དགེ་བཤེས་འཇམ་དབྱངས་ཆོས་འཕེལ། (པུར་རྒྱལ་གྱིས་འོས་སྦྱོར་ཞུས།)
མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཀྱི་ནང་ཆོས་ངོ་སྤྲོད། ཐེངས་བཞི་པ།
《དལ་འབྱོར་གྱི་མི་ལུས་ངོ་སྤྲོད།》
ད་ཐེངས་རོང་བོ་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཕྲན་ལ་ནང་ཆོས་སྐོར་ནས་དམངས་ཚོགས་ལ་ངོ་སྤྲོད་བྱེད་པའི་དུས་ཚོད་བཀོད་སྒྲིག་གནང་སོང་། ངེད་ནས་ཁོང་རྣམ་པའི་བཀའ་མ་ཟློག་ཙམ་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚེས་བཅུ་གསུམ་གྱི་ཉིན་འདིར་དལ་འབྱོར་གྱི་ཆོས་སྐོར་དང་མི་ཆོས་གཙང་མ་བཅུ་དྲུག་གི་ངོ་སྤྲོད་མདོར་བསྡུས་ཞིག་ཞུ་རྒྱུ་ཡིན། ང་ཚོ་སྟོན་པ་ཤཱཀྱ་ཐུབ་པར་སྐྱབས་འགྲོ་བྱེད་མཁན་ཞིག་དང་། ཁོང་གི་ཆོས་ལ་ཐོས་བསམ་ཉམས་ལེན་བྱེད་མཁན་གྱི་མི་ཞིག་ཏུ་ཆགས་ཡོད།
ཡིན་ནའང་། ནམ་རྒྱུན་གྱི་དམ་ཆོས་སྒྲུབ་ཚུལ་ལ་བལྟས་ན། དད་པ་ཙམ་ཞིག་ཡོད་ན་དེ་ཙམ་གྱིས་ཆོག་ཤེས་དང་ཡིད་ཚིམ་ནས་ཞལ་འདོན་དང་གཟུངས་སྔགས་འདྲ་བགྲང་ནས་སྡོད་ཀྱིན་ཡོད། དད་པ་ངོ་མ་ནི། དེ་ཙམ་ཞིག་མིན་པར་ཟབ་མོའི་ལམ་གྱི་རིམ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པའི་ཐོག་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་ཚུལ་གྱི་གནས་ལུགས་ཆ་ཚང་ལ་མ་ནོར་བ་ཞིག་བཀའ་སྡེ་སྣོད་གསུམ་ལས་ཐོན་ཡོད་པས། དགེ་བའི་བཤེས་གཉེན་བསྟེན་ནས་ཁྱད་ཆོས་དེ་རྣམས་གང་ལ་གང་འཚམས་ཞིག་ཤེས་རྟོགས་བྱུང་བའི་ཐོག་ནས་རང་རྒྱུད་ལ་སྐྱེས་པའི་དད་པ་སྤུས་གཙང་ཞིག་ཡིན་དགོས། རྒྱུ་མཚན་མ་མཐོང་བར་སོ་སོའི་ཕ་མེས་ཀྱི་ཆོས་ཀྱི་གོམས་གཤིས་ལྟ་བུའི་ཐོག་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་ཟེར་བ་ཙམ་གྱི་དད་པ་དེ་བརྟན་པོ་དང་དམ་ཆོས་སྒྲུབ་པ་ལ་སྟོབས་ཆེན་པོ་ཞིག་མི་འོང་།
དད་པ་འདིའི་རིགས་ནི་གོམས་སྲོལ་ལྟ་བུ་ཞིག་ཏུ་གྱུར་ནས་ཁ་ཙམ་ཚིག་ཙམ་དུ་ལུས་རྒྱུའི་ཉེན་ཁ་དུས་རབས་འདིའི་ནང་སླེབས་ཀྱིན་ཡོད་པ་འདི་ང་ཚོས་ཤེས་དགོས་ལ་ཞིབ་ཏུ་བསམ་བློ་གཏོང་དགོས་པའི་གནད་འགག་ཅིག་རེད་སྙམ། དེའི་ཕྱིར་སེར་སྐྱ་རྒན་གཞོན་ཕོ་མོ་མེད་པར་ཆོས་ལ་སློབ་སྦྱོང་བྱས་ཏེ། དད་པ་དེ་ཤེས་རབ་ཀྱི་གྲོགས་དང་བཅས་པ་ཞིག་དང་། སྙིང་རྗེ་དང་ལྷག་བསམ་སོགས་ཤེས་རབ་ཀྱི་གྲོགས་ཅན་དུ་འགྲོ་བར་འབད་བརྩོན་བྱེད་དགོས། དད་པ་དང་ཤེས་རབ་ཟུང་འབྲེལ་གྱི་ཐོག་ནས་ཆོས་སྒྲུབ་ན་ཕན་ཐོགས་ཆེན་པོ་ཞིག་འབྱུང་བ་ཐེ་ཚོམ་མེད། ནང་ཆོས་ལ་སློབ་སྦྱོང་བྱས་ཏེ། བསམ་བློ་ཡང་ཡང་བཏང་། མིའི་རྣམ་དཔྱོད་ཀྱི་ནུས་པ་ཚད་དམའ་རིམ་ནས་ཚད་མཐོན་པོར་ཕྱིན་པའི་ཐོག་ནས་ལུས་ངག་ཡིད་གསུམ་ཉམས་ལེན་དུ་སྦྱོར་རྒྱུ་དེ་ཆོས་ཀྱི་འགྲོ་སྟངས་ཡིན་པ་ལས། ང་རང་ཚོའི་མི་ཚེ་གནས་ཚུལ་འཚོ་བ་དངོས་དང་མ་འདྲེས་པའི་དག་ཞིང་དང་། དཀོན་མཆོག་གསུམ་པོ་ཞེས་མི་མངོན་པའི་དབྱིངས་ཤིག་ཏུ་བསམས་ཏེ་སྐྱབས་སུ་མཆི་ཟེར་ནས་དད་པ་བྱེད་རྒྱུ་གཅིག་བུ་དང་སྨོན་ལམ་རྒྱག་རྒྱུ་ཙམ་ཞིག་རྩ་བ་མིན་ནོ། །
དལ་བ་བརྒྱད་བཤད་པ།
དལ་བ་ནི། ཆོས་བྱེད་པ་ལ་མི་ཁོམ་པ་བརྒྱད་དང་བྲལ་བའི་དོན་ཡིན། མི་ཁོམ་པ་བརྒྱད་ནི། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་ཟློག་པའི་སླད་དུ་འབད་པར་མཛོད། །ཞེས་གསུངས་པ་ལྟར་མི་མ་ཡིན་པའི་མི་ཁོམ་པ་བཞི་དང་མིའི་མི་ཁོམ་པ་བཞིའོ། །
མི་མ་ཡིན་པའི་མི་ཁོམ་པ་བཞི་བཤད་པ།
༡ དམྱལ་བ་ནི། ཚ་གྲང་གི་སྡུག་བསྔལ་ཆེ་བས་དམ་ཆོས་སྒྲུབ་པར་མི་ཁོམ་སྟེ། རང་ཅག་ད་ལྟ་དམྱལ་བར་སྐྱེས་ཡོད་པའི་དབང་དུ་བཏང་ན་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཅི་རིགས་ཀྱི་སྡུག་བསྔལ་དག་གིས་རྒྱུན་རིང་བར་མནར་བར་འགྱུར། དེས་ན་ཆོས་བྱེད་པ་ལྟ་ཞོག དམ་པའི་ཆོས་ཀྱི་ཚིགས་བཅད་གཅིག་ཙམ་གྱི་སྒྲ་ཡང་མི་ཐོས་པའི་ཁར། སྡུག་བསྔལ་འབའ་ཞིག་ཡིད་ལ་བརྣགས་ནས་སྡོད་རྒྱུ་ལས་མི་འོང་བས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་མི་འོང་། དེ་འདྲར་མ་སྐྱེས་པ་འདི་ཁྱད་ཆོས་དང་པོ་ཡིན།
༢ ཡི་དྭགས་སུ་སྐྱེས་ན་ནི། བཀྲེས་སྐོམ་ཆེ་བས་ཆོས་བྱེད་དུ་མི་ཁོམ་སྟེ། དཔེར་ན། རང་ཅག་ཤིན་ཏུ་བཀྲེས་ཤིང་ལྟོགས་པ་ཞིག་གི་སྐབས་སུ་བླ་སྤྲུལ་དགེ་བཤེས་འགའ་ཞིག་གིས་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་པར་བསྐུལ་ལྕགས་བཏང་ཡང་། བཟའ་བཏུང་དོན་གཉེར་གལ་ཆེན་བྱེད་པ་ལས་ཆོས་སྒྲུབ་རྒྱུར་མི་ཁོམ་པ་བཞིན་ཡིན། དེ་འདྲའི་ཡི་དྭགས་སུ་མ་སྐྱེས་པ་འདི་ཁྱད་ཆོས་གཉིས་པ་ཡིན།
༣ དུད་འགྲོར་སྐྱེས་ན་ནི། གླེན་ཞིང་གཏི་མུག་པས་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་གང་ཡང་བྱེད་པར་མི་ཁོམ་སྟེ། དཔེར་ན། ང་ཚོའི་མིག་གི་ཡུལ་ན་ཡོད་པའི་ཁྱི་དང་བོང་བུ་སོགས་ལ་མ་ཎི་ཚར་གཅིག་བགྲང་བའི་ནུས་པ་མེད། ཆོས་ལ་གོ་ཚོར་དེ་བས་ཀྱང་མེད། ཐ་ན་ཀ་ལྟ་བུའི་ཡི་གེ་གཅིག་ཀྱང་མི་ཤེས་ན། ཆོས་དང་རིག་གནས་གཞན་ག་ནས་ཤེས། དེ་བཞིན་དུ་དུད་འགྲོའི་རིགས་སོ་སོ་རང་རང་གི་སྡུག་བསྔལ་གྱིས་མནར་ནས་ཆོས་ལ་ཐོས་བསམ་སྒོམ་སྒྲུབ་བྱེད་དུ་མི་ཁོམ་པས་ང་ཚོ་ད་ལྟ་དེ་དག་ཏུ་མ་སྐྱེས་པ་ནི་ཁྱད་ཆོས་གསུམ་པ་ཡིན།
༤ ལྷ་ཚེ་རིང་བོ་ནི། ཁམས་གསུམ་གྱི་ནང་ནས་གཟུགས་མེད་དང་གཟུགས་ཁམས་ཀྱི་འབྲས་བུ་ཆེ་བའི་ཕྱོགས་གཅིག་ན་ཡོད་ཅིང་། དེར་དང་པོར་སྐྱེ་བ་བླངས་པའི་ཚེ་ལྷར་སྐྱེས་སོང་སྙམ་པ་དང་མཐར་འཆི་བའི་ཚེ་ལྷ་ལས་ཚེ་འཕོ་བར་འདུག་སྙམ་པ་ཙམ་གྱི་འདུ་ཤེས་ལས་ང་ཚོ་གཉིད་ལོག་པ་བཞིན་ཏིང་ངེ་འཛིན་ལ་འབྱམས་ཤིང་གཡེངས་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་བྱ་བའི་དོན་ཅུང་ཟད་ཙམ་ཡང་མི་ཡོང་བར་ཚེ་འཕོས་ཏེ་འགྲོ། གཞན་འདོད་ལྷའི་རིགས་རྣམས་ཀྱང་དགེ་བའི་བག་ཆགས་ཆེན་པོ་ཡོད་པ་འགའ་ཤས་ཤིག་མ་གཏོགས་ཕལ་ཆེར་དུས་རྟག་ཏུ་འདོད་པས་གཡེངས་ནས་ཆོས་མི་འོང་། དཔེར་ན། དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་ཆེན་པོ་འདིའི་ནང་དུ་སེམས་ཁྲལ་དང་། འདོད་དོན་མ་འགྲུབ་པས་བློ་ཕམ་པ། ཡིད་མ་ཚིམ་པ། སེམས་མ་སྐྱིད་པ། སྐྱོ་བ་དང་ཞུམ་པའི་སྡུག་བསྔལ་སྣ་ཚོགས་ཁྱབ་བརྡལ་ཆེ་བའི་སེམས་ཁམས་ཀྱི་ཚད་གཞི་འདིའི་འོག་ནས་ཐོས་བསམ་སྒོམ་སྒྲུབ་བྱེད་པར་མི་ཁོམ་པ་ལྟ་བུ་ཡིན། དེ་ལྟ་བུའི་ལྷ་ཚེ་རིང་བོར་མ་སྐྱེས་པ་འདི་ཁྱད་ཆོས་བཞི་བ་ཡིན།
མིའི་མི་ཁོམ་པ་བཞི་བཤད་པ།
༡ ཀླ་ཀློར་སྐྱེས་པ་ནི། སྐབས་འདིར་ཀླ་ཀློ་ནི་བླང་དོར་ལ་རྨོངས་པའི་མི་གླེན་པར་གོ་དགོས། ཕལ་སྐད་དུ་ཀླ་སེ་ཀློས་སེ་ཟེར་བའང་འདིའི་ཕྱོགས་སུ་ཉེ་བ་ཡིན། ད་ལྟ་རང་རེ་རྣམས་དེ་ལྟ་བུ་ཞིག་མིན་པ་འདི་ཁྱད་ཆོས་དང་པོ་ཡིན།
༢ དབང་བོ་མ་ཚང་བར་སྐྱེས་པ་ནི། རྣ་བ་སོགས་དབང་བོ་མི་ཚང་ཞིང་མི་གླེན་ལྐུགས་ཅན་དུ་སྐྱེས་པའོ།། འདིའི་གླེན་པ་ནི་ཡིད་དབང་ལ་སྐྱོན་ཞུགས་པ་དང་ལྐུགས་པ་ནི་ངག་ལ་སྐྱོན་ཞུགས་པར་གོ་དགོས། ཡུལ་དབུས་སུ་སྐྱེས་ཀྱང་བློ་རིག་མི་གསལ་བའི་གླེན་པ་དང་ངག་མི་འཁྲོལ་བའི་ལྐུགས་པར་སྐྱེས་ན་ནི་ཆོས་སྟོན་པ་པོ་དང་། བསླབ་བྱའི་ཆོས། དེ་སྒྲུབ་པའི་གྲོགས་བཟང་པོ་ཇི་འདྲ་ཞིག་དང་འཕྲད་ཀྱང་ཕན་འབྲས་ལེགས་པོ་ཞིག་མི་འོང་། ད་ལྟ་དེ་འདྲར་མ་སོང་བ་ནི་ཁྱད་ཆོས་གཉིས་པ་ཡིན།
༣ ལོག་ལྟ་ཅན་ནི། སྤྱིར་ན་ལོག་ལྟ་ནི་གཞིའི་གནས་ཚུལ་ལྟར་མི་འཛིན་པར་སྒྲོ་འདོགས་པའམ་སྐུར་བ་འདེབས་པ་གང་རུང་ཏུ་ལྟ་སྟངས་འཛིན་པའི་བསམ་བློ་ཞིག་ལ་བཤད་ཆོག་སྙམ། སངས་རྒྱས་པའི་ཆོས་གཞུང་ནང་ལ་ལོག་ལྟ་ལ་སྒྲོ་འདོགས་ཀྱི་ལོག་ལྟ་དང་སྐུར་འདེབས་ཀྱི་ལོག་ལྟ་གཉིས་བཤད་ཡོད། འོ་ན་སྒྲོ་འདོགས་དང་སྐུར་འདེབས་ཞེས་པ་གང་འདྲ་ཞིག་ཡིན་ཞེ་ན། དངོས་ཡོད་གནས་ཚུལ་ལ་ཡོད་པ་ཞིག་མེད་པར་འདོད་པ་ཡིན་ན་དེ་ལ་སྐུར་འདེབས་ཀྱི་ལོག་ལྟ་ཞེས་བརྗོད་པ་ཡིན། ཡང་དངོས་ཡོད་གནས་ཚུལ་ལ་མེད་པ་ཞིག་ཡོད་པར་འདོད་ན་དེ་རྣམ་རྟོག་གིས་སྒྲོ་བཏགས་པ་འབའ་ཞིག་གམ་རྣམ་རྟོག་གིས་བཀོད་སྒྲིག་ཙམ་ཡིན་པར་བརྟེན། དེ་ལ་སྒྲོ་འདོགས་ཀྱི་ལོག་ལྟ་ཞེས་བརྗོད། ལོག་ལྟས་འཛིན་ཚུལ་འདི་ལ་ཚད་རིམ་མི་འདྲ་བའི་རིགས་མང་པོ་ཡོད་དོ། །ལས་འབྲས་མེད་པར་ལྟ་བའི་ལོག་ལྟ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་མེད་པར་ལྟ་བའི་ལོག་ལྟ། སྐྱེ་བ་སྔ་ཕྱི་མེད་པར་ལྟ་བའི་ལོག་ལྟ། འདུས་བྱས་ཐམས་ཅད་རྟག་པར་ལྟ་བའི་ལོག་ལྟ། ཟག་བཅས་ཐམས་ཅད་བདེ་བར་ལྟ་བའི་ལོག་ལྟ། བདག་མེད་པ་ལ་བདག་ཏུ་ལྟ་བའི་ལོག་ལྟ། མྱང་འདས་ཐོབ་པ་མེད་པར་ལྟ་བའི་ལོག་ལྟ་སོགས་ཡོད། སྐབས་འདིའི་ལོག་ལྟ་ལ་དང་པོ་གསུམ་གང་རུང་བཞག་ཆོག་སྙམ། ལོག་ལྟ་ནི་དམ་པའི་ཆོས་ལ་འཇུག་པའི་གེགས་ཆེ་ཤོས་ཡིན། དཔེར་ན། དབང་བོའི་མངོན་སུམ་གྱི་ཡུལ་ཙམ་མ་གཏོགས་གཞན་གང་ལའང་ཡིད་མི་ཆེས་པའི་དེང་དུས་ཀྱི་མི་འགའ་རེ་ལྟ་བུའི་རིགས་མང་པོ་ཡོད། ང་ཚོ་ད་ལྟ་དེ་འདྲར་མ་སོང་བ་ནི་ཁྱད་ཆོས་གསུམ་པ་ཡིན།
༤ མཐའ་འཁོབ་ཏུ་སྐྱེས་པ་ནི། འཁོར་རྣམ་བཞི་མི་བཞུགས་པའི་ཡུལ་ལ་ཟེར་ཡང་ས་ཚིགས་ཀྱི་དབང་དུ་བྱས་ན་ང་ཚོའི་ཡུལ་ནི་མཐའ་འཁོབ་ཡིན་མོད་ཀྱང་། འཁོར་རྣམ་བཞིའི་གཙོ་བོ་དགེ་སློང་མང་དུ་བཞུགས་པས་མཐའ་འཁོབ་ཀྱི་དོན་མི་ཚང་བར་སྔོན་བྱོན་དམ་པ་མང་པོས་གསུངས། འཁོར་རྣམ་བཞི་ནི་དགེ་སློང་ཕ་མ་གཉིས་དང་དགེ་བསྙེན་ཕ་མ་གཉིས་ཏེ་བཞིའོ། ། ཀླ་ཀློ་ལ་སོགས་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་ནི་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་ཐོས་ཐུབ་པའི་དུས་ཚོད་མེད་ལ། རྒྱལ་བའི་བཀའ་བསྟན་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པའི་ཁོར་ཡུག་མེད་པས་ཆོས་ཚུལ་མཐུན་སྒྲུབ་པ་མི་འོང་། ཅུང་ཟད་བྱེད་པ་སྲིད་ཀྱང་ཁ་ཕྱོགས་དང་དམིགས་ཡུལ་ནོར་འགྲོ། ང་ཚོ་ད་ལྟ་དེ་འདྲར་མ་སོང་བ་ནི་ཁྱད་ཆོས་བཞི་བ་ཡིན།
འབྱོར་བ་བཅུ་བཤད་པ།
རང་འབྱོར་ལྔ། ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་སྟེ།
༡ དང་པོ་མི་ཉིད་ཡིན་པ་ནི། ཚེ་ཕྱི་མ་དང་འབྲེལ་བའི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་ཐབས་ལ་འཇུག་པ་ལ་འགྲོ་བ་རིགས་དྲུག་ལས་མི་ཁྱད་པར་དུ་འཕགས་པ་ཡིན་ཏེ། མི་ལ་བསམ་བློ་གཏོང་རྒྱུའི་ནུས་པ་ཧ་ཅང་ཆེ་བ་ཡོད། དུད་འགྲོར་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་རྒྱུའི་འདོད་པ་ཡོད་ཀྱང་འཕྲལ་སེལ་གྱི་གཞི་རྒྱ་ཆུང་ཆུང་གི་སྡུག་བསྔལ་སེལ་བ་དང་། བདེ་བ་སྒྲུབ་པ་དེ་ཙམ་ཞིག་མ་གཏོགས་ཕུགས་རྒྱང་རིང་བའི་བསམ་བློ་གཏོང་རྒྱུ་མེད། མི་ལ་རྣམ་དཔྱོད་ཡོད་པར་བརྟེན་སྡུག་བསྔལ་སེལ་བ་དང་བདེ་བ་སྒྲུབ་རྒྱུ་གཞི་རྒྱ་ཆེན་པོ་ཞིག་གི་ཐོག་ནས་ཕུགས་རྒྱང་རིང་བའི་བསམ་བློ་ལྡན་པར་མ་ཟད། ཆོས་དང་འཇིག་རྟེན་གཉིས་ཆར་ལ་དཔྱོད་པའི་ཤེས་རབ་ཀྱི་རྩལ་ཆེན་པོ་ལྡན། མིས་མི་གོ་ཆོད་པ་ཞིག་བྱེད་དགོས། ལྷག་པར་དུ་མི་ཞིག་ཡིན་པའི་ཆ་ནས་རང་ཁྱིམ་ནས་འགོ་བརྩམས་ཏེ་འཆམ་མཐུན་མཉམ་གནས་སྤྱི་ཚོགས་ཅན་དུ་འགྲོ་བར་འགན་འཁུར་དགོས།
༢ ཡུལ་དབུས་ནི། ཆོས་ཚིགས་ཀྱི་དབང་དུ་བྱས་པའི་ཡུལ་དབུས་ཏེ་གོང་དུ་བཤད་པ་ལྟར་འཁོར་རྣམ་བཞི་ཡོད་སར་སྐྱེས་པ་ལ་གོ་དགོས།
༣ དབང་བོ་ཚང་བ་ནི། དང་པོར་ཨ་མའི་མངལ་ལས་བཙས་དུས་ནས་དབང་བོ་ཚང་བ་དང་། ཟ་མ་དང་མ་ནིང་སོགས་སུ་སྐྱེས་ན་སོ་ཐར་གྱི་སྡོམ་པའི་རྟེན་དུ་མི་རུང་བས་རང་ཅག་དེ་འདྲར་མ་སྐྱེས་པས་དབང་པོ་ཚང་བ་ཡིན།
༤ ལས་མཐའ་མ་ལོག་པ་ནི། ཕ་བསད་པའི་མཚམས་མེད་ཀྱི་ལས་དང་། མ་བསད་པའི་དེ། དགྲ་བཅོམ་བསད་པའི་དེ། དགེ་འདུན་གྱི་དབྱེན་བྱས་པའི་དེ། དེ་བཞིན་གཤེགས་པར་ངན་སེམས་ཀྱིས་ཁྲག་བྱུང་བའི་མཚམས་མེད་ཀྱི་ལས་ལྔ་བོ་གང་རུང་བྱས་ན་ཚེ་འདིར་དགྲ་བཅོམ་པའི་གོ་འཕང་མི་ཐོབ། རང་ཅག་གིས་དེ་འདྲ་མ་བྱས་པས་ལས་མཐའ་མ་ལོག་པ་ཡིན།
༥ གནས་ལ་དད་པ་ནི། ཆོས་འདུལ་བ་ལ་དད་པར་གསུངས་ཀྱང་། བྱང་ཆུབ་ལམ་རིམ་གྱི་སྐབས་སུ་སྡེ་སྣོད་གསུམ་དང་བྱང་ཆུབ་ལམ་གྱི་རིམ་པའི་ཚུལ་ལ་དད་པར་བཤད་ཡོད། འདུལ་བའི་སྡེ་སྣོད་ཀྱིས་ལྟུང་བ་འདུལ། མདོ་སྡེའི་སྡེ་སྣོད་ཀྱིས་ཉོན་མོངས་མངོན་གྱུར་བ་འདུལ། མངོན་པའི་སྡེ་སྣོད་ཀྱིས་ཉོན་མོངས་ཀྱི་ས་བོན་འདུལ་བར་བྱེད། འདི་དག་རང་ལ་ལྡན་དགོས་པའི་འབྱོར་བའམ་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བརྗོད།
གཞན་འབྱོར་ལྔ། ཉན་ས་ལས། སངས་རྒྱས་བྱོན་དང་དམ་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་ཏེ།
༡ སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། སངས་རྒྱས་ཞལ་བཞུགས་པའི་སྐབས་ཡིན་པར་གོ་དགོས། ཁོང་མ་བྱོན་ན་དམ་པའི་ཆོས་མི་འབྱུང་།
༢ ཆོས་གསུངས་པའི་སྐབས་ཡིན་པ་ནི། སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་དུས་ཚོད་དེར་འཕྲད་པའི་དོན་ཡིན། སངས་རྒྱས་བྱོན་ཀྱང་ཆོས་མ་གསུངས་བའི་སྔ་རོལ་དུ་འཆི་བ་ལྟ་བུའི་གནས་ཚུལ་བྱུང་ན་སངས་རྒྱས་བྱོན་ནས་ཆོས་གསུངས་པའི་དགོས་དོན་མ་བྱུང་བ་ཡིན།
༣ བསྟན་པ་མ་ཉམས་པར་གནས་པ་ནི། སྒྲུབ་པའི་བསྟན་པའམ་རྟོགས་པའི་བསྟན་པ་སྟེ་ཆོས་ཉམས་ལེན་བྱས་པས་འཕགས་ལམ་དངོས་སུ་ཐོབ་པ་ཡོད་པ་ལ་བྱེད། དེང་དུས་ལྔ་བརྒྱ་ཕྲག་བཅུའི་ལུང་གི་དུས་སུ་འཁེལ་ཡོད། དེ་ཡང་ལྔ་བརྒྱ་བ་ཕྲག་དང་པོ་དགྲ་བཅོམ་པའི་ལེའུ། ལྔ་བརྒྱ་བ་ཕྲག་གཉིས་པ་ཕྱིར་མི་འོང་གི་ལེའུ། ལྔ་བརྒྱ་བ་ཕྲག་གསུམ་པ་རྒྱུན་ཞུགས་ཀྱི་ལེའུ་སྟེ་འདི་གསུམ་ལ་རིམ་པ་བཞིན་དུ་དགྲ་བཅོམ་པའི་འབྲས་བུ། ཕྱིར་མི་འོང་གི་འབྲས་བུ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ཁོང་དུ་ཆུད་པའི་ལེའུ་གསུམ་མོ། །ལྔ་བརྒྱ་བ་ཕྲག་བཞི་བ་ལྷག་མཐོང་གི་ལེའུ། ལྔ་བརྒྱ་བ་ཕྲག་ལྔ་བ་ཏིང་ངེ་འཛིན་གྱི་ལེའུ། ལྔ་བརྒྱ་བ་ཕྲག་དྲུག་པ་ཚུལ་ཁྲིམས་ཀྱི་ལེའུ་སྟེ་རིམ་པ་བཞིན་དེ་དང་དེ་རྒྱུད་ལ་ལྡན་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་སྒྲུབ་པའི་ལེའུ་གསུམ་མོ། ། ལྔ་བརྒྱ་བ་ཕྲག་བདུན་པ་མངོན་པའི་ལེའུ། ལྔ་བརྒྱ་ཕྲག་བརྒྱད་པ་མདོ་སྡེའི་ལེའུ། ལྔ་བརྒྱ་ཕྲག་དགུ་བ་འདུལ་བའི་ལེའུ་སྟེ་རིམ་པ་བཞིན་དེ་དང་དེར་མཁས་པ་མང་དུ་འབྱུང་བས་ན་དེ་སྐད་ཅེས་བརྗོད་ཅིང་ལུང་གི་ལེའུ་གསུམ་མོ། །ལྔ་བརྒྱ་བ་ཕྲག་བཅུ་བ་ལ་ལྟ་སྤྱོད་རྣལ་མ་མེད་པར་རབ་བྱུང་གི་རྟགས་ཙམ་འཛིན་པས་རྟགས་ཙམ་འཛིན་པའི་ལེའུ་ཞེས་བཤད་དོ། །གོང་དུ་བཤད་པའི་བསྟན་པ་མ་ཉམས་པར་གནས་པ་ཞེས་པའི་ཚད་རིམ་དེ་འདྲ་ད་ལྟ་མི་ཚང་བ་བཀའ་གདམས་དགེ་བཤེས་གོང་མ་ཚོས་གསུངས།
༤ དེ་རྗེས་འཇུག་པ་ནི། མཐོང་ལམ་ཐོབ་པའི་གང་ཟག་དེས་རང་དང་འདྲ་བར་སྐྱེ་བོ་གཞན་ལ་ཡང་མཐོང་ལམ་ཐོབ་པའི་ནུས་པ་ཡོད་པར་རྟོགས་ནས། དེ་དང་མཐུན་པར་གདུལ་བྱ་སྐྱོང་བ་ཡོད་པའི་དོན་དུ་གོ་དགོས། ཡང་ན་རྒྱུན་ཞུགས་སོགས་འབྲས་བུ་བཞི་བོ་གང་རུང་ཐོབ་པའི་གང་ཟག་དངོས་སུ་མཐོང་མཇལ་བྱས་ཏེ་དེའི་རྗེས་སུ་འཇུག་པའི་དོན་ཡིན་ལ། ཉན་ས་ལས་དངོས་སུ་གསུངས་པའི་གཞན་འབྱོར་དང་པོ་བཞི་ནི་སྟོན་པ་ཞལ་བཞུགས་དུས་ཀྱི་དགེ་སློང་འཆར་ཀ་ལྟ་བུ་ལ་ཚང་བ་ལས་མགོན་པོ་ཀླུ་སྒྲུབ་ལ་ཡང་དངོས་སུ་ཚང་བ་མེད་ཀྱང་། རྟོགས་པའི་བསྟན་པའི་སྐབས་སུ་འབྲས་བུ་བཞི་ཐོབ་པ་ལ་ཁ་མིག་ཡར་བལྟ་བྱེད་པ་ལྟར། དེང་སྐབས་ཀྱང་སྐྱེས་བུ་དམ་པའི་མཛད་སྤྱོད་ལ་ཁ་མིག་ཡར་བལྟ་བྱ་ས་ཡོད་པས་དེའི་དོད་ཐུབ་ཚང་བ་ཡིན།
༥ གཞན་ཕྱིར་སྙིང་བརྩེ་བ་ནི། ཆོས་སྒྲུབ་པ་ལ་སྦྱིན་བདག་སོགས་མཐུན་རྐྱེན་འཛོམས་པའི་དོན་ནོ། །
དལ་བརྒྱད་འབྱོར་བཅུ་སྟེ་དོན་སྣེ་ཁག་བཅོ་བརྒྱད་ཚང་བའི་མིའི་ལུས་རྟེན་ཞིག་ལ་དལ་འབྱོར་གྱི་མི་ལུས་ཞེས་བརྗོད་པ་རེད། ཚེ་ཕྱི་མར་ངན་སོང་དུ་མི་སྐྱེ་བར་བདེ་འགྲོ་ལྷ་མིའི་གོ་འཕང་ཇི་འདྲ་ཞིག་འདོད་ཀྱང་ལུས་རྟེན་འདི་འདྲའི་སྟེང་ནས་སྒྲུབ་ནུས་ཏེ། མངོན་མཐོའི་རྟེན་འགྲུབ་པ་ལ་ཚུལ་ཁྲིམས་བསྲུང་དགོས་ལ་དེ་ཡང་ལུས་རྟེན་འདི་འདྲའི་སྟེང་ནས་བསྲུང་ནུས་པ་ཡིན། མངོན་མཐོའི་ལོངས་སྤྱོད་ཀྱི་རྒྱུ་སྦྱིན་པ་ཡིན་པས་དེའང་ལུས་རྟེན་འདིས་སྒྲུབ་ནུས། མངོན་མཐོའི་འཁོར་ཕུན་སུམ་ཚོགས་པ་འོང་བའི་རྒྱུར་བཟོད་པའི་ཉམས་ལེན་དགོས་ཤིང་། དེ་ཡང་ལུས་རྟེན་འདི་ལྟ་བུས་བསྒོམ་དགོས་པས་ན། ང་ཚོས་མ་བསྒྲུབ་པ་མ་གཏོགས་སྒྲུབ་ན་འགྲུབ་པར་ཐེ་ཚོམ་ཟ་མི་དགོས། ལུང་སྡེ་སྣོད་གསུམ་ལ་མཁས་པའི་པཎ་ཆེན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་གནས་པའི་རྟོགས་ལྡན་གྲུབ་ཐོབ་རྣམས་ཀྱང་ལུས་རྟེན་འདི་འདྲའི་སྟེང་ནས་ཉམས་ལེན་ངོ་མ་ཞིག་བྱས་པ་ལ་བརྟེན་ནས་བྱུང་བ་ཡིན། དེས་ན་ད་རེས་རྙེད་དཀའ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། འཕྲད་དཀའ་བ་མགོན་བླ་མ་དགེ་བཤེས་དང་མཇལ་རྒྱུ་ཡོད་པའི་དུས་ཚོད་བཟང་བོའི་གོ་སྐབས་འདིར། མངོན་མཐོ་དང་ངེས་ལེགས་བསྒྲུབ་པའི་ཆོས་ཀྱི་འདུན་མ་མ་འཕྱུག་པ་ཞིག་ཅིས་ཀྱང་བྱ་དགོས། འདི་ནས་འཕྱུག་ན་ནི་ཉིན་ཞག་རེ་གཉིས་ཀྱི་དོན་འཕྱུག་པ་ཙམ་མིན་གྱི། ཚེ་རབས་གཏན་གྱི་འདུན་མ་འཕྱུག་འགྲོ་བ་ཡིན། དུས་དེ་རིང་ཕན་ཆད་མ་ཤི་བ་དེ་ཤིན་ཏུ་ལེགས། སོ་སོར་ཚེ་ལྷག་མ་ཇི་ཙམ་ཡོད་པ་དེའི་རིང་ལ་ཉིན་མཚན་གྱི་དུས་ཚོད་དོན་མེད་དུ་མ་བཏང་བར་རང་ནུས་དང་འཚམ་པའི་དམ་ཆོས་ཤིག་བྱ་རྒྱུ་མ་བྱུང་བར་འཆི་བར་ཐུག་ན་ཤིན་ཏུ་ནས་ཕངས། བསམ་བློ་ཐོངས། ནང་བའི་གཞུང་གི་ཆོས་སྐད་ལ་ཚད་མས། མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་མཚོན་པའི་རྩ་ཉོན་ཉེ་ཉོན་གྱི་རིགས་སུན་འབྱིན་པར་བྱེད།
ཚད་མ་ལའང་མངོན་རྗེས་ཀྱི་ཚད་མ་གཉིས་ཡོད། ང་ཚོར་ཉམས་མྱོང་སྐྱེས་སྐབས་མངོན་སུམ་ཚད་མ་དང་། ཚོད་དཔག་གམ་རྒྱུ་མཚན་ལ་བརྟེན་ནས་དཔྱད་པའི་སྐབས་རྗེས་དཔག་ཚད་མ་ཞེས་བརྗོད་པའི་ཚད་མ་དེར་ཡང་དག་པའི་རྒྱབ་རྟེན་ཡོད་ལ། ཚད་མས་དྲངས་པའི་བློ་དེ་བློ་ཡང་དག་པ་རེད། ལོག་རྟོག་གིས་དྲངས་པའི་བློ་དེ་ཕྱིན་ཅི་ལོག་རེད། དེར་བརྟེན། སངས་རྒྱས་པའི་ཆོས་ཞེས་པ་དེས་གང་ཞིག་བྱེད་ཀྱིན་ཡོད་ཟེར་ན། བློ་ཡང་དག་པ་དང་བློ་ཡང་མ་དག་པ། བློ་དོན་མཐུན་དང་བློ་ཕྱིན་ཅི་ལོག ཚད་མ་དང་ལོག་ཤེས་བར་གྱི་ཆོས་ཉིད་ཀྱི་འཐབ་རྩོད་ལས་བྱུང་བའི་རྒྱལ་ཕམ་གྱི་ཉམས་ལེན་བྱས་ཏེ་སེམས་ཀྱི་གཞི་རྩའི་འགྲོ་སྟངས་ལ་འགྱུར་བ་བཏང་། དེའི་རྨང་གཞིའི་སྟེང་ནས་བསམ་བློའི་ཚད་རིམ་དང་དེ་འབྲེལ་གྱི་ཀུན་སྤྱོད་ཀྱི་ཚད་རིམ་རྣམས་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འཁྲིད་པར་བྱེད་དོ། ། དཔེར་ན། བདག་འཛིན་ལོག་ཤེས་དང་བདག་མེད་རྟོགས་པའི་ཤེས་རབ་ཚད་མ་རེད། ཕྱི་མར་རྒྱབ་རྟེན་ཡོད་ལ་སྒྲུབ་བྱེད་ཀྱང་ཡོད། བདག་འཛིན་ལ་དེ་མེད་པས་ཁོས་ང་རྒྱལ་དང་། ཞེ་སྡང་། འདོད་ཆགས། ཕྲག་དོག་བཅས་འཁོར་དུ་འདྲེན་ལ་དེ་དག་གིས་ང་ཚོའི་སེམས་ནང་རྙོག་དྲ་དང་སྡུག་བསྔལ་མང་པོ་བཟོ། དེ་དག་སེམས་གཏིང་ནས་སེལ་དགོས་ན། བློ་ཚད་མ་ཞིག་སྐྱེས་པའི་ཐོག་ནས་མེད་པར་བཟོ་བ་ལས་སྨོན་ལམ་དང་ཕྱག་མཆོད་གཟུངས་སྔགས་བཟླས་ཙམ་གྱིས་མེད་པར་བཟོ་ཐུབ་ཐབས་མེད། དེའི་ཕྱིར་ཆོས་ལ་སློབ་སྦྱོང་དང་ཤེས་ཡོན་འབྱོར་བའི་རྨང་གཞིའི་སྟེང་ནས་ཞལ་འདོན་དང་ཕྱག་འཚལ་བ། མཆོད་འབུལ་སོགས་ཚོགས་བསགས་སྒྲིབ་སྦྱོང་བྱེད་ཤེས་པ་ཞིག་སྤྱི་ཚོགས་དང་སྒེར་སོ་སོའི་སྤྱིའི་ཆ་ནས་ཡོང་ཐུབ་པར་བྱས་ན་ཧ་ཅང་བཟང་ངོ་། མདོར་ན། དལ་འབྱོར་གྱི་རྟེན་ལ་དམ་པའི་ཆོས་ལ་སློབ་སྦྱོང་ཉམས་ལེན་དུ་སྦྱོར་ཐུབ་པ་ཞིག་ཡོང་བ་དགོས་སོ། །
《མི་ཆོས་གཙང་མ་བཅུ་དྲུག་ངོ་སྤྲོད།》
དལ་འབྱོར་གྱི་མི་ལུས་འདིའི་སྟེང་ནས་དམ་པ་ལྷ་ཆོས་བསྒྲུབ་དགོས་ན། ཐོག་མར་མི་ཆོས་གཙང་མ་བཅུ་དྲུག་གི་རྨང་གཞི་ལ་བརྟེན་དགོས་པ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སྲོལ་བཏོད་གནང་ཡོད་པ་རེད། དེ་དག་སྤྱི་ཚོགས་ཁྱོན་ཡོངས་ནས་ལག་ལེན་བྱས་པ་ལ་བརྟེན་ནས་ཆོས་འཇིག་རྟེན་གཉིས་ཀ་ཡར་རྒྱས་བྱུང་བའི་ལོ་རྒྱུས་ང་ཚོར་ཡོད། དེས་ན། མི་ཆོས་གཙང་མ་བཅུ་དྲུག་གི་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་ན།
༡ དཀོན་མཆོག་གསུམ་བླ་མར་བཟུང་ནས་གུས་པས་མཆོད་པ་ནི། སྟོན་པ་ཤཱཀྱ་ཐུབ་པ་དགེ་སྡིག་གི་ལམ་སྟོན་པ་པོར་འཛིན་པ། ཁོང་གིས་གསུངས་པའི་ཆོས་རང་ནུས་དང་འཚམ་པར་ལག་ལེན་བྱེད་པ། ཆོས་ཚུལ་བཞིན་སྒྲུབ་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་གསུམ་ཡིན། མདོར་ན་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པའི་དོན་ཡིན། འདིའི་སྐྱབས་སུ་འཛིན་པ་ནི་ཚེ་འདི་དང་ཕྱི་མའི་དཀའ་ངལ་དང་འཕྲད་པའི་ཚེ་འཇུ་ས་འཆང་སར་འཛིན་པའམ་བློ་ཕུགས་གཏོད་སར་ཞེ་ཐག་པ་ནས་འཇོག་པའི་དོན་ཡིན།
༢ ཚེ་འདི་དང་གཏན་དུ་ཕན་པའི་དམ་ཆོས་སྒྲུབ་པ་ནི། འཇིག་རྟེན་གྱི་བྱ་བཞག་གང་ཞིག་སྒྲུབ་ནའང་ལས་འབྲས་བརྩི་སྲུང་གཙོ་བོར་འཛིན་པར་བྱེད་དགོས་པའི་དོན་ཡིན། དཔེར་ན། དབུལ་ཕྱུག་གཉིས་ཀྱི་འགལ་བ་ཐག་གཅོད་པའི་ཚེ། མི་དང་དབང་རྒྱུ་ནོར་སོགས་ཀྱི་ངོར་ལྟ་བ་སྤངས་དགོས་པ་ལྟ་བུའོ། །
༣ ཕ་མར་དྲིན་བཟོ་བའི་བསྙེན་བཀུར་ཆེ་བ་ནི། ཐོག་མར་ཕ་མའི་བཀའ་དྲིན་བསམས་དགོས་ཏེ། རང་གི་མ་འདིས་བདག་ཟླ་བ་བཅུའི་བར་མངལ་དུ་བཟུང་། རང་གི་བདེ་བ་དང་ལྟོགས་སྐོམ་སོགས་ཁྱད་དུ་བསད། ཕན་གནོད་ཀྱི་སྤྱོད་ལམ་ཐམས་ཅད་བུའི་ཆེད་དུ་བྱས་ཏེ་དལ་འབྱོར་གྱི་ལུས་སྲོག་འདི་ཉིད་བྱིན་པ་ཡིན་པས་ཐོག་མར་བཀའ་དྲིན་ཆེ། མངལ་ནས་བཙས་ཟིན་ནས་འཇམ་པའི་གོས་སྟན་ལ་བཞག བརྩེ་བའི་སེམས་ཀྱིས་བསྐྱངས། བྱམས་པའི་མིག་གིས་བལྟས། དགའ་བའི་འཛུམ་གྱིས་བསུས། སྙན་པའི་མིང་ནས་བོས། མངར་བའི་ནུ་ཞོ་བསྣུན། ཟས་ལྕེས་བསྙོད། སྣབས་ཁས་འཇུབ། མི་གཙང་བ་ལག་པས་ཕྱིས། ཤའི་དྲོད་ལ་བཅར། མེ་ཆུ་གཡང་སའི་འཇིགས་ལས་བསྐྱབས། བུ་ན་བ་ལས་རང་ན་བ་དང་བུ་ཤི་བ་ལས་རང་ཤི་བ་ལ་སྙིང་ནས་འདེམ་པ་སོགས་ཀྱི་སྒོ་ནས་བསྐྱངས་བས་ཕ་མ་བར་དུ་དྲིན་ཆེ། ནར་སོན་ནས་ཟ་ལུགས་འགྲོ་ལུགས་སྐད་ཆ་བཤད་སྟངས་ཚུན་ཆད་བསླབ། ཡོན་ཏན་རང་གིས་བསླབ་པ་དང་གཞན་སློབ་གྲྭར་བསྐྱལ་ནས་སློབ་ཏུ་འཇུག་པ། སྡིག་སྡིག་གཏམ་ངན་ཁྱད་དུ་བསད་ནས་ཤ་ཐང་ཐང་དུ་བཙལ་བའི་ཞིང་ས་ཁང་པ་རྒྱུ་ནོར་ཐམས་ཅད་ཕངས་མེད་དུ་བུ་དང་བུ་མོ་ཚོར་འཕྲོད་པར་བྱས་ན་དགའ་ཚོར་སྐྱེས་པས་ཐ་མར་དྲིན་ཆེ་བ་ཡིན་པ་སོགས་ལ་ནམ་རྒྱུན་བསམ་བློ་བཏང་སྟེ། ད་ལྟ་རྒས་ཤིང་འཁོགས་པའི་སྐབས་འདི་འདྲར་སླེབས་ཚེ་ཕ་མའི་དྲིན་ལན་བུ་བུ་མོ་ཚོས་མི་འཇལ་ན་སུས་འཇལ། སྐྱོབ་པའི་ཁུར་བུ་བུ་མོ་ཚོར་མ་བབ་ན་སུ་ལ་བབས་བསམས་ཏེ། ཕ་མར་བཀའ་དྲིན་བཟོ་བའི་བསྙེན་བཀུར་ཆེ་ཆེར་ཞུ་དགོས། མདོར་ན། བྱམས་སེམས་དང་ལྟ་སྐྱོང་ནི། བྱིས་པ་དང་རྒས་འཁོགས་དག་གི་འཚོ་བའི་རྟེན་ས་ཡིན་པར་མ་ཟད། དར་མ་ཡིན་ཡང་དེ་ལ་བརྟེན་མི་དགོས་པ་ཞིག་ག་ནས་ཡིན། རྒྱུ་ནོར་དང་ཕྱི་ཚུལ་ཙམ་གྱི་བུ་དང་བུ་མོ་ཞིག་མི་བྱེད་པར། དྲིན་ཆེན་གྱི་ཕ་མའི་མི་ཚེའི་ནང་དཀའ་སྡུག་ཤིག་བྱུང་ན་དེ་དང་དེའི་ཉེ་འགྲམ་གྱི་བུ་བུ་མོ་བཟང་བོ་ཞིག་བྱེད་ཐུབ་པར་ཧུར་བརྩོན་བྱེད་དགོས་སོ། །
༤ ཡོན་ཏན་ཅན་ལ་མཆོག་ཏུ་མཐོང་ནས་གོང་དུ་བཀུར་བ་ནི། རིག་པའི་གནས་ལ་སྦྱངས་པའི་ཤེས་ཡོན་གང་དང་གང་འབྱོར་བ་དེ་དག་བསམ་བློ་བཟང་ཞིང་། ཀུན་སྤྱོད་མཛེས་པའི་ཡན་ལག་ཏུ་འགྲོ་བ། རང་གཞན་ཀུན་ལ་ཕན་ཐོགས་པའི་ངེས་དོན་གྱི་མཁས་པ་བསླུ་བ་མེད་པ་ཅན་ཁོང་ཚོར་ན་ཚོད་མཐོ་དམན་ལ་མ་ལྟོས་པར་གོང་དུ་བཀུར་བར་བྱེད་པའི་དོན་ནོ། །
༥ རྒན་པ་རྣམས་ལ་སྲི་ཞུ་ཕུ་དུད་བྱེད་པ་ནི། མི་རིགས་དང་འབྱོར་ཕྱུག་ངོ་ཤེས་མ་ཤེས་ཀྱི་དབྱེ་བ་མེད་པར་ལོ་ལོན་རྒན་པ་ལ་ཞབས་ཞུ་དང་གུས་བཀུར་བྱེད་པའོ། །
༦ མཛའ་བཤེས་ལ་གསར་འགྲོགས་ཀྱི་ཉེ་སེམས་སྤངས་པའི་གཞུང་རིང་བ་ནི། མཛའ་ཤེས་བཙལ་བའི་ཚེ་དང་པོར་བརྟག་པ་བྱེད། མཐར་མཛའ་བཤེས་སུ་གྱུར་ཚར་རྗེས་གསར་འགྲོགས་ལྟ་བུའི་ཉེ་སེམས་མི་བརྟན་པ་སྤངས་ཏེ་བློས་ཐུབ་ཀྱི་གྲོགས་པོ་མི་ཚེ་དང་སྙོམས་པར་བྱེད་པའི་དོན། དཔེར་ན། སྐྱིད་སྡུག་གཅིག་པའི་མནའ་བཅད་ལྟ་བུའོ། །
༧ ཡུལ་མི་ཁྱིམ་མཚེས་དང་དམན་པ་རྣམས་ལ་ཅི་ནུས་ཀྱིས་ཕན་པ་སྒྲུབ་པ་ནི། སོ་སོའི་ཕ་ཡུལ་གྱི་གྲོང་ཚོའི་མི་དང་ཁྱིམ་མཚེས་གཡས་གཡོན་ལ་མཛའ་མཐུན་དང་རང་ལས་དམན་པའི་མི་ལ་མཐོང་ཆུང་མི་བྱེད་པར་བརྩེ་སེམས་ཀྱིས་ཅི་ནུས་གང་ལྕོགས་ཀྱིས་དཀའ་ངལ་སེལ་རོགས་བྱེད་དགོས་པའི་དོན་ནོ། །སྐྱབས་འགྲོའི་ནང་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་གྲངས་མང་པོ་བགྲང་བ་ཙམ་གཙོ་བོ་མིན། རང་རང་སོ་སོའི་ཡུལ་མི་ཁོར་ཡུག་དང་འབྲེལ་བའི་མི་ཚེའི་འཚོ་བའི་ནང་སྐྱིད་སྡུག་ལ་འགན་འཁུར་བའི་མི་ཞིག་བྱེད་རྒྱུ་དེ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་མཐར་ཐུག་སྒྲུབ་པར་ཐོག་མར་གལ་ཆེ་བ་རེད།
༨ གཞན་གྱིས་ཅི་ཟེར་ལ་མི་ཉན་པར་ཡིད་དྲང་ཤིང་བརྟན་པ་ནི། གཞན་གྱིས་ཟེར་སྒྲོས་ཙམ་གྱི་གཡམ་རྒྱུགས་མི་བྱེད་པར་ཡིད་སེམས་དྲང་ཤིང་བརྟན་པའི་རང་ཚུགས་ཡོད་དགོས་པའི་དོན་ནོ། །
༩ མི་ཡ་རབས་ཀྱི་སྤྱོད་ཚུལ་ལ་བལྟ་བ་ནི་གོ་སླའོ། །
༡༠ ཧ་ཅང་བཟང་ཞན་གྱི་མཐའ་གཉིས་སུ་མ་ལྷུང་བར་ཟས་ནོར་ལ་སྤྱོད་ཤེས་པ་ནི། ཟས་གོས་གནས་ཁང་དཔལ་འབྱོར་སོགས་རང་གཞན་གང་ལའང་ཕན་མི་ཐོགས་པར་འཕྲོ་ལྷག་ཆུད་ཟོས་སུ་མི་གཏོང་ཞིང་། ལོངས་སུ་སྤྱོད་ཚུལ་བཟང་ངན་གྱི་མཐའ་གཉིས་སུ་མ་ལྷུང་བར་འཚོ་བ་རོལ་སྟངས་བབ་ཆགས་མཛེས་སྡུག་ལྡན་པ་ཡོང་དགོས་པའི་དོན་ནོ། །
༡༡ དྲིན་བྱས་པ་ལ་བརྗེད་མེད་ཀྱིས་ཕན་ལེན་སྒྲུབ་པ་ནི་གོ་སླའོ། །
༡༢ བྲེ་དང་སྲང་སོགས་ལ་སྤྱོད་ཚུལ་གཡོ་སྒྱུ་མེད་པ་ནི། ལུགས་དང་མི་མཐུན་པར་གཡོ་སྒྱུའི་ཚོང་ལོག་མི་རྒྱག་པའི་དོན་ནོ། །
༡༣ ཉེ་རིང་དང་བྲལ་བར་སྤྱིར་སྙོམས་ཤིང་གཞན་གྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲག་དོག་མེད་པ་ནི། རང་ཕྱོགས་སུ་འདོད་ཆགས་ཆུ་ལྟར་གཡོ་བ་དང་གཞན་ཕྱོགས་སུ་ཞེ་སྡང་མེ་ལྟར་འབར་བ་བཀག་སྟེ། ཉེ་རིང་ཆགས་སྡང་བྲལ་བའི་སྤྱི་ཕན་གྱི་བསམ་བློ་ཡོད་པའི་ཐོག་ནས་མི་འཇོན་ཐང་ཅན་ལ་ཕྲག་དོག་གིས་མར་འཐེན་མི་བྱེད་པའི་དོན་ནོ། །
༡༤ བུད་མེད་ངན་པ་དང་གྲོགས་ངན་གྱི་ངག་ལ་མི་ཉན་པ་ནི་གོ་སླའོ། །
༡༥ ངག་འཇམ་ཞིང་གཞན་བློར་འབབ་པའི་སྨྲ་མཁས་པ་ནི། སྲོལ་རྒྱུན་བཟང་པོའི་སྐད་དང་ཡི་གེའི་རྨང་གཞིའི་སྟེང་ཐ་སྙད་ཡག་པོ་དང་ཞེ་སའི་མིང་བརྡ་ཚིག་སྦྱོར་སོགས་གཞན་ཡིད་འཕྲོག་ཐུབ་པའི་སྨྲ་བའི་རང་གི་སྐད་དང་ཡི་གེ་ལ་བྱང་ཆུབ་ཤིང་མཁས་དགོས་པའི་དོན་ནོ། །
༡༦ ཆོས་དང་འཇིག་རྟེན་གྱི་བྱ་བཞག་གང་ལའང་དཀའ་བ་སྤྱད་བཟོད་པའི་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་ནི། དམ་ཆོས་སྒྲུབ་མཁན་གྱི་གྲྭ་བཙུན་རྣམས་ཀྱིས་དམ་པ་ལྷ་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱི་དཀའ་སྤྱད་བཟོད་ཅིང་བློ་སྤོབས་ཆེ་བར་མ་ཟད་བློ་ཁོག་ཡངས་དགོས་པ་དང་། འཇིག་རྟེན་སྐྱོང་བའི་མི་སྐྱ་རྣམས་ཀྱིས་སྲིད་འབྱོར་རིག་གསུམ་ལ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བརྒྱུད་རིམ་ཁྲོད། དཀའ་ངལ་ལ་མི་སྐྲག་པའི་བློ་སྤོབས་ཆེ་ཞིང་འཇིག་རྟེན་སྤྱིའི་མཐའ་ལ་དཔྱོད་པའི་བློ་ཁོག་ཡངས་པ་བྱེད་དགོས་པའི་དོན་ནོ། །བཅུ་དྲུག་པོ་འདི་ལ་མི་ཆོས་ཞེས་པའི་དོན་ནི་འཇིག་རྟེན་ཡ་རབས་ཀྱི་མིའི་སྤྱོད་པ་བཟང་པོ་ཡིན་པས་མི་ཆོས་ཟེར། གཙང་མ་ཞེས་པའི་དོན་ནི་སྡིག་པ་མི་དགེ་བའི་ཆོས་ཀྱི་མ་གོས་པས་གཙང་མ་ཟེར། སྔོན་བྱོན་ཆོས་རྒྱལ་བྱང་སེམས་རྣམས་ཀྱིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཞི་བདེ་ལ་ཁ་ཕྱོགས་ཏེ་ཞིབ་འཇུག་བྱས། དམ་པ་ལྷ་ཆོས་ལ་ཁུངས་བཅོལ། རྒྱལ་ཁབ་གཞན་གྱི་རིག་གཞུང་ནང་འདྲེན་བྱས། བོད་པའི་སྤྱི་ཚོགས་ཀྱི་གནས་བབས་དང་མ་འོངས་པ་གནད་སར་བཟུང་སྟེ་སྲོལ་གསར་དུ་བཏོད་པ་ཞིག་རེད།
མདོར་ན། ད་ལྟའི་དུས་རབས་འདིའི་ནང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱེད་ནའང་། རྩ་དོན་བཅུ་དྲུག་པོ་འདི་བསམ་བློ་དང་ཀུན་སྤྱོད་གཉིས་ལྡན་གྱི་སྒོ་ནས་འཚོ་བ་དངོས་དང་འབྲེལ་ནས་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས་ངེས་ཤིག་རེད། ཐུབ་པ་སངས་རྒྱས་ཀྱིས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་མདོར་བསྡུས་ནས་བསྟན་པ་ལྟར། གོང་དུ་ཞུས་པའི་ཆོས་ཚན་འདི་དག་སེམས་ལ་ཇི་འཇགས་བྱས་ཏེ། རང་ཅག་རྣམས་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ལ་བརྟེན་ནས་སྙུང་གནས་ཚད་ལྡན་སྤུས་གཙང་དང་སྙིང་བོ་ཡིག་དྲུག་བཟླ་བ་ལ་ཁ་ཕྱོགས་དང་དམིགས་ཡུལ་མ་ནོར་བའི་སྟེང་ནས་འབད་ན། ད་གཟོད་དལ་འབྱོར་ལ་སྙིང་བོ་བླངས་པའི་མི་གྲལ་དུ་ཚུད་ཡོད་དོ། །
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །
རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། །
རྣམ་དཀར་འཕྲིན་ལས་ཕྱོཊ་བཅུར་རྒྱས་པ་དང་། །
བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱི། །
འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །
འདི་དང་དུས་གསུམ་འབྲེལ་བ་ཡི། །
དགེ་རྩ་ཇི་སྙེད་བསགས་པ་ཀུན། །
མ་གྱུར་སེམས་ཅན་ཐམས་ཅད་ཀྱི། །
སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །
རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །
རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །
བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །
རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །
སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་བོད་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་ནང་ཆོས་ངོ་སྤྲོད་ཐེངས་བཞི་བ་༧རོང་བོའི་དགེ་བའི་བཤེས་གཉེན་ཆེན་པོ་དགེ་སློང་འཇམ་དབྱངས་ཆོས་འཕེལ་ནས་གནང་བ་འདི་ལགས་སོ། །