དྲེད་པོ་ཧོར།
རྩེད་ཐང་དཀྱིལ་གྱི་རྡུལ་འཚུབ་ཡོ་ལང་ཁྲོད།།
འགྲན་ཟླ་ཕན་ཚུན་འཐབ་པའི་བྲེལ་ཟིང་བར།།
ལུས་སེམས་རྣལ་དུ་ཕབས་ནས་དྲྭ་སྒོའི་ནང་།།
ལྒང་ལུ་ཆུང་ཆུང་སྤོ་ལོར་ཤུགས་ཀྱིས་གཞུས།།
སྟབས་ལེགས་ལམ་འགྲོ་ལྷ་རྒྱུགས་བྱུང་བའམ།
རྐང་ཆུང་གཞིར་བབས་སྐྱེན་པ་ཇི་ལྟར་ཡང་།།
རྡོག་གཞུ་སྤོ་ལོར་བསྣུན་དང་ཆབས་ཅིག་ཏུ།།
དྲྭ་སྒོའི་ནང་དུ་སྤོ་ལོ་ཐོན་ནས་འདུག །
རྒྱལ་ཁའི་ཁྲོད་ཀྱི་བདག་ནི་དབུགས་ཧལ་གྱིན།།
སྤྲོ་བས་བརྟས་ཏེ་སེམས་རྩ་མ་ནོན་པར།།
དཔུང་པ་རིད་པོ་གྱེན་ལ་འཕྱར་གྱིན་དུ།།
དགའ་སྤོབས་ཆེན་པོས་ས་ལྡིང་གནམ་ལྡིང་བྱས།།
འགོག་སྲུང་བ་ནི་ཁ་སྐྱེངས་བླ་ཤོར་ཏེ།།
ངོ་གདོང་ཐུར་དུ་ལུག་གིན་དྲྭ་སྒོའི་མདུན།།
འགྱོད་གདུང་ཆེན་པོས་རང་ལ་འཁོན་གྱིན་དུ།།
ཤེས་མེད་ཐོ་ཡོར་བཞིན་དུ་འགྲེངས་ནས་འདུག །
རྩེད་རའི་མཐའ་བཞིའི་ལྟད་མོ་བ་རྣམས་དང་།།
རུ་ཁག་གཅིག་པའི་རྩེ་རོགས་སྤུན་ཟླ་ཚོས།།
དགའ་འབོད་ཆེན་པོས་རང་ཉིད་བསུ་བའི་དུས།།
ཁོག་ནས་དགའ་ཞིང་མིག་ནས་མཆི་མའང་ཤོར།།
རྐང་སྤོལ་ལ་དགའ་པོ་ཡོད་པ་འདྲ།