགས་གནང་བར་གྲ་སྒྲིག་གྲུབ་ཡོད་པ་རྣམས་ལ་སེམས་ཁམས་གྲང་བསིལ་བསིལ་པུ་མོ་ས་ལ་བཙུགས། ལག་པས་ཐལ་མོ་སྦྱར་ནས་ཕུལ་བའི་ཞུ་སྐུལ་ཡི་གེ་ཞིག་རེད། ཡི་གེ་འདི་ལ་ངས་རེབ་གོང་གི་སྙན་སྐུལ་ཡི་གེ་ཞེས་བསྡུས་མིང་ཞིག་འདོགས་ཀི་ཡོད་པ་མ་ཟད། རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱིས་སྤེལ་བའི་སྙན་སྐུལ་ཡི་གེ་ཞེས་སུའང་བརྗོད་ཀྱིན་ཡོད། རྒྱུ་མཚན་ནི་ཡི་གེ་འདིའི་མགོར་ “རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་བ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས་རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ་ཕངས་སེམས་དང་རེ་བ་ཆེན་པོས་སྙན་བསྐུལ་ཞུ་རྒྱུ།” ཞེས་གསལ་འདུག་པ་དེ་རང་ཡིན། འདིའི་འབྲུ་དོན་ཇི་བཞིན་བསྡུས་མིང་ཤིག་འདོགས་དཀའ་ཚོད་རེད་དེ། དོན་དངོས་ལ་རེབ་གོང་གི་བླ་མ་ཡོངས་དང་། གྲྭ་པའམ་དགེ་འདུན་པའི་སྡེ་ཡི་ལས་ཀྱི་སྣེ་མོ་བ་དང་གནད་ཡོད་མི་སྣ། སྐྱ་བོའི་སྡེ་ལས་ཀྱང་བསམ་ཤེས་ཅན་རྣམས་ཏེ། མདོར་ན་སྡེ་བ་སོ་སོའི་ནང་གི་གནད་ཡོད་རྒན་པོ་རྣམས་འདུས་སྟབས། དོན་དངོས་ཀྱི་སྡེ་དཔོན་ངོ་མ་ནི་འདི་དག་ཡིན་པར་སྙམ་སྟེ། ངས་རེབ་གོང་གི་བླ་གྲྭ་དཔོན་གསུམ་ཞེས་པའི་བརྡ་འདི་སྦྱར་བ་ཡིན། འདི་ནི་སྙན་སྐུལ་ཙམ་མིན་པར། རྒྱལ་སྤྱིའི་གནས་བབ་དང་རྒྱ་ནག་གི་གནོན་ཤུགས། བོད་ཀྱི་གནས་བབ་བཅས་པར་བསམ་ཞིབ་ཀྱིས་སྤེལ་བའི་བསྒྲགས་གཏམ་ལྟ་བུ་ཞིག་ཀྱང་རེད། འདི་འབུལམཁན་གྱི་གང་ཟག་དག་གི་ངོས་ནས་བལྟས་ནའང་སྤྱི་དམངས་ཕལ་བ་དང་མི་སྒེར། བླ་གྲྭ་ཤེས་ཡོན་པ་རེ་ཟུང་ཙམ་ལས་ཆེས་ཆེར་བརྒལ་ཏེ། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་བླ་གྲྭ་དཔོན་གསུམ་ཐུན་མོང་གི་ངོས་ནས་ཕུལ་བ་ཞིག་དང་། འབུལ་བའི་དུས་ཚོད་ཀྱང་སྤྱི་ཟླ་༡༡ ཚེས་ ༡༩ ཉིན་སྟེ། བོད་མི་བདུན་ཅུ་དོན་བདུན་གྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཆེད་མེར་བསྲེགས་གནང་ཚར་ཞིང་ད་དུང་བར་མ་ཆད་པར་ཚེ་སྲོག་གི་མེ་རི་འཕྱུར་བ་དང་། ཉིན་བསྟར་ཆགས་སུ་མེར་བསྲེགས་ལས་འགུལ་སྤེལ་མུས་དེ་འགྲོ་བ་ཡོངས་ཀྱིས་མིག་གིས་ལྟ་མི་བཟོད་པ། སེམས་ཀྱིས་བསམ་མ་བཟོད་པ། ངག་གི་སྨྲ་ལྕེའང་ཡོངས་སུ་ལྐུགས་པར་གྱུར་དང་འགྱུར་བཞིན་པའི་གནས་སྐབས་ཤིག་ཏུ་འཁེལ་ཡོད་པའི་སྐབས་འདི་འདྲ་ཞིག་ལ། བློ་སྟོབས་ཆེན་པོས་སྙན་སྐུལ་ཡི་གེ་ཟབ་གསལ་གཟུ་གསུམ་ལྡན་པ་འདི་བསྒྲགས་པ་ནི་ལོ་རྒྱུས་ཀྱི་དོན་སྙིང་དང་། བླ་དཔོན་དག་གི་འགན་ཁུར་གང་གི་ངོས་ནས་བལྟས་ཀྱང་རིན་ཐང་ངེས་ཅན་ལྡན་པ་ཞིག་རེད་སྙམ། འདི་ལྟར་བསམ་བློའི་ཟུར་ངོས་དག་སྙན་སྐུལ་ཞུ་ཡིག་གི་ཉིན་སྲིབ་ལ་ཕྱོགས་པའི་མཐོང་སྣེ་དག་ཚུར་བཀུགས་ན། བོད་མི་རིགས་དང་བཅས་པ་རྒྱ་འོག་ཚུད་པའི་མི་ལོ་དྲུག་ཅུའི་རིང་འདིར། ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་འབངས་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲ་རིང་མོ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་རྗེས་ནས་འདི་འདྲའི་ཞུ་སྐུལ་ཟབ་གསལ་གཟུ་གསུམ་ལྡན་པ་ཞིག་བྱུང་མ་མྱོང་བ་ལྟ་བུའང་རེད། དེའི་ཕྱིར། འདི་ནི་རྒྱའི་དབང་འོག་གི་བོད་ཀྱི་བླ་གྲྭ་དཔོན་གསུམ་གྱི་ངག་ནས་ད་བར་ཁྲོལ་མ་མྱོང་བའི་གནས་ལུགས་ཀྱི་འབོད་སྒྲ་ཞིག་ཏུའང་གྱུར་འདུག་སྙམ་པའི་མཐོང་སྣང་བདག་ལ་བྱུང་། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་འཐབ་རྩོད་ཀྱི་འཕེལ་རིམ་འདི་གྲྭ་བཙུན་དང་མི་མང་ནས། ཤེས་ཡོན་པ་དང་སློབ་ཕྲུག་གི་ཁྲོད་དུ་འཕེལ་ཞིང་། དེ་ནས་བླ་དཔོན་གྱི་ནང་དུ་འཕོས་པའི་འཕེལ་རིམ་ཞིག་ཀྱང་མཐོང་གི་འདུག་པས། ཡི་གེ་འདི་ནི་དངོས་གནས་ཁ་ཚ་དགོས་གཏུག་ཟེར་བ་དང་། གྲི་རྣོ་ཐོགས་ལ་བརྡར་ཟེར་བ་དེ་རང་རེད་སྙམ་པ་ཞིག་རེད། ངའི་ལྟ་སྟངས་འདི་ང་སྒེར་གྱི་ལྟ་སྟངས་རང་ཡིན་པ་ལས། ཚང་མར་ལྟ་སྟངས་འདི་ཡོད་དགོས་པར་བསྙད་ཀྱི་མེད།
གཉིས། སྙན་སྐུལ་ཡི་གེའི་སྙིང་དོན་དང་གནད་འགག་འཚོལ་བ།
སྙན་སྐུལ་ཡི་གེ་འདི་ལ་ཞིབ་ཚགས་ཀྱིས་དབྱེ་ཞིབ་བྱས་ན། མགོ་བླ་དཔོན་གྱིས་ཅི་ཞིག་བྱེད་དགོས་པ་དང་། རྒན་དར་གཞོན་བྱིས་བྱིངས་ནས་ཅི་བྱེད་དགོས་པ། རྒྱ་ནག་གཞུང་གིས་ཅི་ཞིག་བྱེད་དགོས་པ། མེར་བསྲེགས་གཏོང་བར་བློ་ཐག་རྦད་ཆོད་བྱུང་བ་རྣམས་ཀྱིས་ཐུགས་སྟོབས་གང་འདྲ་ཞིག་གི་གོ་ཆ་བགོ་དགོས་པ། དེ་ནས་རྒྱལ་སྤྱི་དང་རྒྱ་ནག བོད་ཀྱི་གནས་བབ། མི་སྡེ་སྤྱི་ཡོངས་ཀྱི་འགན་འཁུར་དང་དེ་བྱུང་གི་གཏན་ཚིགས་ཀྱི་འགྲོས། བོད་རང་གི་རིག་གནས་གོམ་གཤིས་དང་མངོན་འདོད་ཀྱི་ངོས་བཅས་མ་ཚང་བ་མེད་པར་ལམ་སྟོན་དང་གསལ་འདོན་བྱས་འདུག་པས། ཞིབ་ཏུ་བཀླགས་ན་མི་ཆོས་རིག་པའི་གཞུང་ལུགས་ལྟ་བུ་ཞིག་ཀློག་གིན་པའི་སྣང་བ་བཅོས་མིན་སྟེར་བ་ཞིག་ཀྱང་རེད། དེའིི་ཕྱིར་ན། བདག་གི་རྣམ་དཔྱོད་འདི་ལྟ་བུས་སྙན་སྐུལ་ཞུ་ཡིག་འདི་ལ་ཟབ་གསལ་དག་གསུམ་གྱི་དབྱེ་ཞིབ་ནུས་པ་ཞིག་མ་རེད་དེ། སྙན་ཞུ་རང་གི་ངོ་གདོང་འབྲུ་འདེད་ཀྱིས་དུམ་ཚན་ལྔར་བགོས་ཏེ། རང་གི་ལྟ་སྟངས་དབང་བཙན་དུ་བྱས་པའི་སྤྱི་བམ་ཙམ་གླེང་འདོད་བྱུང་།
༡༽ སྙན་སྐུལ་ཡི་གེ་འདིའི་དངོས་གཞིའི་མགོ་ནས་ཐིག་ཕྲེང་གསུམ་པ་བར་གྱི་སྙིང་དོན་ངོས་འཛིན་པ།
ཉེ་བའི་ལོ་འདི་དག་གི་ནང་རང་ལུས་མེར་བསྲེགས་བསྟུད་མར་བྱུང་བ་ནི། གཞུང་དམངས་མི་སྒེར་ཕྱོགས་གང་ཐད་ནས་བསམས་ན་ཡིད་སེམས་སྐྱོ་དགོས་པ་དང་། སེམས་གྲང་དགོས་པ། དངངས་འཚབ་སྐྱེ་དགོས་པ། ཕངས་སེམས་སྐྱེ་དགོས་པ་ཞིག་རེད་ཅེས་སྙན་སྐུལ་ཞུ་ཡིག་འདིའི་ནང་ཚིག་ཐག་ཆོད་པོས་བཤད་འདུག།
ངས་བལྟས་ན། རྒྱ་ནག་གཞུང་གི་ངོས་ནས། འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ངོ་རྒོལ་འདི་འདྲ་ཞིག་བྱུང་ནའང་ད་དུང་ཁ་གྲགས་ཐུབ་ཀི་མེད་པར་ཁག་ཡར་དཀྲི་མར་དཀྲི་བྱེད་པ་དང་། སོ་སོའི་ཧམ་པ་དང་དབང་ཤུགས་ཁོ་ནར་འཐམས་ནས་འགྲོ་བ་མིའི་ཚེ་སྲོག་ལ་རྩིས་ཐང་མི་སྤྲོད་པ། སྡུག་བསྔལ་འདི་སེལ་ནུས་ཤིང་རེ་འདུན་འདི་སྒྲུབ་ནུས་བཞིན་དུ་ད་དུང་མཁྲེགས་བཟུང་བྱེད་པ་འདི་དག་སེམས་སྐྱོ་དགོས་པ་ཞིག་ཡིན་པ་དང་། དེ་བཞིན་སྒྲུབ་ཕྱོགས་བོད་པ་རང་ཐད་ནས་བསམ་བློ་བཏང་ནའང་། མི་རིགས་ཀྱི་བརྩེ་སེམས་དང་ཁེ་དབང་ལ་རྒྱ། ཐོབ་ཐང་བཅས་ཀྱི་ཆེད་དུ་ཤ་ཁྲག་གཅིག་པའི་སྤུན་ཟླའི་ཚེ་སྲོག་གི་མེ་རི་འཕྱུར་ན། དེའང་ཕྱོགས་གཅིག་ནས་སེམས་སྐྱོ་བ་དང་སེམས་གྲང་བ། དངངས་འཚབ་སྐྱེ་བ་ཉིད་ཡིན་པ་དེ་གསལ་འདོན་བྱས་འདུག་སྙམ་དུ་འདོད།
༢༽ སྙན་སྐུལ་ཡི་གེ་འདིའི་ཐིག་ཕྲེང་བཞི་བ་ནས་དགུ་བ་བར་གྱི་སྙིང་དོན་ངོས་འཛིན་པ།
ལོ་བཞིའི་རིང་བསྟུད་མར་བྱུང་ཞིང་། ད་དུང་མཚམས་ཆད་ཀྱི་མེད་པའི་མེར་བསྲེགས་དོན་རྐྱེན་འདིས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་ཐད། རང་རིགས་བོད་པ་རྩམ་པ་ཟ་མཁན་ཚང་མས་སེམས་ཁུར་དང་བསམ་གཞིག་བྱེད་དགོས་པར་གསལ་འདོན་གནང་འདུག འདི་ལས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་ལྟར་ཚབས་ཆེན་དུ་གྱུར་ནའང་རྒྱ་ནག་དང་། རྒྱལ་སྤྱི་གང་ལའང་རེ་བ་རྒྱག་ས་མེད་པ་དངོས་ཡོད་མངོན་རྟོགས་ལ་བརྟེན། བདག་ཉིད་བདག་གི་མགོན་ཡིན་པ་དེ་གསལ་འདོན་གྱིས། ང་ཚོ་ལ་གནས་སྟངས་འཇིགས་པོ་འདི་མུ་མཐུད་སྲིད་པ་དང་ད་དུང་འདི་ལས་ཀྱང་ཉེན་ཚབས་ཆེ་བའི་ལམ་དུ་འགྲོ་མི་སྲིད་པ་མིན་པས། བོད་མི་མི་རེ་ངོ་རེ་ནས་སེམས་ནང་གྲ་སྒྲིག་ཅིག་དགོས་པ་དེ་གསལ་ཁ་བཏོན་འདུག་སྙམ་པ་བྱུང་།
༣༽ སྙན་སྐུལ་ཡི་གེ་འདིའི་ཐིག་ཕྲེང་བཅུ་པ་ནས་སུམ་ཅུ་སོ་གཅིག་བར་གྱི་སྙིང་དོན་ངོས་འཛིན་པ།
འཕྲོ་མཐུད་དུ་མེར་བསྲེགས་གཏོང་བར་གྲ་སྒྲིག་གྲུབ་པ་རྣམས་ལ། སྤྱིར་བཏང་གི་འགྲོ་བ་མི་རླབས་ཆེན་ཞིག་གི་བསམ་བློ་དང་འགན་འཁུར་གྱི་ངོས་ནས་བལྟས་ན། ང་ཚོས་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་མཉམ་གནས། ཁ་མིན་དོན་གྱི་བརྟན་ལྷིང་དང་འཆམ་མཐུན་ལ་འབད་བརྩོན་དང་ཁུར་ལེན་བྱེད་དགོས་པ་དང་། བོད་མི་ཞིག་གི་བསམ་བློ་དང་འགན་ཁུར་གྱི་ངོས་ནས་བལྟས་ནའང་རང་གི་རྩ་བའི་བླ་མའི་ཞབས་བརྟན་ལ་བརྩོན་པ་དང་། བོད་གངས་ཅན་པའི་མ་འོངས་བདེ་སྐྱིད་བསུ་བའི་དོན་ཆེན་མང་པོ་བསྒྲུབ་དགོས་པ་དང་། ད་དུང་བསྒྲུབ་རྒྱུར་ལྷག་ཡོད་པའི་དོན་ཆེན་དག་སྒྲུབ་པར་ཚེ་སྲོག་གི་ངང་བསྲིང་དགོས་པ་བཅས་ནི་དེ་བྱུང་གི་གཏན་ཚིགས་ཡིན་པ་དང། ལྷག་པར་ཚེ་སྲོག་ཆེས་ཉུང་བའི་བོད་མི་རིགས་དང་། གདོང་གཏད་བྱ་ཡུལ་དམར་པོའི་གཞུང་ལ་འཐབ་རྩོད་མུ་མཐུད་བྱེད་བབ་གཉིས་བསྡུར་ན། ང་ཚོས་ཚེ་སྲོག་འདོར་ཚད་མིན་པར་ཚེ་སྲོག་ལ་བསྲི་ཚགས་དང་བདག་གཅེས་བྱེད་དགོས་པའི་དུས་ཤིག་ཡིན་པ་དང་། དེ་མ་བྱུང་ན་ང་ཚོའི་འཐབ་རྩོད་ཀྱིས་དམར་པོའི་གཞུང་ལ་མུ་མཐུད་ཡ་ལན་སློག་པར་ནུས་པ་ཇེ་ཞན་དུ་འགྱུར་བ་ནས། དེ་དང་ལྷན་དུ་དབུགས་ཐག་གིས་བསྙབས་མི་ཐུབ་པ་དེ་གསལ་འདོན་གནང་ཞིང་། ཕྱོགས་མཚུངས་བོད་ཀྱི་རིག་གཞུང་གི་ངོས་ནས་ཀྱང་རང་གཞན་གང་ལའང་མི་འཚེ་ཞིང་སྡིག་སྤོང་དགེ་སྒྲུབ་ཀྱིས་བསོད་ནམས་གསོག་པ་དེ་གལ་ཆེན་ཡིན་པའི་གནད་དང་གནས་ལུགས་བསྟན་ཏེ། ང་ཚོ་འཚོ་ཐབས་དཀའ་ལ་འཚོ་སྙིང་མི་འདོད་ཀྱང། སྐབས་ཐོག་གི་རྐྱེན་ངན་རྡོག་བརྫིས་ཀྱི་ཐུགས་སྟོབས་དང་ལེན་གྱིས་བསམ་པའི་གཟེངས་བསྟོད་པ་དང་། སྙིང་སྟོབས་ཀྱི་གོ་ཆ་བགོ་དགོས་པ་གལ་ཆེན་ཡིན་སྐོར་གྱི་བདེན་ལུགས་དང་། ཕྱི་ནང་གསལ་འདོན་གནང་ནས་རང་ལུས་མེར་བསྲེགས་མི་གཏོང་བར་པུས་མོ་ས་ལ་བཙུགས་ཤིང་ལག་པ་ཐལ་མོ་སྦྱར་ནས་སྙན་སྐུལ་ནན་མོ་གནང་འདུག
༤༽ སྙན་སྐུལ་ཡི་གེ་འདིའི་ཐིག་ཕྲེང་སུམ་ཅུ་སོ་གཉིས་ནས་ཐིག་ཕྲེང་ཞེ་བརྒྱད་བར་གྱི་སྙིང་དོན་ངོས་འཛིན་པ།
བོད་ཀྱི་སྐད་དང་ཡི་གེ་གོང་སྤེལ་དང་། ཐུན་མིན་གོམས་སྲོལ་བཟང་པོ་རྒྱུན་འཛིན། ལྷག་པར་དེང་རབས་ཚན་རིག་གི་ཤེས་བྱ་བསྡུ་ལེན་བྱ་རྒྱུ་ནི་། ང་ཚོ་གོ་ལ་འདིར་འཚོ་སྡོད་ཐུབ་མིན་གྱི་རྨང་གཞིར་འབྲེལ་ཞིང་། མི་རིགས་གཞན་དང་དཔུང་བ་མཉམ་གཤིབ་ཀྱིས་བསྐྱོད་ཐབས་བླ་ན་མེད་པ་དེ་ཡིན་པ་དམིགས་འདོན་གྱིས། ཤ་རུས་གདུང་རྒྱུད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཆོས་དང་རིག་གཞུང་གིས་ཕྱོགས་གཅིག་ཏུ་བཅིངས་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གང་ཞིག་གལ་ཆེན་དང་གཙོ་སྙིང་ཡིན་པ་ངོས་ཟིན་དགོས་སྐོར་བཅས། འཕྲལ་ཕུགས་རྒྱང་གསུམ་ལ་གཞིགས་པའི་སྙན་སྐུལ་ནན་མོ་གནང་འདུག་པ་མ་ཟད། དོན་ཕན་ལྡན་པའི་འབྲས་བུ་སྨིན་པར་རེ་བའང་གནང་འདུག
༥༽ སྙན་སྐུལ་ཡི་གེ་འདིའི་ཐིག་ཕྲེང་ཞེ་དགུ་ནས་ང་གཉིས་བར་གྱི་སྙིང་དོན་ངོས་འཛིན་པ།
སྤྱི་ཚོགས་དང་མི་རིགས་རྒྱུན་འབྱམས་ཀྱི་གནད་དོན་འདི་ནི་ངེས་པར་སེལ་འོས་ཤིང་སེལ་དགོས་ངེས་ཤིག་ཡིན་པ་དེ་རྒྱ་གཞུང་ལ་མངོན་གསལ་གྱིས་གསལ་འདོན་དང་སྙན་སྐུལ་གནང་བ་མ་ཟད། བླ་དཔོན་ཁོང་དག་གི་ངོས་ནས་ཀྱང་བློ་སྟོབས་ཆེན་པོས་རྒྱ་གཞུང་ལ་ཞུ་འདེད་བྱེད་རྒྱུ་ཡིན་ཞེས་སྐུ་ལུས་མེར་བསྲེགས་ཕུལ་བར་བློ་ཐག་ཆོད་ཚར་བ་རྣམས་ལ་འགན་ལེན་ཆེན་པོ་ཞིག་གནང་འདུག འདི་ནི་ཉལ་གོས་གང་དྲོ་དང་། ས་གང་སྐྱིད་ནས་སྐྱིད་ཉལ་གྱིས་ཁྱོད་ཚོ་མེར་མ་བསྲེགས་ཟེར་བ་ཙམ་མིན་པར། དམངས་ཀྱི་སྡུག་བསྔལ་དཔོན་གྱིས་དང་ལེན་བྱས་ཏེ་ཁྱེད་ཅག་གི་མངོན་འདོད་ལ་ང་ཚོས་ཀྱང་ལུས་སྲོག་ལོངས་སྤྱོད་ཕར་བསྔོས་ཀྱིས་རྒྱ་ནག་གཞུང་ལ་འདི་ལྟར་ཞུ་འབོད་བྱེད་རྒྱུ་ཡིན་ཞེས་ཁོང་དག་གི་མངོན་འདོད་ལས་ཆ་ཤས་ཙམ་བསྒྲུབ་པའི་འགན་བཞེས་ཡོད་པ་མ་ཟད། ང་ཚོ་ལ་ཚེ་སྲོག་མང་པོ་མི་འདུག ང་ཚོས་རང་གི་ཚེ་སྲོག་ལ་མ་གཅེས་ན་ང་ཚོའི་ཚེ་སྲོག་ལ་བདག་པོ་བྱེད་མཁན་གཞན་མེད་པ་དེ་གསལ་འདོན་གྱིས། རང་རིགས་ལ་བརྩེ་བ་འགོག་མེད་ཅིག་གི་ཁོང་གསེང་ལས་འབོད་སྐུལ་འདི་ཐལ་ཡོད་པས། འབོད་སྐུལ་འདི་ནི་སྙིང་དོན་ལྡན་པ་ཞིག་རེད་ལ། ཞུ་འོས་པ་ཞིག་ཀྱང་རེད། དེ་མ་གཏོགས་ཁོང་ཚོའི་མངོན་འདོད་ཀྱི་ཆ་ཤས་ཡང་ཤས་ཙམ་ཡང་བསྒྲུབ་པའི་འགན་ལེན་ཡེ་མེད་ཅིང་། བསྒྲུབ་པར་འབད་བརྩོན་ཙམ་ཡང་མེད་པར་བྱང་ཆུབ་སེམས་དཔའ་འཁྲབ་ནས་ཁྱོད་ཚོ་མེ་ལ་མ་བསྲེགས་ཞེས་འབོད་སྐུལ་བྱས་ན་དངོས་གནས་སྙིང་པོ་མེད་པ་མ་ཟད། དེ་ལྟར་བྱེད་པའི་ཐོབ་ཐང་ཡང་ཡོད་པ་མ་རེད་སྙམ། ངས་བསམས་ན། ད་ལྟའི་བར་རིམ་པར་བྱུང་བའི་འབོད་སྐུལ་ཞུ་སྟངས་དག་ལས་འདི་ཁོ་ན་གནས་ལུགས་ཀྱི་ཉེ་ས་ན་འདུག་པར་ཡང་བཤད་ཆོག་པར་སྣང་།
གསུམ། སྙན་སྐུལ་ཡི་གེའི་ཁྱབ་ཚད་དང་མཇུག་འབྲས་ལ་སྔོན་དཔག
སྙན་སྐུལ་ཡི་གེ་འདི་འབུལ་མཁན་རེབ་གོང་གི་བླ་གྲྭ་དཔོན་གསུམ་དུ་ངེས་ནའང་ཁྱབ་ཚད་ནི་རང་རིགས་ཡོངས་ལ་ཁྱབ་པ་ཞིག་སྟེ། བརྗོད་དོན་ཐད་ནས་ཀྱང་གོང་དུ་ལན་འགར་བཤད་པ་བཞིན། འགྲོ་བ་མིའི་བསམ་བློའི་འགན་ཁུར་དང་། འཛམ་གླིང་ཞི་བདེའི་བདེ་རྩ། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་གོམ་གཤིས་དང་བཅས་པར་འགན་འཁུར་སྟངས་དང་བདག་པོ་རྒྱག་སྟངས། མི་སྒེར་རེ་རེའི་ངོས་ནས་མི་ཚེ་དོན་ལྡན་བྱེད་སྟངས་བཅས་མི་ཆོས་རིག་པའི་གཞུང་ལུགས་ལྟ་བུ་ཞིག་ཡིན་པ་དང་། སྙན་སྐུལ་གྱི་ཚིག་འགྲོས་ལ་བལྟས་ནའང་མགོ་མཇུག་གཉིས་ཀར་རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ། ཞེས་དང་། ལྷག་པར་ཤ་རུས་གདུང་རྒྱུད་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཆོས་དང་རིག་གཞུང་གི་ཕྱོགས་གཅིག་ཏུ་བཅིངས་པ་ཞེས་གསལ་ཁ་བཏོན་ཡོད་པས། ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ཡོངས་དང་། ཆོས་དང་རིག་གཞུང་གཅིག་པའི་འཛམ་གླིང་ཤར་ནུབ་གར་ཁྱབ་ཀྱི་རང་རེ་བོད་རིགས་རྒན་དར་གཞོན་བྱིས་དབྱེ་བ་མེད་པར་དམིགས་པ་ཞིག་རེད།
སྐབས་འདིར་ང་ཚོས་ཤེས་འདོད་པ་དང་སེམས་ཁུར་བྱེད་ས་དངོས་ནི། སྙན་སྐུལ་ཡི་གེ་འདིའི་ནུས་པ་དང་གྲུབ་འབྲས་ཅི་ཐོན་དེ་རེད། སྙན་སྐུལ་ཡི་གེ་འདི་སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ཉིན་ཡོངས་ཁྱབ་ཏུ་སྤེལ་བ་ནས་བརྩིས་པའི་ཉིན་བཅུ་གཅིག་རིང་སྟེ་ཚེས་ ༣༠ བར། ཡི་གེ་འདི་ཐོག་མར་འགྲེམས་བཀྲམས་གནང་ཡུལ་རེབ་གོང་རོང་འབྲོག་ཁུལ་ནས་མི་གསུམ་གྱིས་རང་ལུས་མེར་བསྲེགས་དང་། བོད་ཁུལ་ཡོངས་ནས་མི་བཅུ་བཞིས་རང་ལུས་མེར་མེར་བསྲེགས་གནང་བ་བྱུང་ཡོད། འདིའི་ངོས་ནས་བལྟས་པ་ཡིན་ན། སྙན་སྐུལ་ཡི་གེ་འདིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་གི་ཐད་ལ་ནུས་པ་མ་ཐོན་ཞིང་ཐོན་རྒྱུ་མིན་པ་གཉིས་ཀ་གསལ་པོ་རེད།
གནས་ལུགས་འདིས། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མཚམས་འཇོག་གི་ནུས་པ་དངོས་ནི། རྒྱ་ནག་གཞུང་ལས་སུ་གང་ལ་མེད་པ་དེ་གསལ་བཤད་བྱས་སོང་སྙམ། རེབ་གོང་ལ་རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱི་སྙན་སྐུལ་གྱིས་ནུས་པ་ཐོན་གྱི་མེད་དུས། ད་ལྟའི་གནས་སྐབས་སུ། བོད་ཀྱི་བླ་གྲྭ་དཔོན་གསུམ་ཡོངས་ནས་སྙན་སྐུལ་གནང་བའི་དབང་དུ་བཏང་ནའང་། ནུས་པ་མི་འཐོན་པ་རིགས་བསྒྲེས་ཆོག་པ་ཞིག་རེད། འདི་ལྟར་བསམ་དཔྱད་བྱས་ན། ཡི་གེ་འདི་མ་འགྲིག་པ་མིན་པར་མེར་བསྲེགས་མཚམས་འཇོག་གི་ནུས་པ་ནི་རྒྱ་ནག་གཞུང་ཁོ་ན་ལས། བོད་ཀྱི་བླ་གྲྭ་དཔོན་གསུམ་དང་བཙན་བྱོལ་སྒྲིག་འཛུགས། དེ་བཞིན་༸གོང་ས་སྐྱབས་མགོན་ཆེན་པོ་བཅས་སུ་ལའང་ནུས་པ་དེ་མེད་པ་དེ་གསལ་འདོན་བྱས་པ་ཞིག་ཀྱང་རེད།
ཡིན་ནའང་། ཡི་གེ་འདིས་མི་རེ་རེར་གོ་རྟོགས་ཤིག་སྤྲོད་པར་འབད་བརྩོན་བྱེད་ཀྱིན་ཡོད་པས། སད་རྟོགས་དེ་སུས་ལོན་ན་དེས་དོན་ཆེན་དག་ལ་གདོང་ལེན་བྱེད་སྟངས་དང་། བསམ་གཞིག་བྱེད་སྟངས་བཅས་པར་ནུས་པ་ཐོན་ངེས་པ་ཞིག་རེད་སྙམ། ནུས་པ་དེའང་རང་རིགས་སེར་སྐྱ་རྒན་དར་གཞོན་བྱིས་ཚང་མར་ལྟོས་པ་ཞིག་ལས་གཞན་གྱི་ལྟོས་ཡུལ་གང་ཡང་མེད།
གཞན་ཡི་གེ་འདིས། བོད་ཀྱི་བདེན་དོན་འཐབ་རྩོད་འདིར་འཕེལ་རིམ་ཞིག་གི་མཚམས་ཚིག་བཟུང་ཡོད་པ་ལྟ་བུའང་ཡིན་སྟབས། རེབ་གོང་དང་འདྲ་བར་བོད་ཀྱི་ས་ཁུལ་གཞན་དང་གཞན་ནས་ཀྱང་བླ་སྐྱ་དཔོན་གསུམ་མཉམ་འབྲེལ་ངང་། སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་གྱི་གོང་བུའི་ནུས་པ་གཞོམ་མེད་ཅིག་བདེན་དོན་འཐབ་རྩོད་ཀྱི་རྒྱབ་དཔུང་དུ་བསྒྲེངས་ནས་རྒྱ་གཞུང་ལ་སྙན་ཞུ་འབུལ་བ་དང་། རང་རིགས་ལ་ལམ་སྟོན་བྱེད་པའི་ཚ་རླབས་ཤིག་འཕྱུར་བའི་ནུས་པའི་སྣེ་སྟོན་ཞིག་ཀྱང་འདིས་བྱེད་ཀྱི་རེད་སྙམ།
བཞི། སྙན་སྐུལ་འདི་དང་རྒྱལ་བའི་བཀའ་སློབ་ཀྱི་འབྲེལ་བ་གླེང་བ།
སྙན་སྐུལ་ཡི་གེ་འདིའི་ནང་གི་བཤད་བྱ་གཙོ་བོ་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མངོན་འདོད་དང་བསམ་བློའི་ཕུགས་འདུན་ཞིག་ཡིན་པས། འདི་ལ་གཞན་གྱིས་ཤུགས་རྐྱེན་སྤྲོད་དགོས་པ་དང་། ཐག་སྒུལ་གྱི་འཁྲབ་སྟོན་བྱེད་དགོས་པ་དེ་འདྲ་ཞིག་རྩ་བ་ཉིད་ནས་མ་རེད། ཡིན་ནའང་། སྙན་སྐུལ་ཡི་གེ་ཟབ་གསལ་གཟུ་གསུམ་ལྡན་པ་འདི་འདྲ་ཞིག་མེ་མདའི་སོ་འོག་ནས་བསྒྲགས་ན། བོད་མི་རིགས་ལ་ཁ་མིན་དོན་གྱི་བརྩེ་སེམས་ཆེ་ཞིང་། ཉིན་མཚན་དུས་དྲུག་ཏུ་བསམ་ཞིབ་དང་རྒྱུས་ལོན་གནང་ཐུབ་མཁན་མི་འདི་འདྲ་དག་གི་ཐུགས་ལ་འཆར་ཐུབ་པ་ཞིག་ལས། མི་རང་ག་བ་ཞིག་གི་སྨྱུག་གུས་འཁྱུག་ཐུབ་པ་ཞིག་དང་། མནོ་བསམ་ནུས་ལ་ངག་གིས་འཁྲོལ་བ་ཞིག་རྩ་བ་ཉིད་ནས་མ་རེད། བོད་ཕྱི་ལོགས་ནས་ང་ཚོས་ད་བར་མེར་བསྲེགས་ལས་འགུལ་སྐོར་གླེང་བ་རེད། ཡིན་ནའང་། གླེང་སྟངས་མང་ཆེ་བ་སེམས་ཚོར་ཙམ་དང་འཁྲབ་སྟོན་ལས་བརྒལ་མེད་པ་དེ་ང་ཚོས་མཐོང་གསལ་འདི་ཡིན་པས། དེ་དག་དང་ཡི་གེ་འདི་གཉིས་མཚུངས་བསྡུར་བྱེད་ཐབས་མེད་པ་ཞིག་རེད།
ཡིན་ནའང་། ཡི་གེ་འདིའི་བརྗོད་དོན་རིལ་གྱིས་བླངས་ཏེ་ཞིབ་དཔྱད་བགྱིས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་ལམ་སྟོན་བགྱིས་པའི་བཀའ་སློབ་ཀྱི་དགོངས་དོན་རང་ལས་ཡིག་འབྲུ་ན་གཅིག་ཀྱང་གཞན་དུ་གྱུར་མེད་པ་དེ་རེད། སྙན་ཞུ་འདི་འབུལ་མཁན་གྱི་རེབ་གོང་གི་བླ་གྲྭ་དཔོན་གསུམ་ལ་ང་ཚོ་ལྟར་རྒྱལ་བའི་བཀའ་སློབ་ཇི་བདེར་གསན་པའི་གོ་སྐབས་མེད་པ་མ་ཟད། ཕལ་ཆེར་ཕྲན་བུ་རེའང་ཀློག་སྐལ་ལྡན་ཡོད་མེད་བསྐལ་དོན་དུ་ངེས་མོད། ཁོང་ཚོའི་སྙན་སྐུལ་ཡི་གེའི་ནང་གི་བརྗོད་དོན་མ་ལུས་རྒྱལ་བའི་བཀའ་སློབ་ཀྱི་བཞེད་དགོངས་ཉིད་དུ་ངེས་པ་དེ་རེད། བར་སྐབས་འདིར་ང་ཚོ་ལ་བསམ་གཞིག་གི་བར་སྟོང་ངམ་ཐོལ་བརྒལ་གྱི་རྟོགས་པ་ཞིག་ཐོབ་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོས་རྒྱལ་སྤྱིའི་སྒང་ལ་གསལ་འདོན་གནང་བ་རྣམས་དང་། ང་ཚོར་ལམ་སྟོན་བགྱིས་པ་རྣམས་ནི་གཞིས་བཞུགས་མི་མང་གི་མངོན་འདོད་ཉིད་དུ་ངེས་པ་དེ་ཆུ་ལ་ཆུ་བཞག་པ་ལྟར་གསལ་འདོན་བྱས་འདུག་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་༸གོང་ས་སྐྱབས་མགོན་ཆེན་པོར་བོད་མི་ཡོངས་ཀྱི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞེས་སུ་མཚན་གནས་ཕུལ་བ་དེའང་དངོས་དོན་དང་ལྡན་པར་གསལ་བཤད་བྱས་འདུག་སྙམ་དུ་འདོད་དོ།།
གསལ་བཤད།
སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༡ ཚེས་ ༣༠ ཉིན། རེབ་གོང་གི་སྙན་སྐུལ་ཡི་གེ་འདིར་དཔྱད་ཞིབ་ཀྱི་ཆེད་ཨ་རིའི་ VOAབོད་སྐད་བརྙན་འཕྲིན་ཁང་གི་ཀུན་གླེང་བགྲོ་གླེང་ལ་ཞུགས་ནས་གླེང་ཙམ་བྱས་ཤིང་། སྐབས་དེར་དུས་ཚོད་ཀྱི་དབང་གིས་སྙིང་དོན་སྤྱི་ལྡོག་ནས་ངོ་སྤྲོད་ཙམ་ལས་མ་བྱུང་སྟབས། དེ་རིང་འདིར། ཀུན་གླེང་ནང་བགྲོ་གླེང་ཞུས་པའི་སྙིང་དོན་རྣམས་རྩོམ་ཡིག་གི་ཚུལ་དུ་སྤེལ་བ་ཡིན། སྤྱི་ལོ་ ༢༠༡༢ ལོའི་ ༡༢ ཚེས་ ༥ ཉིན་རྫོགས་པར་བྲིས།
___________________________________________________
ཟུར་སྦྱར།
རེབ་གོང་སྙན་སྐུལ་ཞུ་ཡིག
༸རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་བ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས་རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ་ཕངས་སེམས་དང་རེ་བ་ཆེན་པོས་སྙན་བསྐུལ་ཞུ་རྒྱུ།
ཉེ་བའི་ལོ་འདི་དག་གི་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་མང་པོ་བོད་ཀྱི་ས་གནས་གང་སར་རྒྱུན་མ་ཆད་པར་འབྱུང་བཞིན་ཡོད་པ་འདི་གཞུང་དམངས་མི་སྒེར་གྱི་ཕྱོགས་གང་ཐད་ནས་བསམས་ན་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ནང་གི་ངོ་བོ་དང་ཕྱི་ཡི་རྣམ་པ་གཉིས་ཆར་ནས་མི་རྣམས་ལ་སྐྱོ་སྣང་དང་དངངས་འཚབ། ཕངས་སེམས་བཅས་ངང་ངམ་ཤུགས་ཀྱིས་སྟེར་བའི་འུ་ཐུག་ཐབས་ཟད་དང་། སེམས་ཁོང་གྲང་བ། སུས་ཀྱང་ལྟ་མི་བཟོད་ཅིང་མཐོང་མི་འདོད་པའི་བྱ་སྤྱོད་ཀྱི་རིགས་འདི་འདྲ་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་འོང་ངམ་སྙམ་པའི་བསམ་གཞིག་དང་སེམས་ཁུར་བོད་མི་རྒན་དར་གཞོན་བྱིས་ཐམས་ཅད་ཀྱིས་བྱ་འོས་པ་ཞིག་ཀྱང་རེད་ལ་ངེས་པར་བྱེད་དུ་བྱེད་དགོས་པ་ཞིག་ཀྱང་རེད། རིན་ཐང་བྲལ་བའི་འགྲོ་བ་མི་ཡི་ལུས་རྟེན་བཟང་པོ་འདི་ལྟ་བུ་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་རེས་ལན་གཅིག་ཙམ་རྙེད་པ་འདི་སྐྱོ་སྡུག་འཕྲལ་རྐྱེན་གྱི་དབང་དུ་མི་གཏོང་བར་རང་དང་འགྲོ་བ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་པའི་ཐབས་སུ་ད་དུང་ཡུན་རིང་བོར་བེད་སྤྱོད་གཏོང་རྒྱུའི་སེམས་ཤུགས་ངེས་ཅན་དུ་ཡོད་དགོས། མ་འོངས་པར་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་མཉམ་གནས། ཁ་མིན་དོན་གྱི་བརྟན་ལྷིང་དང་འཆམ་མཐུན་ངོ་མའི་སྤྱི་ཚོགས་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཆེད་དུ་ང་ཚོས་མིག་གིས་རྒྱང་རིང་ལ་བལྟ་དགོས། རྒྱལ་ཁབ་ལ་ཕན་ཞིང་མི་རིགས་ལ་ཕན་པ། རང་གི་ས་གནས་ལ་ཕན་པའི་རླབས་ཆེན་ལས་དོན་ཞིག་བསྒྲུབ་ན་ཁ་ཐུག་གི་ངང་རྒྱུད་ཐུང་བའི་བློ་སྣ་དེ་ཙམ་གྱིས་འགྲིག་གི་མ་རེད། དོན་ཆེན་ལ་ངང་བསྲིང་དགོས་པ་འདི་གཞན་གྱིས་བཙན་ བཀའ་བཏང་བ་ལྟ་བུ་མ་ཡིན་པར་གནས་ལུགས་ཤིག་དང་། གཏན་ཚིགས་ཤིག་ཡིན་པས་ང་ཚོོས་ངེས་པར་དུ་བརྩིས་ན་བཟང། ང་ཚོར་ཚེ་སྲོག་ཉུང་། ང་ཚོར་ཚེ་སྲོག་མང་པོ་འདོར་རྒྱུ་མེད། ང་ཚོའི་ཚེ་སྲོག་གི་རྒྱུན་བསྲིང་དགོས། རྣམ་པ་འདི་འདྲའི་རང་སྲོག་རང་གིས་གཅོད་དགོས་པའི་བསམ་སྤྱོད་དང་ཐབས་ཤེས་སྐྱོ་བོ་འདི་དག བོད་ཀྱི་བསྟན་འགྲོ་རིག་གནས་དང་བཅས་པ་ལ་ཕྱག་རྗེས་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་དག་གི་ཐུགས་དགོངས་དང་མི་མཐུན་པར་མ་ཟད་འབྱུང་འགྱུར་བོད་ཀྱི་མི་རིགས་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་གཞིགས་དང་འགན་ལེན་བྱེད་ཕོད་པའི་གཞོན་ནུ་རྣམ་དཔྱོད་ཅན་མང་དག་ཅིག་གི་བཞེད་ཕྱོགས་དང་ཡང་ཕལ་ཆེར་མི་མཐུན་སྙམ་པས། ང་ཚོས་རང་གི་བླ་མའི་ཞབས་བརྟན་དང་མ་འོངས་གངས་ལྗོངས་ཀྱི་བདེ་སྐྱིད་གསར་བ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསོད་ནམས་གོང་ནས་གོང་དུ་འཕེལ་བའི་ཐབས་སུ་རང་དང་གཞན་གྱི་སྲོག་གཅོད་སྤོང་བས་མཚོན་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ལ་ཅི་ནུས་སུ་འབད་ཅིང་། གློ་བུར་གྱི་རྐྱེན་ངན་ཐོག་རྫིས་བྱེད་ཕོད་པའི་རླབས་ཆེན་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོ་ཕྲག་ཏུ་བགོས་ནས་སེམས་ཀྱི་ཤུགས་བསྐྱེད། བསམ་པའི་གཟེངས་བསྟད་དེ་རང་གི་མི་རིགས་འདི་མི་རིགས་གཞན་དང་མཚུངས་པར་འཛམ་གླིང་གོ་ལ་ཟླུམ་པོའི་སྟེང་ཇི་སྲིད་བར་དུ་འཚོ་སྡོད་བྱེད་པའི་རྨང་གཞི་དང་མཐུན་རྐྱེན་གྱི་ཆེད་དུ་བོད་རང་གི་སྐད་དང་ཡི་གེ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་བཟང་བོ་སོགས་རྒྱུན་འཛིན་གོང་སྤེལ་གྱི་རང་ཚུགས་མ་ཉམས་པའི་ངོས་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ལམ་ཡག་པོ་ཚན་རིག་གི་ཤེས་ཡོན་ལ་ཤུགས་བརྒྱབ་སྟེ། མི་རིགས་གཞན་དང་སྤྱི་ཚོགས་གཞན་གྱི་རྗེས་ཆོད་པ་ཞིག་བྱ་རྒྱུའི་ཆོད་སེམས་དང་དམིགས་ཡུལ་ཡོད་པའི་སྒོ་ནས། གདེང་ཚོད་མེད་པའི་མིག་གིས་ལྟ་ཕྱོགས་དང་བསམ་བློ་གཏོང་ཕྱོགས་རྣམས་གནས་ལུགས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཏེ་རང་གཞན་ཀུན་ལ་སྡུག་བསྔལ་ཉིས་བརྩེགས་ཀྱི་ཐབས་སྐྱོའི་གནས་ཚུལ་འདི་རིགས་མྱུར་དུ་མཚམས་འཇོག་ཡོང་བར་སྤྱི་ཚོགས་ལ་ཤ་ཚ་ཞིང་མི་རིགས་ལ་ཤ་ཚ་བ། མིའི་ཚེ་སྲོག་ལ་ཤ་ཚ་བའི་ཀུན་སློང་རྣམ་དག་གིས་པུས་མོ་ས་ལ་བཙུགས་ཐལ་མོ་སྙིང་གར་སྦྱར་ཏེ། ནག་ཐིག་བྲལ་བའི་སེམས་ཀྱི་རེ་བ་དཀར་པོ་ཕུར་ཚུགས་སུ་ཞུ་བ་ལགས་ན། ཤ་རུས་གདུང་རྒྱུད་ཀྱིས་ཕྱོགས་གཅིག་ཏུ་སྦྲེལ་ཞིང་ཆོས་དང་སྐད་ཡིག་གིས་ཕྱོགས་གཅིག་ཏུ་བཅིངས་པའི་རང་རིགས་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་ཕྱོགས་ཐམས་ཅད་ལ་བསལ་བློ་གཏོང་ཤེས་པའི་སྒོ་ནས་གང་ཞུས་རེ་བ་འདི་ཉིད་དོན་འབྲས་ལྡན་པ་ཞིག་ཡོང་བའི་ཐུགས་བསམ་དབྱིངས་ནས་བསྐྱེད་པར་མཛོད་དང་། རིང་མིན་འཕྲལ་དུ་སེལ་འོས་ཤིང་སེལ་དགོས་པའི་སྤྱི་ཚོགས་དང་མི་རིགས་ཀྱི་རྒྱུན་འབྱམས་ཀྱི་གནད་དོན་གྱི་རིགས་དང་། མི་རིགས་ཀྱི་བདེ་སྡུག་ལ་ངེས་པར་དུ་འགན་འཁུར་དགོས་པའི་རེ་སྐུལ་ནན་མོ་ང་ཚོས་སེམས་ཤུགས་ཆེར་བསྐྱེད་ཀྱིས་རང་ནུས་ཡོད་རྒུ་བཏོན་ཏེ་ཞུ་རྒྱུ་ཡིན། །
ཞེས་རེབ་གོང་གི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་སྣེ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས།
སྤྱི་ལོ་ ༢༠༡༢ ལོའི་ ༡༡ པའི་ཚེས་ ༡༩ ཉིན།
རེབ་གོང་ཞུ་ཡིག་སྐོར་ཁ་སྔོན་ཀུན་གླེང་ནས་གོ་ཐོས་བྱུང་། དེ་རིང་བསྐྱར་དུ་ཁ་གསལ་དོན་འདུས་ཤིག་གླེང་འདུག གླེང་མཁན་ལ་ཐུགས་རྗེ་ཆེ་ཞུ། ཞུ་ཡིག་འདི་གནད་འགག་ཅན་གྱི་ཡིག་ཆ་ཞིག་རེད། བོད་ཀྱི་ལོ་རྒྱུས་ནང་འགོད་འོས་པ་དང་འགོད་ངེས་པའི་ཞུ་ཡིག་ཅིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ལགས།
དངོས་ཡོད་བདེན་པའི་སྐད་ཆ་བཤད་ན་འདི་ལྟར་བཤད་དགོས། རང་རིགས་ཚང་མས་དངོས་ཡོད་བདེན་པའི་སྒང་ལ་འགྲོ་རྒྱུར་འབད་བརྩོན་གནང་རོགས། བསྟན་རབ་ལ་ཐུགས་རྗེ་ཞུ།
ཡི་གེ་འདི་མགོ་ནས་མཇུག་བར་དུ་ཡིག་འབྲུ་རེ་རེ་བཞིན་དེད་དེ་བཀླགས་ཟིན། བསམ་འཆར་དམིགས་བསལ་བ་བཤད་རྒྱུ་ཅང་མེད། རང་ས་རང་ཡུལ་གྱི་གནས་སྟངས་རྒྱུས་ལོན་དང་དུང་ཞེན་ཟབ་པ་ཚོར། ཤུགས་བརྒྱབས་འདུག ཡག་པོ་རེད།
གཞིས་པ་ཚོའི་ཕྱག་ལས་གནང་སྟངས་ལ་གླེང་སློང་ཞེ་དྲག་བྱུང་མ་སོང་། བོན་རྒྱའི་སྟོང་བཤད་ལ་སུན་སོང་ཟིག གཞོས་པ་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྲོག་རྡོས་བྱས་ན་ང་ཚོས་ཕྱི་ལོག་ལ་ཁྱབ་བསྒྲགས་དང་གླེང་སྟེགས་སྐྲུན་ཐུབ་ཀྱིན་མེད།
གཉིས་སྟོང་དྲུག་ལ་བདག་རེབ་གོང་དུ་གནས་བསྐོར་ལ་འབྱོར། རི་བོས་བསྐོར་ཡུལ་ལུང་ཕུན་སུམ་ཚོགས་པ་ཞིག་མཆིས།
དེ་ཀའི་དགོན་པ་སོ་སོའི་བླ་མ་དགེ་བཤེས་ལས་ཀྱི་སྣེ་མོ་བ་ཡོངས་དང་སྡེ་བ་ཡོངས་ཀྱི་རྒན་པ་བསམ་ཤེས་ཅན་བཅས་ནས་ལྷག་བསམ་རྣམ་དག་གིས་རང་རིགས་སྐྱ་སེར་རྒན་གཞོན་ཡོངས་ལ་ཕངས་སེམས་དང་རེ་བ་ཆེན་པོས་སྙན་བསྐུལ་གསུངས་པ་དེ་དེ་བཞིན་དུ་འགྲུབ་པར་སྨོན། གུས་རང་དཔག་ཚད་མང་པོ་བསྐྱོད་དེ། ཉིན་དགུང་ལ་རང་གནས་སུ་སླེབས་པ་ཡིན། རྩོམ་ཡིག་འབྲི་བ་པོ་ལ་རབ་ལ་ཞག་བསྐྱེད། འབྲིང་ལ་ཟླ་བསྐྱེད། ཐ་མར་ལོ་བསྐྱེད་ཅེས་པའི་་ཁ་རྒྱུན་ལྟར། ནུས་པ་ངོ་མ་ནི། ཞེས་པ་མ་ཡིན་པར་༼ནུས་པ་དངོས་ནི་༽ཞེས་པ་མཐོང་ནས། ཞག་བསྐྱེད་ཡོད་པ་ལ་བསམས་ན་མ་འོངས་པ་ན། མཁས་དབང་དངོས་མ་ཆགས་པ་ལ་ཐེ་ཚོམ་མེད། འདིར་ཐུགས་དགོངས་དང་མི་མཐུན་པར་མ་ཟད་འབྱུང་། འདིའི་ནང་གི་དགོངས་དང་། དུས་ཀྱི་དགོངས་གཉིས་འདྲ་བ་རྒྱུ་མཚན་དུ་བྱས་ཏེ། བཞེད་པ་ལ་དགོངས་པ་ཞེས་མིང་ཆགས་ཚུལ་ལ་བཤད་པ་ཞིག་ཁོ་བོའི་ཡིད་ལ་འཁོར། འདི་ལ་མཁས་པ་དག་གིས་དགག་བསྒྲུབ་རེ་ཡོད་ངེས། གཞན་ཡང་། བདག་པོ་རྒྱག་སྟངས། ཤུགས་བརྒྱབ་སྟེ། ཞེས་པ་དེ་དག་དོན་དག་གཅིག་ཡིན་པ་ལ་འབྲི་ཚུལ་གཉིས་འདུག བདག་གི་ཁ་སྐད་དུ། རྒྱབ་ཅེས་མ་མ་གཏོགས་རྒྱག་ཅེས་པ་མེད། འདི་ལ་ཡང་གསལ་བཤད་ཅིག་འབྱུང་ན་ཀུན་ལ་ཕན་ནོ།།
ལོ་ངོ་བཞི་ཡི་རིང་ལ་རྒྱུན་ཆད་མེད་པ་དཀའ་ལས་རྒྱབ་ཅིང་གྲུབ་འབྲས་སུ་བོད་དོན་ལ་རྒྱལ་སྤྱིའི་དོ་སྣང་དང་རྒྱ་ནག་གིས་ཁ་ཡ་མི་བྱེད་ཐུབ་མེད་བྱེད་པའི་དུས་ལ་སླེབས་འཕྲོ་ཡོད་བའི་སྐབས་སུ་རེབ་གོང་གི་སྡར་མ་ཁ་ཅིག་གིས་སྐད་ཆ་འདི་ལྟར་བཤད་པ་ནི་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་ཞི་བའི་འཐབ་རྩོད་ཀྱི་འགྲོ་ཕྱོགས་ཙམ་ཡང་རྨོངས་བའི་སྐད་ཆ་འདི་ནི་བོད་མི་རིགས་འདི་རྩ་འགྲོ་བྱེད་ཀྱི་ཐན་སྐད་དང་པོ་རེད། དཀའ་ངལ་མེད་པའི་འཐབ་རྩོད་ཅིག་ཡོད་ན་རིན་ཐང་མེད་པའི་དངོས་ཤིག་ཡིན་གྲུབ་ཅིང་། རང་གིས་དཀའ་ལས་རྒྱག་འདོད་མེད་ཅིང་རྒྱག་མཁན་རྣམས་ལ་ཁ་བཏང་བ་ནི་བོད་མི་རིགས་འདི་འཆི་སར་ཁྲིད་པའི་སྟ་གོན་རེད། ཁྲིད་གོང་གི་སྡར་མ་དང་ཁེ་ཕན རིང་ལུགས་པ་ཁ་ཤས་ཤིག་རེད། ཁོང་ཚོས་ད་བར་དཀའ་ལས་རྒྱབ་པའི་དཔའ་བོའི་ཚེ་སྲོག་རྣམས་ཆུ་ཟོས་སུ་བཏང་དང་བཏང་བཞིན་ཡོད་པས་ལྟ་ཚུལ་དེ་ནི་དངོས་གནས་ཉེན་ཚབས་ཅན་གྱི་ནང་ཡམས་ཤིག་ཏུ་ཁུམས། བོད་རྒྱ་ནི་རང་ལ་ལྟ་གྲུབ་མེད་པའི་བློན་པོ་ཆུ་སྣ་གར་ཁྲིད་ཅིག་རེད། དེ་སྔོན་མེ་སྲེགས་ལས་འགུལ་ལ་རྒྱབ་སྐྱོར་བྱས། ད་ལྟ་མཚམས་འཇོག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཧཧཧཧ
ནོར་བཅོས།
ལོ་ངོ་བཞི་ཡི་རིང་ལ་རྒྱུན་ཆད་མེད་པ་དཀའ་ལས་རྒྱབ་ཅིང་གྲུབ་འབྲས་སུ་བོད་དོན་ལ་རྒྱལ་སྤྱིའི་དོ་སྣང་དང་རྒྱ་ནག་གིས་ཁ་ཡ་མི་བྱེད་ཐུབ་མེད་བྱེད་པའི་དུས་ལ་སླེབས་འཕྲོ་ཡོད་བའི་སྐབས་སུ་རེབ་གོང་གི་སྡར་མ་ཁ་ཅིག་གིས་སྐད་ཆ་འདི་ལྟར་བཤད་པ་ནི་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་དང་ཞི་བའི་འཐབ་རྩོད་ཀྱི་འགྲོ་ཕྱོགས་ཙམ་ཡང་རྨོངས་བའི་སྐད་ཆ་འདི་ནི་བོད་མི་རིགས་འདི་རྩ་མེད་འགྲོ་བྱེད་ཀྱི་ཐན་སྐད་དང་པོ་རེད། དཀའ་ངལ་མེད་པའི་འཐབ་རྩོད་ཅིག་ཡོད་ན་རིན་ཐང་མེད་པའི་དངོས་ཤིག་ཡིན་པས་གྲུབ་ཅིང་། རང་གིས་དཀའ་ལས་རྒྱག་འདོད་མེད་ཅིང་རྒྱག་མཁན་རྣམས་ལ་ཁ་བཏང་བ་ནི་བོད་མི་རིགས་འདི་འཆི་སར་ཁྲིད་པའི་སྟ་གོན་རེད། ཁྲིད་མཁན་ཡང་རེབ་གོང་གི་སྡར་མ་དང་ཁེ་ཕན་རིང་ལུགས་པ་ཁ་ཤས་ཤིག་རེད། ཁོང་ཚོས་ད་བར་དཀའ་ལས་རྒྱབ་པའི་དཔའ་བོའི་ཚེ་སྲོག་རྣམས་ཆུ་ཟོས་སུ་བཏང་དང་བཏང་བཞིན་ཡོད་པས་ལྟ་ཚུལ་དེ་ནི་དངོས་གནས་ཉེན་ཚབས་ཅན་གྱི་ནད་ཡམས་ཤིག་ཏུ་ཁུམས། བོད་རྒྱ་ནི་རང་ལ་ལྟ་གྲུབ་མེད་པའི་བློན་པོ་ཆུ་སྣ་གར་ཁྲིད་ཅིག་རེད། དེ་སྔོན་མེ་སྲེགས་ལས་འགུལ་ལ་རྒྱབ་སྐྱོར་བྱས། ད་ལྟ་མཚམས་འཇོག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག
༼ འབྱུང་འགྱུར་བོད་ཀྱི་མི་རིགས་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་གཞིགས་དང་འགན་ལེན་བྱེད་ཕོད་པའི་གཞོན་ནུ་རྣམ་དཔྱོད་ཅན་མང་དག་ཅིག་གི་བཞེད་ཕྱོགས་དང་ཡང་ཕལ་ཆེར་མི་མཐུན་སྙམ་པས ༽་་་ཟེར་བ་སོགས་ནི་༧དཔལ་ཀརྨ་པ་སོགས་ཡིན་ངེས་པ་རེད། ཡི་གེ་འདི་ཡག་པོ་རེད།།
བློ་ཕམ་པ་ཞིག་ལ། ཡི་གེ་འདིར་ཐིག་ཕྲེང་རེ་རེ་ཞེས་འགྲེལ་བཤད་རྒྱབ་ནས་འཕྲོ་བརླག་ལ་བཏང་འདུག གྲྭ་ལོག་ཁྲལ་མེད་ཞིག་གིས་རེབ་གོང་གི་བླ་གྲྭ་དཔོན་གསུམ་གྱི་དགོངས་ལ་ལོན་ཐུབ་ཀྱི་ཡོད་ན། འཁྲབ་སྟོན་འདི་རིགས་མཐོང་ན་སུན་གི ཡི་གེ་ཡི་གེའི་སར་བཞག་ན་ཡག་གི་རེད། བོད་ནང་ལ་འབོད་སྐུལ་ཞིག་བཙན་བྱོལ་ནང་གླེང་ནས་འཕྱར་དགོས་པ་མ་རེད། ངོ་ཚ་ཟེར་བ་འདིའང་མི་ལ་དགོས་པ་ཞིག་རེད་གདའ།།
ཡི་གེ་འདི་ལ་མིའི་མིང་དང་མཚན་རྟགས་སོགས་ནི་གང་ཡང་མི་འདུག སུས་བྲིས་འདིའི་བྲིས་མེད་པ་ཞིག་ཡིན་སྟབས་རེབ་གོང་གི་མི་ཆེན་བླ་ཆེན་སུ་ཞིག་གིས་བྲིས་ཤེས་མ་སོང་། དངོས་གནས་མི་ཆེན་བླ་ཆེན་མང་པོ་ཞིག་གྲོས་བྱས་ནས་བྲིས་པ་ཡིན་ན་མ་མཐའ་ཡང་མིའི་མིང་འདྲ་བོ་ཁ་ཤས་དགོས་རྒྱུ་རེད་བསམ། འདིའི་བརྗོད་ཚིག་ཅིག་གི་ནང་ལ་བོད་མི་སྤྱི་བོ་གནམ་བསྟན་ཟེར་བའི་གཏམ་དཔེ་ཞིག་དྲངས་འདུག སྤྱིར་ན་སྤྱི་བོ་གནམ་བསྟན་ཟེར་བའི་གཏམ་དཔེ་དེ་ནི་ལྷ་སའི་ཕྱོགས་མ་གཏོགས་ཨ་མདོའི་ཕྱོགས་ལ་དར་ཁྱབ་མེད། གཅིག་བྱས་ན་འབྲི་བ་པོ་དེའི་ལྷ་སའི་སྐད་སྦྱངས་མྱོང་མཁན་རེ་ཡིན་ན་ནི་གང་ཤེས།
རེབ་གོང་སྙན་སྐུལ་འདི་བོད་ནང་གི་རེད། ད་དུང་བོད་ཕྱི་ན་ཡོད་པའི་རེབ་གོང་གི་ཤེས་ཡོན་པ་ཁག་ཅིག་གིས་བོད་ནང་ལ་སྤྲིངས་པའི་ཞུ་ཡིག་ཅིག་ཡོད་སྐོར། དྲ་ཚིགས་ཁ་ཡིག http://www.khabdha.org/?p=37135 འདི་ན་ཤར་པྱོགས་ཁུག་རྟས་བྲིས་གདའ།
ཤར་ཕྱོགས་ཁུག་རྟ་ཡིས། ༼འདི་ལ་སྔ་མོ་ནས་རྒྱབ་སྐྱོར་ཞུས་པ་བཞིན། ཁ་སང་ཁ་ཏ་བསླབ་བྱ་གནང་མཁན་རྣམས་ངའི་ཕ་ཡུལ་དུ་འབྱོར་སྐབས་དགའ་སྤྲོ་དཔག་མེད་བྱུང། དེ་བཞིན་འདི་ནས་རེབ་གོང་གི་ཤེས་ལྡན་པ་སྐོར་ཞིག་གིས་ཕ་ཡུལ་ལ་སྤྲིངས་པའི་ཕྱག་འཕྲིན་དེའང་མི་འགྱངས་པར་ཀུན་ལ་གཟིགས་མོར་བཤམས་ངེས།།༽ ཞེས་བྲིས་གདའ། ཞུ་ཡིག་དེ་ཡང་གནད་འགག་ཅན་ཆགས་འདུག དྲ་ངོས་ལ་འགོད་ནས་ཚང་མས་ལྟ་ཀློག་ཐུབ་པ་ཞིག་གནང་མཁན་ཡོད་ན་དེ་ཡང་ལེགས་པ་དྲན།
༡༼ སུས་ཀྱང་ལྟ་མི་བཟོད་ཅིང་མཐོང་མི་འདོད་པའི་བྱ་སྤྱོད་ཀྱི་རིགས་འདི་འདྲ་ལ་བརྟེན་ནས་འབྱུང་འགྱུར་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་འོང་ངམ་སྙམ་པའི་བསམ་གཞིག་དང་སེམས་ཁུར་བོད་མི་རྒན་དར་གཞོན་བྱིས་ཐམས་ཅད་ཀྱིས་བྱ་འོས་པ་ཞིག་ཀྱང་རེད་ལ་ངེས་པར་བྱེད་དུ་བྱེད་དགོས་པ་ཞིག་ཀྱང་རེད། ༽
༢༼ གདེང་ཚོད་མེད་པའི་མིག་གིས་ལྟ་ཕྱོགས་དང་བསམ་བློ་གཏོང་ཕྱོགས་རྣམས་གནས་ལུགས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཏེ་རང་གཞན་ཀུན་ལ་སྡུག་བསྔལ་ཉིས་བརྩེགས་ཀྱི་ཐབས་སྐྱོའི་གནས་ཚུལ་འདི་རིགས་མྱུར་དུ་མཚམས་འཇོག་ཡོང་བར་སྤྱི་ཚོགས་ལ་ཤ་ཚ་ཞིང་མི་རིགས་ལ་ཤ་ཚ་བ། མིའི་ཚེ་སྲོག་ལ་ཤ་ཚ་བའི་ཀུན་སློང་རྣམ་དག་གིས་པུས་མོ་ས་ལ་བཙུགས་ཐལ་མོ་སྙིང་གར་སྦྱར་ཏེ། ༽
དུམ་བུ་འདི་གཉིས་ནི་རང་སྲེག་གི་མདུན་ལམ་དང་དེ་འབྲེལ་གྱི་འགན་བབ་སྐོར་རེད་འདོད། འདི་གནད་འགག་ཆེ་ཤོས་རེད།
༣ ༼ དོན་ཆེན་ལ་ངང་བསྲིང་དགོས་པ་འདི་གཞན་གྱིས་བཙན་ བཀའ་བཏང་བ་ལྟ་བུ་མ་ཡིན་པར་གནས་ལུགས་ཤིག་དང་། གཏན་ཚིགས་ཤིག་ཡིན་པས་ང་ཚོོས་ངེས་པར་དུ་བརྩིས་ན་བཟང། ༽
དུམ་བུ་གསུམ་པ་འདིས་རང་སྲེག་གི་ཐབས་ལམ་ཐད་དགོངས་ཚུལ་བཏོན་འདུག ཁོར་ཡུག་ཡོད་པ། གོ་སྐབས་མ་ནོར་བ། གྲུབ་འབྲས་ཐོན་ངེས་པ་བཅས་ཀྱི་ལས་འགུལ་སྤེལ་རྒྱུ་ཆབ་སྲིད་ལས་འགུལ་སྤེལ་སྟངས་ཡིན་སྟབས་དེར་དགོངས་པ་བཞེས་པ་མིན་འགྲོ ། གནད་འགག་འདི་གཉིས་བར་ནས་སྦས་འདུག ཧཧཧཧ
འདི་དག་ངོ་མ་བཤད་ན་ཁུག་རྟ་དང་བོན་རྒྱས་བྲིས་པ་ལས་བོད་ནང་ནས་བསྐུར་བ་ཞིག་མ་རེད་བཞག རྫུན་ཡིག་གི་གཟོབ་འདུག གལ་ཏར་བོད་ནས་ཡིན་ན་དགོན་པ་དང་དགེ་བཤེས་བླ་མ་མཁན་པོས་རྟགས་དང་སུ་ཡིན་ཙམ་མི་འདུག རྒྱ་ལ་ཞུ་རུང་སྤྱི་ཁྱབ་དང་ཚོགས་གཙོ་རེ་ཡོད་ངེས་པས་མིང་གསལ་བོ་ཤོད་དགོས་འདུག
སྙིང་རྗེ་མ་ཤེས་པས་སྙིང་རྗེ་ཟེར་ན་རེབ་གོང་ནས་ཐོན་པའི་ཡི་གེ་དེ་བཟོ་མཁན་དེ་ཚོ་རེད། ང་དང་ཁྱོད་འདྲ་བ་བོད་སྤྱི་པའི་དོན་དུ་ལས་ཀ་སྣེ་གཅིག་ཡང་བྱེད་མ་ཐུབ་མཁན་ཚོ་ངོ་ཚ་བ་དང་སྙིང་རྗེ་བའི་གནས་ཡིན་པ་ལས། ཁོང་རྣམས་པ་ཡོད་ཚད་སྤྱི་དོན་དུ་བློས་བཏང་མཁན་རྣམས་གཟི་བརྗིད་ཅན། དོ་ཟླ་དང་བྲལ་བའི་དཔའ་བོ་དང་། སྤོབས་པའི་ཡུལ་ཡིན་པས་སྙིང་རྗེ་དགོས་པའི་ཡུལ་ག་ལ་ཡིན། དེས་ན་རེབ་གོང་དཔའ་བོའི་ཡུལ་ནས་སྡར་མའི་ཝ་སྐད་མ་རྒྱབ་རོགས། མདོར་ན་དགྲ་བོ་ལ་དགོས་པའི་ལས་ཀ་ང་ཚོས་ནམ་ཡང་བྱེད་མི་རུང་།
བོད་ནང་གི་བོད་མིའི་འབྲི་སྟངས་དང་ཚིག་སྦྱོར་སྦྱར་སྟངས་ཞིག་གི་རྣམ་པ་རྩ་བ་ཉིད་ནས་མི་འདུག་པས། ཕལ་ཆེར་བཙན་བྱོལ་བའི་མི་བུ་གཡོ་ཅན་པ་ཁ་ཤས་ཤིག་གིས། རྒྱ་ཁྱིའི་ལྟོ་ཕོགས་རེག་པར་རེ་ནས་ང་ཚོ་ལ་ཡང་མགོ་སྐོར་ཞིག་བཏང་ཡོད་པ་འདྲ། ཁ་སྐྱོལ་ཞོར་ལ་སྣབས་བསྐུས་ཟེར་བ་དེ་འདྲ་མི་འགྲོ་བསམ་པའི་དོགས་པ་ཤུགས་ཆེན་སྐྱེས་སོང་།
ཞུ་ཡིག་འདི་མཚོ་སྔོན་བརྙན་འཕྲིན་ནང་ཐེངས་མང་པོ་བཀླགས་སོང་། ངས་ཐེངས་གཉིས་ལ་ལྟ་ཐུབ་སོང་བས་ཡིན།
དང་པོ། རིན་ཐང་བྲལ་བའི་འགྲོ་བ་མི་ཡི་ལུས་རྟེན་བཟང་པོ་འདི་ལྟ་བུ་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ད་རེས་ལན་གཅིག་ཙམ་རྙེད་པ་འདི་སྐྱོ་སྡུག་འཕྲལ་རྐྱེན་གྱི་དབང་དུ་མི་གཏོང་བར་རང་དང་འགྲོ་བ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་སྒྲུབ་པའི་ཐབས་སུ་ད་དུང་ཡུན་རིང་བོར་བེད་སྤྱོད་གཏོང་རྒྱུའི་སེམས་ཤུགས་ངེས་ཅན་དུ་ཡོད་དགོས།
གཉིས་པ། མ་འོངས་པར་འཛམ་གླིང་ཞི་བདེ་དང་སྤྱི་ཚོགས་མཉམ་གནས། ཁ་མིན་དོན་གྱི་བརྟན་ལྷིང་དང་འཆམ་མཐུན་ངོ་མའི་སྤྱི་ཚོགས་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་ཆེད་དུ་ང་ཚོས་མིག་གིས་རྒྱང་རིང་ལ་བལྟ་དགོས།
གསུམ་པ། རྒྱལ་ཁབ་ལ་ཕན་ཞིང་མི་རིགས་ལ་ཕན་པ། རང་གི་ས་གནས་ལ་ཕན་པའི་རླབས་ཆེན་ལས་དོན་ཞིག་བསྒྲུབ་ན་ཁ་ཐུག་གི་ངང་རྒྱུད་ཐུང་བའི་བློ་སྣ་དེ་ཙམ་གྱིས་འགྲིག་གི་མ་རེད།
བཞི་པ། རྣམ་པ་འདི་འདྲའི་རང་སྲོག་རང་གིས་གཅོད་དགོས་པའི་བསམ་སྤྱོད་དང་ཐབས་ཤེས་སྐྱོ་བོ་འདི་དག བོད་ཀྱི་བསྟན་འགྲོ་རིག་གནས་དང་བཅས་པ་ལ་ཕྱག་རྗེས་ཆེ་བའི་བླ་མ་དགེ་བའི་བཤེས་གཉེན་དག་གི་ཐུགས་དགོངས་དང་མི་མཐུན་པར་མ་ཟད་འབྱུང་འགྱུར་བོད་ཀྱི་མི་རིགས་དང་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་བསམ་གཞིགས་དང་འགན་ལེན་བྱེད་ཕོད་པའི་གཞོན་ནུ་རྣམ་དཔྱོད་ཅན་མང་དག་ཅིག་གི་བཞེད་ཕྱོགས་དང་ཡང་ཕལ་ཆེར་མི་མཐུན་སྙམ་པས།
ལྔ་པ། ང་ཚོས་རང་གི་བླ་མའི་ཞབས་བརྟན་དང་མ་འོངས་གངས་ལྗོངས་ཀྱི་བདེ་སྐྱིད་གསར་བ། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བསོད་ནམས་གོང་ནས་གོང་དུ་འཕེལ་བའི་ཐབས་སུ་རང་དང་གཞན་གྱི་སྲོག་གཅོད་སྤོང་
དྲུག་པ། གདེང་ཚོད་མེད་པའི་མིག་གིས་ལྟ་ཕྱོགས་དང་བསམ་བློ་གཏོང་ཕྱོགས་རྣམས་གནས་ལུགས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཏེ་རང་གཞན་ཀུན་ལ་སྡུག་བསྔལ་ཉིས་བརྩེགས་ཀྱི་ཐབས་སྐྱོའི་གནས་ཚུལ་འདི་རིགས་མྱུར་དུ་མཚམས་འཇོག་ཡོང་བར
བདུན་པ། རང་རིགས་སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས་ཕྱོགས་ཐམས་ཅད་ལ་བསལ་བློ་གཏོང་ཤེས་པའི་སྒོ་ནས་གང་ཞུས་རེ་བ་འདི་ཉིད་དོན་འབྲས་ལྡན་པ་ཞིག་ཡོང་བའི་ཐུགས་བསམ་དབྱིངས་ནས་བསྐྱེད་པར་མཛོད་དང་།
ཁུངས་ལུང་གང་ཡང་མེད་པའི་གོང་གསལ་ལྟར་རེབ་གོང་སྙན་བསྐུལ་ཅེས་པའི་ཡིག་འཆལ་འདིས་འུ་ཚོའི་རྒྱལ་གཅེས་པ་ཚོས་རང་ལུས་གསོན་བསྲེགས་བཏང་བར་ཅི་འདྲའི་ནུས་མེད་ཅིག་དང་དོན་མེད་ཅིག་ཏུ་བརྩིས་ཏེ་མཐོང་ཆུང་དང་ཁྱད་གསོད་ཅིག་བྱས་མི་འདུག་གམ། ད་དུང་འདིའི་རྒྱབ་ལོག་ན་སུ་ཞིག་གི་སྲིད་ཇུས་དང་ངན་འབྲེལ་ཡོད་པ་དོགས་གཞི་ཆེན་པོ་འདུག ཐུགས་རྗེ་གཟིགས་རང་གིས་མི་ནུས་པར་གཞན་ནུས་མེད་དུ་མ་བཟོ་རོགས་གནང་། འོ་ན་༸གོང་ས་མཆོག་གིས་སྲིད་སྐྱོང་ཁྲིར་ཕེབས་སྐབས་དཀའ་ངལ་འཕྲད་པའི་གནས་སྐབས་ང་ཡོད་ཡོད་པ་རེད། གསུངས་པ་དེ་ཡང་ཞལ་རྫུན་དུ་ཆགས་སོང་བ་རེད་དམ། དོན་གྱི་བདག་པོ་ཡོད་བཞིན་དུ་འདི་འདྲའི་འགན་ཁུར་མེད་པའི་སྐད་འཆལ་རིགས་མ་སྤེལ་རོགས། སྙན་བསྐུར་ཞུ་ས་དེ་ནང་མི་མ་རེད་རྒྱ་ནག་དབུས་གཞུང་རེད་འདི་ཅིས་ཀྱང་མ་བརྗེད། རེབ་གོང་གི་གནད་ཡོད་པ་རྣམ་པ།
མཚོ་སྔོན་བརྙན་འཕྲིན་ནང་བསྟན་ཡོད་ན་ངཚོ་དེ་བས་ཀྱང་ཟབ་དགོས། རྒྱ་ནག་གི་བརྙན་འཕྲིན་ཐམས་ཅད་གཞུང་གི་སྟངས་འཛིན་འོག་ཡོད་པ་རེད། གལ་སྲིད་ཡི་གེ་དེ་བརྙན་འཕྲིན་ནང་བསྟན་ཡོད་ན་གཞུང་གིས་གྲ་སྒྲིག་པ་ཞིག་ཡིན་པ་གསལ་པོ་རེད།
དེ་མིན་བོད་པའི་མངོན་འདོད་ངོ་མ་ནམ་ཡང་བརྙན་འཕྲིན་ནང་བསྟན་མི་སྲིད།
ཨ་ཕྱི་ཆོས་སྒྲོན་དང་བོད་ལ་ཞེན་གནམ་བཅས་ཀྱིས་བཤད་པ་ཐམས་ཅད་ལྡོག་ཕྱོགས་ཡིན་བར་འདོད།།
ཐུགས་རྗེ་ཆེ། འདི་ནི་གཏམ་རྣལ་མ་ཞིག་སྟེ། མི་གཤིས་དངོས་མ་དག་གི་ཤ་ཚ་ཞིང་། དོན་ཟབ་པའི་སྙིང་གཏམ་དྲོན་མོ་ཞིག་རེད་ཨང་། མི་ལུས་རིན་ཆེན་དོན་མེད་དུ་ཆུད་མི་འཛའ་བའི་སྨོན་འདུན་ཤུགས་དྲག་ཞུ།
ཡི་གེ་འདི་གཞིས་ལུས་རེབ་གོང་བའི་བླ་གྲྭ་དཔོན་གསུམ་གྱིས་བྲིས་པ་ཡིན་དུ་ཆུག་ཀྱང་། འབྲི་བའི་དུས་ཚོད་དེ་མེ་ལྕེ་རང་གི་སྒོ་འགྲམ་ལ་སླེབས་པའི་དུས་སྐབས་ཡིན་སྟབས། དང་ལེན་བྱེད་བདེ་བོ་ཞིག་ཡོད་པ་མ་རེད། མེ་ལྕེ་འདི་རེབ་གོང་ལ་མ་སླེབས་པའི་སྔོན་དུ་བོད་ཁུལ་གྱི་ས་གནས་མང་པོ་ཞིག་ནས་བོད་མིའི་ཚེ་སྲོག་མང་པོ་ཞིག་འཁྱུར་མུད་བཏང་ཡོད་ཀྱང་། གཞིས་ཀྱི་རེབ་གོང་གི་བླ་གྲྭ་དཔོན་གྱིས་ངལ་ཁྲོལ་མེད་ལ། དེ་བས་ཀྱང་བྱེས་ཀྱི་རེབ་གོང་བ་བོན་རྒྱ་བསྟན་རབ་ཀྱིས་མུ་མཐུད་ནས་འབར་དགོས་རབས་ཀྱི་གཏན་ཚིག་དང་གནས་ལུགས་རྐྱང་རྐྱང་བགྲང་ཡོད་པ་སུས་ཀྱང་ལོས་ཤེས། འོན་ཏེ་མེ་ལྕེ་འདིས་རེབ་གོང་གི་མི་བུ་གང་མང་ཞིག་གི་ཚེ་སྲོག་གི་རྒྱུ་བ་བཅད་ཅིང་། ད་དུང་མེ་ལྕེ་འདི་རེབ་གོང་གི་མི་ཚང་རེ་རེའི་སྒོ་འགྲམ་དུ་སླེབས་པ་ལྟ་བུའི་འཇིགས་སྣང་བྱུང་དུས་གཞི་ནས་གཞིས་ཀྱི་ཡིན་ཟེར་བའི་རེབ་གོང་གི་བླ་གྲྭ་དཔོན་གསུམ་ཟེར་བ་ཞིག་གཉིད་ལས་སད་པ་ལྟར་སྙན་སྐུལ་ཡི་གེ་ཞེས་པ་འདི་སྤྲིང་ཞིང་། བྱེས་ཀྱི་བོན་རྒྱ་བས་འདི་ལ་འ་འགྲེལ་ཡང་འགྲེལ་བྱས་པ་སོགས་ནི་བོན་རྒྱས་”
་ཟབ་གསལ་གཟུ་གསུམ་ལྡན་པ”ཞེས་པའི་ནང་གི་གཟུ་དེ་ཡིན་པ་འདྲ།
གང་ལྟར་ཡི་གེ་འདི་ལ་ད་དུང་དགེ་སྐྱོན་གྱི་ཆ་མང་པོ་ཞིག་གླེང་རྒྱུ་ཡོད་ནའང་། དགོས་པ་ཆུང་བས། དེ་ཙམ་མ་གཏོགས་གླེང་ན་མ་འདོད་ཐལ།
གཤམ་གསལ་འདི་ནི་བོན་རྒྱ་བསྟན་རབ་ཀྱིས་ཕྱི་ལོ་༢༠༡༢ ཟླ་༢ ཚེས་༧ ཉིན་དུས་བབ་དྲ་ཐོག་ཏུ་སྤེལ་བའི་རྩོམ་ཡིག་གི་བརྗོད་སྙིང་ཧྲིལ་གྱིས་བསྡུས་པའི་ཁ་བྱང་གི་འགྲེལ་ལྟ་བུ་དེ་རེད། རྩོམ་ཡིག་འདི་སྤེལ་ནས་ཉིན་ཞེ་གཅིག་སོང་མཚམས་རེབ་གོང་བ་འཇམ་དབྱངས་དཔལ་ལྡན་གྱིས་རང་ལུས་མེར་སྲེག་གནང་བ་ནས་ད་བར་རྒྱལ་གཅེས་དཔའ་བོ་རེབ་གོང་བཅུ་བཞིས་བགྱི་བ་འདི་དང་དུ་བླངས་ཡོད་པ་རེད།
༼ བོད་ནང་གི་བོད་པ་ཚོ་ངེས་པར་ཡར་ལངས་དགོས་པ་རེད། སྡེབ་ལངས་བྱེད་དགོས་པ་རེད། མེ་ལྕེ་དེ་དག་ཀྱང་འབར་དགོས་པ་རེད། མུ་མཐུད་ནས་རྣམ་གྲངས་མང་བ་དང་ངར་ཤུགས་ལྡན་པའི་སྒོ་ནས་འབར་དགོས་པ་རེད། ད་མཚམས་ཤིག་བཞག་ན་ད་ལྟ་འགྲོ་བཞིན་པའི་མེ་ལྕེ་ལས་འགུལ་འདི་ལོ་རྒྱུས་ལ་འགྱུར་འགྲོ་གི་རེད། ༽
ཀློག་མཁན་རྣམས་ཀྱིས་རེ་དོགས་མེད་པར་རེབ་གོང་གི་ཞུ་ཡིག་འདི་ངོས་འཛིན་གནང་ཐུབ་པའི་རེ་བ་ཡོད། ཞུ་ཡིག་འདི་ལ་རྒྱུད་སྐུལ་དང་གནོན་ཤུགས་སོགས་གང་ཡང་མེད་པར་རེབ་གོང་དགོན་གྲོང་ཁག་ཅིག་གི་སེར་སྐྱ་རྒན་རྒོན་བསམ་ཤེས་ཅན་རྣམས་ཀྱིས་རེབ་གོང་རང་ལ་ཞུ་སྐུལ་གནང་བ་དེ་དངོས་བདེན་རེད།
ཞུ་ཡིག་འདི་རེབ་གོང་ལ་ཕུལ་བ་དང་རེབ་གོང་ཡུལ་ནས་ཞུ་ཡིག་གི་བདེན་མཐའ་གསལ་རྒྱུར་ཐུགས་རེ་གནང་བཞིན་པས་ན། ཞུ་ཡིག་ལ་ཁྲིད་སྟོན་དང་གསལ་བསྒྲགས་གནང་མཁན་ཡང་རང་བཞིན་གྱིས་མི་དགོས་པ་ཆགས་ཡོད།
དེས་ན་གཟུར་གནས་རྣམས་ཀྱིས་རེབ་གོང་གི་ཞུ་ཡིག་འདི་མེ་རེབ་གོང་ལ་མཆེད་པ་ཁོ་ནས་གློ་བུར་དུ་ཐོན་པར་ངོས་འཛིན་ཡེ་ནས་མི་གནང་བ་ཞུ་རྒྱུ་དང། རང་ལ་བཤད་རྒྱུའི་འོས་བབ་ཡོད་པར་གྱུར་བ་ནས་རང་གི་སྙིང་གཏམ་རང་ས་ནས་མགོ་བཙུགས་པ་འདི་བོད་སྤྱི་དང་བྱེ་བྲག་རེབ་གོང་གི་ཆེད་དུ་ཡིན་པ་མངོན་གསལ་ཡིན་སྟབས། ཞུ་ཡིག་ཞུ་ཡིག་གི་ས་ནས་ཅི་ནས་ཀྱང་རང་སོར་འཇོག་གནང་ཡོང་བ་དང། བསྟོད་མི་ཤེས་མཁན་དང་གླེང་མི་ཤེས་མཁན་གྱིས་གླེང་བ་ལས་ང་ཚོས་ལོ་གཉིས་གསུམ་རིང་ཡུན་ཙམ་བཞག་ན་སྤྱི་བྱེའི་གནས་བབ་གང་ལའང་ཕན་ཚོད་གདའ་བས། ཀུན་གྱིས་དེ་དོན་ཐུགས་འཛིན་གནང་རོགས་ཞེས།།