ཐེ་བོ་སངས་རྒྱས།
རོམ་གྱི་གནའ་རབས་རིག་དངོས་ཤུལ་བཞག་ལས་མངོན་གསལ་དོད་ཤོས་དང་། འཇིག་རྟེན་ཡོངས་གྲགས་ལ་ས་སྟེང་ན་ངོ་མཚར་ཅན་བདུན་གྱི་ནང་ཚན་བྱ་སྒོང་ལྟ་བུའི་རྩེད་འགྲན་དོ་ར་ཆེན་མོ་འདི་ནི། ཕྱི་ལོའི་བརྒྱ་ཕྲག་དང་པོའི་ནང་རོམ་མན་བཙན་པོའི་གདུང་རྒྱུད་ཀྱིས་འཇེའུ་ Jewish Temple,ལྷ་ཁང་ཞིག་ལས་འཕྲོག་བཅོམ་བྱས་པའི་རྒྱུ་ནོར་མ་རྩར་བཞག་སྟེ། ཨི་ཐྲ་ལིའི་ Italy, Rome, ཤར་ཕྱོགས་རོམ་གྲོང་ཁྱེར་ཆེན་པོའི་ལྟེ་བར་རྡོ་དང་བྱེ་མ་སོགས་སྦྱར་ནས་བརྩིགས་པ་ཞིག་རེད། འདས་པའི་བྱུང་རབས་ལ་ཕྱིར་མིག་ཅིག་འཕངས་ན་ཨི་ཐྲ་ལིའི་རོམ་མན་པའི་ཁང་བཟོ་སྤྱིའི་འཆར་འགོད་དང་། བཟོ་སྐྲུན་མཛུབ་སྟོན་པ། ལག་ཤེས་པའི་བཟོ་ཐབས་སོགས་ལ་སྐབས་དེ་ཤེད་དུ་ཕྱི་གླིང་བའི་རྒྱལ་ཁབ་མང་པོས་མིག་དཔེ་བལྟས་མྱོང་ཞིང་། ཆེད་ལས་མཁས་པ་འགས་འདིའི་བཟོ་རིག་སྒྱུ་རྩལ་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད།
ད་དུང་འཛམ་གླིང་གི་བཟོ་ལས་འཕེལ་རིམ་ལོ་རྒྱུས་ཁྲོད་གནའ་དུས་རྩེད་རིགས་ཀྱི་སྡིངས་ཆ་ཆེ་ཤོས་ཀྱང་འདི་ཉིད་ཡིན་པར་སྣང་། རྒྱལ་པོའི་ཕོ་བྲང་གི་འཁོར་དག་གི་རྐུབ་བཀྱགས་བརྩིས་པས་ཁྱོན་བསྡོམས་ལྟད་མོ་བ་ཁྲི་ཕྲག་ལྔ་ཤོངས་སྐད། འདིའི་ནང་རྩེད་རིགས་ཐོ་གཞུང་དུ་ཁོད་པ་ལ་ལ་ཉེན་ཁ་ཆེ་ཞིང་བློ་ཡུལ་ལས་འགོངས་པ་དཔེར་ན། གྲི་རྩལ་རྩེད་འགྲན་དང་། དཔའ་བོས་ཤིང་རྟའི་དཔུང་རྒོལ། གཅན་གཟན་རྒོད་འདུལ། རྒྱ་མཚོའི་ཆུ་སྲིན་ལ་འཐབ་འཛིང་། རི་དྭགས་རྔོན་ཐབས་དམར་ཁྲིད། སྐད་གྲགས་ཆེ་བའི་གཡུལ་འགྱེད་ཀྱི་བྱུང་བ་འཁྲབ་སྟོན། སྔ་རབས་ཀྱི་རིག་བྱེད་གཏམ་རྒྱུད་ཟློས་གར་དུ་འཁྲབ་པ་སོགས་ཡིན།
དུས་རབས་བར་མའི་(ཕྱི་ལོ་ 450-1450) མགོ་སྟོད་ཙམ་ནས་འདི་རྩེད་རིགས་ཀྱི་སྡིངས་ཆར་བེད་སྤྱོད་གཏོང་མཚམས་ཆད་ཅིང་། ཕྱིས་སུ་རྒྱལ་ཁང་དང་། བཙན་རྫོང་། ཡེ་ཤུའི་མཆོད་ཁང་། ཆོས་དཔོན་གྱི་གཟིམ་ཤག ལས་གྲྭ། སྨན་ཁང་སོགས་སུ་རིམ་པས་བསྒྱུར་བཅོས་སྣ་ཚོགས་བྱས། མི་ཐོག་མང་པོའི་རིང་རྒྱལ་ཁམས་འཕེལ་འགྲིབ་དང་། ལྷག་པར་དུས་རབས་གཉིས་པའི་ནང་རོམ་གྱི་གྲོང་ཁྱེར་མེས་ཚིག་པས་མཚོན། ས་ཡོམ་དང་མེ་སྐྱོན་སོགས་འབྱུང་བའི་གནོད་འཚེ་ཕོག་ཐེངས་རེའི་རྗེས་སུ་བསྐྱར་གསོ་རེ་བྱས་པར་བཤད་མོད། གནའ་ཤུལ་གྲགས་ཅན་དེའི་དེང་སང་མིག་སྔའི་གནས་བབས་ནི་ཆ་ཤས་ཞིག་རལ་དུ་སོང་བའི་གྱང་གོག་ཅིག་ལས་ལྷག་མེད། གང་ལྟར་འདི་ནི་རོམ་མན་བཙན་པོའི་རྒྱལ་རྒྱུད་ཀྱི་དྲན་རྟེན་རྡོ་རིང་འདྲ་བོར་ཆགས་ཡོད་ལ། རོམ་ན་ལོ་རྒྱུས་ཀྱི་རི་མོ་གཅལ་དུ་བཀྲམ་པས་གླིང་བཞིའི་མགྲོན་པོ་འགུགས་ཤུགས་ཆེ་བའི་སྒྱུ་འཕྲུལ་གྱི་ལྕགས་ཀྱུ་ལས་མ་འདས་ཟེར། ད་དུང་འདིས་རོམ་མན་གྱི་ཡེ་ཤུའི་ཆོས་ཁང་གཙོ་བོ་དང་ཡུལ་སྐོར་སྤྲོ་འཆམས་པའི་བར་ཐག་ཉེ་རུ་བཏང་ཡོད་དེ། ཡེ་ཤུ་ཆོས་ལུགས་པའི་དུས་བཟང་གཟའ་པ་སངས་ Good Friday, དག་ཏུ་བླ་ཆེན་པོབ་ཀྱི་ཆོས་ལུགས་བྱེད་སྒོ་ཁག་རྩེད་འགྲན་དོ་ར་ཆེན་མོ་འདིའི་ཉེ་འཁོར་དུ་ཚུགས་སྲོལ་ཆགས་པས་སོ། །
Thank you
དངོས་གནས་ཁྱེད་ཀྱིས་གནའ་རབས་རྗེས་ཤུལ་གལ་ཆེན་དག་ངོ་སྤྲོད་གནང་གིན་པའི་བསྒྱུར་ཡིག་འདི་དག་ང་ལ་མཚོན་ན་ཧ་ཅང་ཡག་བྱུང་ཞུ་ལ། ད་དུང་གལ་ཆེ་བ་ཞིག་ལ། ཡོངས་གྲགས་ཀྱི་སློབ་དེབ་སོགས་སུ་ཡོད་པའི་རིགས་བསྒྱུར་བ་ལས། ཟ་དང་ཟུར་ན་ལུས་པའི་གནའ་ཤུལ་གྲགས་ཆེན་དང་ལོ་རྒྱུས་གྲགས་ཆེན། དཔེར་ན་ཧྥ་རན་སིའི་འགྲེམ་སྟོན་ནང་ཡོད་པར་སྐད་པའི་སྒྱུ་རྩལ་བ་བྷེ་ཁ་སོའོ་ཡི་དངོས་བྲིས་ཕུག་རོན་གྱི་སྐོར་སོགས་སྔར་རང་རེའི་སྐད་དུ་མ་བྱུང་དག་ཚུར་ལེན་བྱ་རྒྱུའི་རེ་སྐུལ་ཡོད།
ཁ་གསལ་གོ་བདེ་གི་ངོ་སྤྲོད་ཅིག་བྱས་པར་དགའ་བསུ་ཞུ།
འདི་ལྟ་བུ་ཞུས་དག་ལེགས་པར་བྱས་ནས་བོད་ཡིག་སློབ་དེབ་ནང་ལ་བཅུག་དགོས། དགེའོ། དགེའོ། །
ངོ་མཚར་ཅན་བདུན་གང་དང་གང་རེད།