རས་པ།
རོ་ཐང་དུ།
ངས་རང་ཉིད་རླུང་དང་སྤྲིན་པའི་གཤོག་པར་བཏགས།
སྨུག་པའི་གསེང་གི་གངས་རི།
གནའ་བོའི་གླུ་སྐད་ཀྱི་མཛེས་པར་བསྙེས་ཤིང་།
སྤང་ཐང་གི་ང་རྒྱལ་འཁྱེར་བའི་སེར་ཆེན་འདི་དག
སུ་ཞིག་གི་བསླུ་བྲིད་དང་འགྲོགས་ནས་རྒྱ་གར་དུ་ཡོང་ངམ།
ལོ་ངོ་བཅུ་ཕྲག་སྔོན་དུ།
པེ་ཅིན་འགྲུལ་ལམ་དུ་བོད་ཡུལ་མཐོང་ཞིང་།
ལོ་ངོ་བཅུ་ཕྲག་རྗེས་ནས།
འཕགས་ཡུལ་གྱི་རི་མཐོ་ས་གཙང་གི།
འགྲུལ་ལམ་ཞིག་ཀྱང་བོད་ཡུལ་དུ་མཐོང་།
དགའ་དགོས་སམ་སྐྱོ་དགོས།
རྒྱལ་མཚམས་བརྒལ་ཡང་།
ས་གཞིའི་བྱམས་བརྩེ་ཡིས།
བདག་གི་གློ་མཆིན་ལ་གོམས་འདྲིས་ཆེ་བའི།
དབུགས་རྒྱུན་གྱི་རྗེས་འཛིན་བྱེད།
༢༠༡༨།༨།༢ཉིན།
རོ་ཐང་ལ། ཁྱེད་ནས་མཐོང་བ་ནི།
གངས་རི་དང་རྫ་རི།
བྲག་རི་དང་སྤང་རི།
ད་དུང་ནགས་ཚལ་དང་། ཤང་ཤང་དུ་རྒྱུགས་པའི་གཙང་པོ།
ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་སོགས་ཀྱིས་ཡོངས་སུ་རྒྱན་པའི་ཡུལ་ལྗོངས།
ཁྱེད་ནི་སྙན་ངག་པ་རས་པས་ལྗོངས་རྒྱུའི་ཁོར་ཡུག་ཅིག་ཏེ།
ཁོང་གི་ཕྱིར་དྲན་གྱི་ལོ་ཟླ་སྐྱུར་མོ་ཡིན་ལ།
རང་དབང་གི་གཤོག་རྩལ་ངོམ་སའང་ཡིན།
རོ་ཐང་ལ། ཁྱེད་ནི།
ལོ་ཆེན་རིན་ཆེན་བཟང་པོ་དང་། ལྷ་བླ་ཁུ་དབོན་རྣམ་གཉིས།
ཁུ་ནུ་བླ་མ་སོགས་སྐྱེས་དམ་པའི་ཞབས་ལམ་དྲོན་མོ་ཡིན་ལ།
དེང་གི་རིག་གཅིག་མཁས་དབང་རྣམས་ཀྱིས་ཞིབ་འཇུག་གི་ལམ་བུའང་ཡིན།
རོ་ཐང་།
རོ་ཐང་དམར་རི་ཀོག་གཟར་གསུམ། །
བོད་ཆེན་གར་ཞྭ་སྤྀ་ཏི་དང་། །
མང་ཡུལ་ཀུ་ལུ་མ་ན་ལིའི། །
བོད་ཧིན་ས་མཚམས་རྙིང་གྲས་རེད། །
སྐྱིད་སྡུག་གཉིས་བྲལ་ཐབས་མེད་པ་མཉམ་འགྲོ་མཉམ་སྡོད་བྱེད་པ་དང་
དེ་བཞིན་དགའ་སྐྱོ་གཉིས་ཀྱང་བྲལ་ཐབས་མེད་པ་ནི་འཇིག་རྟེན་ཆོས་ཉིད་རེད།