རེབ་ཐོག་མདའ།
ང་དང་གནའ་མཁར་ཟི་ལིང་།
དེ་རིང་། ང་རང་གནའ་མཁར་ཟི་ལིང་ན་ཡོད།
གནའ་མཁར་ཟི་ལིང་ནི།
དེང་རབས་ཀྱི་ཁྱད་ཆས་ལྡན་པའི་གྲོང་ཁྱེར་ཞིག་རེད།
འཕྲུལ་འཁོར་གྱི་ལྡིར་སྒྲ་དང་མི་ཚོགས་ཀྱི་འདུ་འཛུ་ཡིས
གནའ་མཁར་ཟི་ལིང་གི་ཡོད་ཚད་སྔོན་ཐོན་གྱི་གྲལ་ཏུ་འཚང་བཞིན་པ་རྟོགས
ཟི་ལིང་གི་ནམ་ཟླ་ནི་རེབ་གོང་དང་མི་འདྲ་བར
ཤུགས་ཀྱི་ལྡིང་བའི་རླུང་བུ་ནི་གཏུམ་གཅོད་ཀྱི་ཁེངས་བའི་མི་ཞིག་དང་འདྲ་བར
ང་རང་རླངས་འཁོར་ནས་བབས་མ་ཐག
ཚ་ཤུར་ཤུར་གྱི་འགྲམ་ལྕག་ཤིག་བཞུས་སོང་ལ
ཡར་མར་རྒྱུ་བའི་མི་ཚོགས་ཡང་སྐྱ་མདོག་གི
ཚུགས་ཀ་ཞིག་བཟུང་ནས་འདུར་བཞིན་མཆིས
ང་དེ་རིང་། གནའ་མཁར་ཟི་ལིང་གི་མེ་འཁོར་འབབ་ཚུགས་སུ་ཡོད
གོ་ཐོས་སུ། ཟི་ལིང་རླངས འཁོར་འབབ་ཚུགས་སུ་རྐུ་མ་མང་རབས་ཟེར
ཡིན་ཡང་བདག་གི་རྐུ་མ་ཞིག་ཨེ་སླེབས་སྒུག་ཀྱང་།
གསེར་དངུལ་གྱི་རྒྱན་ཆ་མེད་པའི་ང་རྐུ་མ་ཞིག་ལ་དགོས་མཁོ་མེད་པ་འདྲ
ད་དུང ཟི་ལིང་མེ་འཁོར་འབབ་ཚུགས་སུ
ཐག་རིང་ནས་སླེབས་པའི་བོད་པ་མང་བ་བདེན་མོད
གྲྭ་བ་ལ་ཤས་དང་འབྲོག་པ་ཁ་ཁེར་ལས
ང་དང་འདྲ་བར་རྒྱ་ལ་གོན་མཁན་ཁོ་ནའོ
ང་དེ་རིང་། གནའ་མཁར་ཟི་ལིང་ན་ཡོད
མེ་འཁོར་འབབ་ཚུགས་ནས་ས་འོག་ཚོང་ར་བར་དུ
མེ་ཏོག་གི་ཞིང་ཁམས་ཡིན་པའི་རྩ་ཐང་མེད་པར
ཡོད་ཚད་ཁང་བརྩེགས་ཀྱི་བར་དུ་ལྷུང་བའི
རྡོ་བའི་འཇིག་རྟེན་ཞིག
ཟི་ལིང་གི་ལམ་མདོ་འགའ་ན
འདི་ལྟར་བྲིས་ཡོད་དེ”ཤེས་ཡོན་གྱི་སྤྱི་ཚོགས་དང་ཤེས་ཡོན་གྱི་མི་བུ”
ཞེས་བྲིས་འདུག་ཀྱང
སྤྱི་སྤྱོད་རླངས་འཁོར་ཏུ་འཚང་ཁ་བྱེད་པའི་རྣམ་པ་དང
ཁོར་ཡུག་གི་གཙང་སྦྲ་ལ་བལྟས་ན
ཤེས་ཡོན་གྱི་ཁོར་ཡུག་ཅིག་དང་རྣམ་པ་ཞིག་མཐོང་མ་སོང
ང་རང་གནའ་མཁར་ཟི་ལིང་ན་ཡོད
ཟི་ལིང་ན་ལང་ཚོ་སླད་ཀྱི་བྲིས་པའི་བུ་མོ་མང་ན་ཡང
རྩ་ཐང་གི་མེ་ཏོག་འདྲ་བའི་བུ་མོ་མི་འདུག
ཡིིན་ཡང
ལམ་འགྲམ་དང་ཟ་ཁང
ས་འོག་ས་སྟེང་གང་ལ་ཉུལ་ཀྱང
ཡོད་ཚད་ཁ་པར་གྱི་བྲན་གཡོག་སུ་གྱུར་འདུག་ལ
ཁ་པར་ཁོ་ན་ང་ཚོ་དང་ཆེས་ཉེ་བའི་གྲོགས་པོ་དེ་ཡིན་པ་འདྲ
གོ་ཐོས་སུ་ཟི་ལིང་ན
སྙན་ངག་པ་མང་རབས་ཟེར་མོད
དེ་རིང་ང་སྙན་ངག་པ་ཞིག་ལ་མ་ཐུག་ལ་སྙན་ངག་གི་བརྗོད་བྱ་ལེགས་པོ་ཞིག་ཀྱང་རྙེད་མ་སོང
ཡིན་ཡང
སློབ་གྲྭ་ཆེན་མོ་བ་ཨེ་ཡིན་སྙམ་པའི
ན་གཞོན་མང་ལ
དེའི་ཁྲོད་དུ་སྐེ་ལ་ཕྲེང་བ་གོན་ཡོད་པ་ཡང་ཤིན་ཏུ་མང
ཟི་ལིང་གི་ས་འོག་ཚོང་ར་ན
ང་ལྟ་བུའི་དབུལ་བོ་ཚོ་ལ་མཁོ་བ་མང་ན་ཡང
ཨ་མས་གནང་བའི་ལུས་པོ་འདི་ལ
ད་དུང་ཅི་ཡང་མི་མཁོ་བས
ངས་མིག་གཡེང་བཞིན་སྐད་ཅོར་སྒྲོག་གིན་པའི་ཚོང་ཞབས་དག་ལ་བལྟས
གནའ་མཁར་ཟི་ལིང
བོད་པ་འདུས་སྡོད་ཆེ་བ་བདེན་མོད
གྲངས་ཉུང་གི་འུ་ཚོ
ཟི་ལིང་གི་ཁྲོམ་གཞུང་ན་མཐོང་ཉུང་བས
ངས་ཚོད་ཚོད་ལ་དབུགས་རིང་ཅིག་འཐེན་དགོས་བྱུང
གནའ་མཁར་ཟི་ལིང
བོད་ཡིག་ཁ་ཁེར་ལས
བོད་སྐད་ཉུང་ཉུང་ལས
ཅི་ཡང་མཐོང་ཐོས་སུ་མ་གྱུར་བས
ངས་གོམ་ཁ་ཕྱིར་ཕ་ཡུལ་ཏུ་སྒྱུར་ན་བསམ།
ཚོར་བ་གཟུགས་སུ་ཕབ་ཚུལ།
བཅུད་ལྡན་སྣ་མང་ཟས་ཀྱི་སྡེར་ཁ་ལ་རོལ་ཀྱང་།།
ལུས་ཀྱི་དྲོད་གྲང་འཇལ་བའི་གོས་གསར་མང་གྱོན་ཡང་།།
སེམས་ཀྱི་འདོད་འདུན་འགོག་པའི་ངེས་ཤེས་རེ་མེད་ན།།
མི་རྟག་དངོས་པོའི་ཚོགས་ཀྱི་ཚིམ་ཐུབ་རེ་མི་འདུག།
མྱི་ཡི་ལུས་སེམས་དངོས་ཀྱི་བྲན་གཡོག་སུ་གྱུར་ཡང་།།
འདོད་པའི་བློ་ངོར་སྟོང་བསམ་སྣང་བ་ཡི་འཁྲུལ་བཞིན།།
སྒེར་སེམས་སྙིང་ན་འགུལ་བའི་འཁོར་འདུས་ཀྱི་མགྲོན་པོས།།
མི་རྟག་ཚེ་ལ་བརྟེན་པའི་ཡིད་སེམས་ཏེ་འཁྲེངས་འདུག།
རང་རྒྱུད་གཏུམ་པོ་འདུལ་བའི་བློ་རིག་གི་སྟོང་ཡང་།།
གཞན་སེམས་བདེན་པའི་ཡིད་ལ་ཕྲོག་དོག་གི་མྱོས་པའི།།
བསླུ་བྲལ་གཡོ་ལ་གོམས་པའི་ཝ་སྐྱེས་ཡི་གཟུགས་ལ།།
ཡ་ཆུང་ཟབ་ས་ཞིག་ནས་ཡི་ཀ་དེ་འགག་ཐལ།།
རྟོགས་ལྡན་སྐྱེས་བུ་དམ་པའི་ཞབས་རྗེས་དེ་མ་ཟིན།།
རིག་པའི་གཞུང་ཆེན་སྨྲ་བའི་རྣམ་དཔྱོད་ཡང་མ་མཆིས།།
སྐད་དང་ཡི་གེ་གནས་ལ་འབད་འབུངས་ཀྱི་བསམ་བློ།།
རྒྱུད་ལ་ཅུང་ཙམ་འཆར་ཡང་དབྱར་དུས་ཀྱི་གནམ་སྔོ།།
ནང་སེམས་གཤིས་ལ་བཏེགས་པའི་ཕྱི་ལུས་ཀྱི་ཆ་ལུགས།།
བདག་ཞེས་ཕུང་བོ་འདི་ཡི་རྒྱ་མ་དེ་ཡིན་མོད།།
ཕྱི་ལུས་མཛེས་པ་གཙོ་བའི་གནའ་དེང་བར་ན།།
སྲོལ་ལ་གས་ཆག་ཤོར་བའི་སྔ་ལྟས་ཞིག་ཤར་འདུག།
ཡིད་ཀྱི་ཟབ་སའི་ཚིག་དག་ཚོར་བ་ཡི་འཆད་ཀྱང་།།
རྒྱབ་མདུན་ཁ་དོག་མི་གཅིག་དེང་དུས་ཀྱི་མྱི་ཡིས།།
མ་ཤི་གསོན་པོ་གསོད་པའི་སྡུག་རྩུབ་ལ་བཞིགས་ན།།
སྙིང་ཆུང་དམར་པོ་གཏིང་ལ་ན་ཟུག་གི་གཟེར་སོང་།།
ཁ་སང་འཛུམ་གྱི་རྙེད་པའི་ཚོར་ཤེས་ཀྱི་གྲོགས་ཀྱིས།།
ད་ནངས་བཞིན་རུས་ནག་པོའི་ཉམས་སྣང་རེ་སྟོན་ཀྱང་།།
མི་འགྱུར་བསླུ་མེད་བརྟེན་པའི་མི་གཤིས་ཀྱི་དྭངས་མ།།
འདམ་སྐྱེས་པདྨ་མའི་ངང་ཚུལ་རྟག་བརྟན་དུ་གནས་སྲིད།།
སློབ་གསོ་བ་འགའི་གསུང་ལ་མྱོང་རྗེས།
འཛུམ་གྱི་མེ་ཏོག་གཏོར་བའི་བཞིན་རས་དེའི་ཧྲག་ན།།
མི་གཤིས་རི་མོ་མི་གསལ་ལྐོག་གྱུར་གྱི་དྲི་རྟགས།།
ཡིད་ཀྱི་དུངས་ཀ་འདྲེན་པའི་ཉམས་འགྱུར་གྱི་ཕྱུག་ཀྱང་།།
མི་སེམས་བཅོས་མའི་འཇིག་རྟེན་བསླུ་བ་འདི་སྐྲག་གི།
སྲིད་པའི་ནོར་གྱི་སྒུལ་བའི་མི་སེམས་ཀྱི་འགྱུར་བས།།
ཁ་ངོ་མཐུག་པོ་ཅན་ཚོ་ཟློས་གར་ལ་ཞུགས་ན།།
སེམས་ཀྱི་བདེ་སྡུག་བཅོལ་བའི་ཡ་ཁོག་གི་སྐད་ཆ།།
ཐོས་དཔྱོད་བདེན་པ་འཛིན་པའི་ཡིད་རྟོན་དེ་སུ་འཆད།།
འོད་ཀྱི་ཕུང་བོར་གྲུབ་པའི་ཉི་ཟླ་ཟུང་བསྐྱུར་ནས།།
སྒྲོན་མེ་འོད་ལ་བརྟེན་ནས་དཀར་ངོགས་སུ་འཇུག་པའི།།
དེང་གི་སློབ་གསོ་སྐྱོང་བའི་རྒྱུད་རིམ་བཞིགས་ན།།
ཁྲོམ་གྱི་ཟླ་བ་འཛིན་པའི་སྤྲེའུ་ཡི་གཏམ་རྒྱུད།།
ཐ་སྙད་སྐམ་པོ་ངོས་ལ་ཆུ་ཐིག་རེ་གཏོར་ནས།།
རྩ་བ་གཏིང་ནས་རུལ་ཡང་ཡལ་ཀ་ལ་འཐམས་པའི།།
བོད་ཀྱི་སྐད་རིགས་གླེང་བའི་ཚུགས་ཀ་རེ་སྟོན་ཀྱང་།།
དོན་གྱི་རུལ་ཟུང་ཡིན་པ་ལྐོག་གྱུར་གྱི་མཚན་མ།།
རང་ལམ་བདེ་ན་གཞན་དོན་ཟ་ཟུར་ནས་ཤོར་ཀྱང་།།
དོན་ཆེན་འཁྱོངས་འདུག་སྙམ་པའི་སྣང་བ་ཡི་ཁེེེངས་བཞིན།།
རིགས་ཀྱི་བདེ་སྡུག་གླེང་བའི་ཁ་ལྕེ་དེ་བདར་ཞོར།།
གྲགས་པའི་སྙན་པ་འཚོལ་བ་དེང་སང་གི་འགྲོ་ལུགས།།
རྒུལ་པའི་སྔ་ལྟས་འདུག་ཞེས་ཐ་སྙད་ཀྱི་ཚོགས་ཀྱིས།།
མང་འདུས་འགོ་ནས་ཚིག་གི་ཆར་བ་རེ་བབས་ཀྱང་།།
ཐར་བའི་ལམ་ཁ་སྟོན་པའི་ལག་ལེན་གྱི་སྟོང་ན།།
འུ་ཅག་འགྱིག་གིས་བཟོས་པའི་མེ་ཏོག་ལས་མ་འདས།།
ཁྱོད་ཀྱིས་འགན་འཁྲི་ཟེར་བ་ཅུང་ཙམ་རེ་རྟོགས་ནས།།
རང་གཞན་བདེ་འདོད་སྤྱི་ཡངས་རྒྱ་མ་ལ་བཏེགས་ན།།
ངས་ཀྱང་རིགས་ལ་ཞེན་པའི་ལྷད་མེད་ཀྱི་སེམས་པ།།
དུས་ཀྱི་འགྱུར་འགྲོས་བར་ནས་ངམ་ངམ་གྱི་བཞུར་སྲིད།།