རྔ་བ་ཀུན་བཟང་།
ནུབ་ཇ་འཐུང་རྗེས་རྐང་འཁོར་བཏང་ནས་དུས་ཚོད་གཅིག་ཙམ་ལུས་སྤྱོང་ལ་སོང་བ་ཡིན། ད་དུང་ལམ་གཡས་གཡོན་དུ་ཡར་མར་ལ་འགྲོ་མཁན་གྱི་ཚང་ཁ་ཤིག་ཤིག་རེད། དེ་ལྟར་བསམ་ན་མི་ཟེར་བ་ངོ་མ་ཆད་རྒྱུ་མེད་པའི་ལས་ཀ་བ་ཞིག་དང་། འགྲུབ་རྒྱུ་མེད་པའི་འཚོ་བའི་ཁྲོད་ན་ལྷག་ཡོད་པའང་གསལ་བ་ཡིན། ངས་ནམ་ཀུན་ནས་སྲང་ལམ་འདི་ནས་མཚན་མོར་རྐང་འཁོར་བཏང་ནས་འགྲོ་དུས། རླངས་འཁོར་དང་། རྐང་འཁོར། འཕྲུལ་རྟ། རྐང་ཐང་བ། བ་ཕྱུགས་སོགས་ཀྱི་ལྡིར་སྒྲས། ཐ་ན་གཡས་གཡོན་གྱི་མི་དང་། ལམ་ཟུར་གྱི་ཚོང་པ་ཆུང་ཆུང་རིགས་ལ་བསམ་ཤེས་ཕྲ་མོ་ཙམ་ཡང་གནང་མཁན་མེད།
དེ་བས་ཀྱང་། ལམ་ཟུར་ན་ཡོད་པའི་དབུལ་འཕོངས་དག་གིས་སྒྲ་ཆེན་དེ་འདྲ་ཞིག་གོ་ཐེངས་རེར་སྙིང་ཁམས་འཕར་ཡང་། སྲང་ལམ་འདི་ལས་ཁོང་ཚོ་གང་ཞིག་ལ་འགྲོ་ཨང་། བསམ་བློ་དེ་ལྟར་འཁོར་བཞིན་ང་ནང་ལ་བསླེབས། ང་ནི་ཟང་ཟིང་འདུ་འཛོམས་ལ་དགའ་ན་ཡང་། ལྷིང་འཇགས་ལ་ནི་དེ་བས་ཡིད་དབང་ཤོར། དོ་ནུབ་གྱི་སྲང་ལམ་དང་། ལམ་ཟུར་གྱི་དབུལ་འཕོངས་དག་ཡིད་ལ་དྲན་དུས ། ང་ནི་ངོ་མ་གོང་མ་རྒྱལ་མོ་ཞིག་དང་ཅིས་ཀྱང་འདྲ་སྟེ། འདི་འདྲའི་ལྷིང་འཇགས་དང་དཔེ་དེབ་མང་བའི་དབེན་གནས་ཤིག་ལ་ཟས་གང་ཞིམ་དང་གོས་གང་ཡག་གྱོན་ནས། ཉིན་ལྟར་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་རྒྱུ་བྱུང་བ་ནི། ངས་བསྐལ་བ་མང་པོར་བསགས་པའི་བསོད་ནམས་དང་དྲིན་ཆེན་ཕ་མའི་བཀའ་དྲིན་ཡིན་པར་བརྗོད་འདོད་ཡོད།
ཅི་འདྲའི་ཁ་ཁུ་སིམ་པ་ལ། གཡས་ཕྱོགས་ཀྱི་དྲིལ་བུའི་སྒྲ་སྙན་ལ་ལོངས་སུ་སྤྱད་དེ། དཔེ་དེབ་དང་ང་གཉིས་ཁ་བརྡའ་མགོ་འཛུགས་བྱས། ཡིག་འབྲུ་རེ་རེའི་ཁྲོད་ནས་ད་གཟོད་ངས་རྒྱུས་མངའ་ཆེ་བའི་རེ་བ་དང་། དྭངས་ཤིང་གསལ་བའི་རྨི་ལམ་དེ་ཡང་མཚན་མོའི་གློག་བཞུའི་འོག་གི་མྱུལ་བ་མིན་པར་མཐོང་ལ། ཚར་རྒྱུ་མེད་པའི་ཁྱིམ་ལས་དང་། འགྱུར་ལྡོག་མེད་པའི་སྲང་ལམ་གཡས་གཡོན་གྱི་མི་དག་དྲན་དུས། རང་ཉིད་ཀྱི་གཡས་གཡོན་ན་ཡོད་པའི་དཔེ་དེབ་དག་ལ་ལྷག་ཏུ་བརྩེ་བ་ཡོང་ལ། དཔག་མེད་ཀྱི་དགའ་བའང་སྐྱེས་བྱུང་། ད་དུང་ལོ་འདི་དག་གི་ནང་ང་ལ་ཐོབ་ཤོར་དང་ཕམ་ཁ་གང་ཡང་བྱུང་མེད་པ་དོ་ནུབ་སྲང་ལམ་ནས་ཡང་ཡང་དྲན་གསོ་གནང་བྱུང་།
ཕྱི་ལོ་༢༠༢༡།༢།༣།