ཁྲི་རལ་པ་ཅན།
ནམ་རྒྱུན་ཁོམ་ལོང་རེ་ཡོད་དུས་དྲ་ལམ་མྱུལ་ཚེ།ཁ་བརྡ་དྲ་བའི་སྟེང་སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་ཀྱིས་བོན་པོ་ཚོ་གདོན་འདྲེ་ལ་བརྩིས་ཏེ་བོན་རྣམས་ཀྱི་སྟེང་བཀའ་བཀྱོན་མང་པོ་ཕེབས་ཀྱིན་ཡོད་ཅིང་། དེ་མཚུངས་སུ་དགེ་ལུགས་པ་ཚོ་ལའང་ཕྱི་མགོ་ནང་བཙོང་སོགས་ཀྱི་སྐྱོན་བརྗོད་མཐའ་ཡས་གནང་གི་ཡོད་མོད། དེ་ནི་བོད་སྤྱི་དོན་ལ་ཤ་ཚའི་གཏམ་ཙམ་ཡིན་རྒྱུ་རེད་སྙམ་སྟེ་དེ་ཙམ་དོ་སྣང་ཆ་འཇོག་མ་བྱས།འོན་ཀྱང་། སྤོབས་པ་ལགས་རིམ་གྱིས་སྨྱོས་ཡོང་གི་འདུག། ཐོག་མར་ཕྱི་རྒྱལ་བཟོ་གྲྭ་ཁག་ཅིག་གིས་བུད་མེད་ཀྱི་ནུ་ཁེབས་དང་སྟུ་ཁེབས། ལྷམ་སོགས་ཀྱི་སྟེང་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་བཞག་ཡོད་པ། ཤིན་ཏུ་མ་འགྲིག་པ་རེད་ཅེས་བོད་མི་ཚོས་བློ་འཚབ་ཀྱི་རྣམ་འགྱུར་དྲ་ལམ་ནས་བསྟན་ཡོང་དུས། སྤོབས་པ་མཐའ་ཡས་ཀྱིས་དེ་འགྲིག་པ་རེད། ང་ཚོ་ནང་པ་ཅིག་ཡིན་པའི་ཆ་ནས་བཟོད་པ་ཉམས་ལེན་དགོས་རབས་སོགས་སྤྱོད་འཇུག་གི་བཟོད་ལེའུ་ལུང་འདྲ་དྲངས་ཏེ་རྩོམ་ཡིག་སྤེལ་སོང་།
དངོས་གནས་ཁོང་དེ་འདྲ་ཆོས་པ་ཕྱོགས་རིས་མེད་པ་ཅིག་ཡིན་ས་རེད་བསམ་སོང་མོད། ཡུན་གྱིས་དྲ་སྟེང་ནས་ཐུག་དུས་རྙིང་མའི་ཞེན་ཁོག་ཧ་ཅང་ཆེན་པོ། ལྟ་བ་དང་སྤྱོད་པ་གང་ཅི་རྙིང་མ་ཁོ་ན་མ་གཏོགས་གཅིག་ཀྱང་འགྲིག་མེད་པ། བོན་པོ་དང་དགེ་ལུགས་སོགས་ལ་དད་མཁན་ནང་ཧ་ལམ་མི་ཡག་པོ་ཅིག་འདུག་ལབ་ནའང་། སྣང་བར་གཏན་ནས་མི་འགྲོ་བར་གང་བྱུང་མང་བྱུང་གིས་སྤྱོས་ཡོང་མཁན་ཅིག་རེད་འདུག་སྟེ། ཡ་ཡ་སྐྱོན་ནི་མ་རེད། ད་དེ་ཁོ་རང་གི་ཆོས་དད་བྱེད་ཕྱོགས་ཤིག་ཡིན་རྒྱུ་རེད། ང་ཚོ་ཆོས་མི་ཤེས་མཁན་ཅིག་གིས་ཆོས་ཞེན་འདྲ་བཤད་ཁུལ་གྱིས་ཁྱོ་ག་རེ་ཡོད་རེད་བསམ་ནས་ཅི་བཤད་འདོད་མ་བྱུང་།
འོན་ཀྱང་། བར་སྐབས་ཤིག་ནས་ཁོང་གིས་བོད་རང་བཙན་གྱི་ལྟ་བ་བཤད་ཁུལ་གྱིས་དབུ་མའི་ལམ་ལ་སྐྱོན་བརྗོད་སྣ་ཚོགས་ཤིག་བཏོན་སོང་རུང་། དེ་ཡང་ཁོ་རང་གི་ཆབ་སྲིད་ཀྱི་བཞེངས་ཕྱོགས་དང་བསམ་ཚུལ་ཡིན་པས། རང་དབང་གང་འཚམ་ཡོད་པའི་སྐྱབས་བཅོལ་སྤྱི་ཚོགས་འདིའི་ནང་ཆབ་སྲིད་ལྟ་སྟངས་མི་འདྲ་བ་ཡོང་རྒྱུ་ནི་ཆོས་ཉིད་ཡིན་པ་རེད། ལྷག་པར་དུ་བོད་བསྟན་སྲིད་གནས་བབ་གཉན་འཕྲང་གི་དུས་འདིར།ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཅེས་པ་ལྟར། ཁ་ཤས་ཀྱིས་སྐད་ཆ་སྣ་ཚོགས་ཤིག་ཀྱང་ཤ་ཚའི་སྒོ་ནས་ཡོང་མི་སྲིད་པ་མ་རེད་བསམ་སོང་མོད།
སྤོབས་པ་མཐའ་ཡས་འདི་རིམ་གྱིས་གདོང་རིས་ངན་པ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་གདའ།བར་ལམ་ནས་ཁོང་གིས་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁག་བསྐྱར་ཟློས་བྱས་ཏེ། ༧རྒྱལ་བ་རིན་པོ་ཆེ་ནི་བཀས་བཀོད་བརྒྱུད་འཛིན་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་འགོ་ཁྲིད་ཟུར་པ་ཙམ་ཡིན་པ་དང་། ད་ཆ་ཆབ་སྲིད་ཀྱི་ནུས་པ་ཡོངས་སུ་ཉམས་ཡོད་པ། རང་ལུས་མེར་བསྲེགས་པ་ཚོ་ནི་དགའ་ཕོ་བྲང་ངམ་དགེ་ལུགས་པའི་ཆོས་བརྒྱུད་ཙམ་གྱི་སྲུང་དམག་ཡིན་པ་སོགས། དགྲ་དགའ་གཉེན་སྡུག་པའི་སྐད་ཆ་རྒྱ་ནག་གཞུང་ལ་དགོས་མཁོ་ཡོད་པའི་སྐད་ཆ་མང་པོ་བཀྲམས་སོང་བ་མ་ཟད། རང་ལུས་མེར་བསྲེགས་འདི་ལ་༧རྒྱལ་བ་རིན་པོ་ཆེས་ཐུགས་སྣང་མེད་པར་བཞུགས་པ་མ་གཏོགས། དོན་དངོས་སུ་༧རྒྱལ་བ་རིན་པོ་ཆེས་མཚམས་འཇོག་གི་བཀའ་གནང་དགོས་ལུགས་བཅས། ཧ་ལམ་རང་བསྲེགས་འདི་༧རྒྱལ་བ་རིན་པོ་ཆེས་བརྒྱུད་བསྐུལ་བྱས་པ་ལྟ་བུ། འཆར་ཅན་རྒྱ་ནག་གཞུང་གི་མགྲིན་ཚབ་པས་བཤད་པ་འདྲ་བོ་ཅིག་ཁོང་གི་རྩོམ་རྒྱལ་བ་རིན་པོ་ཆེ་དང་བོད་མིའི་རང་བསྲེགས་ངོ་རྒོལ་བར་གྱི་འབྲེལ་བ་ཞེས་པར།(རང་སྲེག་ལས་འགུལ་འདི་ལ་རྒྱལ་བ་རིན་པོ་ཆེས་བར་གནས་ཀྱི་རྣམ་འགྱུར་བསྟན་ནས་བཞུགས་ཐབས་མེད།
མི་གསོན་པོའི་ལུས་ལ་མེ་སྦར་བའི་ལས་འགུལ་འདིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པར་ནུས་པ་ཐོན་དང་མི་ཐོན། གལ་སྲིད་ལས་འགུལ་འདིས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་པར་ནུས་པ་ཐོན་པའི་དབང་དུ་བཏང་ཡང་གྲུབ་འབྲས་དེ་ཙམ་གྱི་ཆེད་དུ་མི་གྲངས་དེ་ཙམ་གྱི་ལུས་ལ་མེ་སྦར་བའི་འོས་བབ་ཡོད་དང་མེད། རང་སྲེག་ལས་འགུལ་སྤེལ་མཁན་ཚོའི་ངོས་ནས་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པ་ཙམ་གྱི་ཆེད་དུ་བློས་བཏང་འདི་བྱེད་པ་ཡིན་ནམ་ཁོང་བོད་དུ་ཕེབས་ན་བོད་ཀྱི་དཀའ་རྙོགས་སེལ་ནུས་པའི་རེ་བ་རྒྱག་བཞིན་པ་ཡིན།
གལ་སྲིད་ཁོང་བོད་དུ་ལོག་ཐུབ་ན་བོད་ཀྱི་དཀའ་རྙོགས་སེལ་དང་མི་སེལ། གལ་སྲིད་ཁོང་བོད་དུ་ཕེབས་པ་ཙམ་གྱིས་བོད་ཀྱི་དཀའ་རྙོགས་སེལ་བའི་གདེངས་ཚོད་མེད་ན་ཁོང་བོད་དུ་ལོག་ཐུབ་ཆེད་དུ་མི་དེ་ཙམ་མང་པོས་རང་ལུས་ལ་མེ་སྦར་ན་མི་ཆོས་ཡ་རབ་ལུགས་དང་ལྷ་ཆོས་རྒྱུ་འབྲས་ཀྱི་ལམ་དང་མཐུན་དང་མི་མཐུན། དེ་དང་དེ་ལྟ་བུའི་དྲི་རྟགས་ཆེན་པོ་འདི་དག་རྒྱལ་བ་རིན་པོ་ཆེའི་སྤྱན་ལམ་དུ་བཤམས་ནས་ལོ་ཤས་འགོར་ཡོད།)ཅེས་བཤད་ཡོད་ཅིང་། སྤོབས་པ་མཐའ་ཡས་ཀྱིས་༧རྒྱལ་བ་རིན་པོ་རིན་པོ་ཆེར་ངོས་འཛིན་གང་འདྲ་ཅིག་བྱས་འདུག་ཅེས་ན། ཁོང་གི་རྩོམ་དགའ་ལྡན་ཕོ་བྲང་གི་རྐང་དམག་གམ་བོད་མི་མང་གི་དཔའ་རྒོད་ཅེས་པར་མཆན་༣༥སྟེང་། (རྒྱལ་བ་རིན་པོ་ཆེ་ནི་བོད་ལ་ཆུ་ཁའི་བྱེ་མ་དང་ཤིང་མགོའི་ལོ་མ་བཞིན་མང་བའི་བླ་མ་སྤྲུལ་སྐུར་འབོད་པའི་ཆེན་པོ་གཉན་པོ་དེ་ཚོའི་ཡ་གྱལ་ཞིག་ལས་ལྷག་པ་གང་ཡང་མ་རེད།)ཅེས་༧རྒྱལ་བ་རིན་པོ་ཆེ་རྩྭ་མི་ཤིང་མི་ལྟ་བུར་བརྩིས་ཏེ་ཁྱད་བསོད་བྱས་ཡོད་ཅིང་།
ཡང་དེའི་གཤམ་དུ།(རྒྱལ་བ་རིན་པོ་ཆེ་ཡང་བོད་མི་ས་ཡ་དྲུག་གི་ཡ་གྱལ་སྤྱི་འབངས་ཤིག་ཡིན་པའི་འདུ་ཤེས་ཙམ་ལས་དམིགས་བསལ་དགའ་མི་དགའ་གང་ཡང་མེད། ང་ཚོའི་མཐོང་སྣང་ལ་བོད་མི་ཕལ་བ་གཞན་དང་མ་འདྲ་ས་ཞིག་ཡོད་པ་དེ་ཡོང་སྒོ་ཆེན་པོ་དང་། ཕེབས་བཞུད་མང་པོ། མཚན་སྙན་ཆེན་པོ།འཁོར་ཚོགས་རྗེས་འབྲངས་བ་མང་པོ་ཡོད་པ་ཙམ་རེད། ཁོང་རང་གི་ཁ་རྗེ་དབང་ཐང་ལ་རྗེས་སུ་ཡི་རང་ཞུ་འོས་པ་མ་གཏོགས་ང་ཚོ་བོད་འབངས་ཕལ་བ་ཚོར་ཕན་གནོད་ཀྱི་འབྲེལ་བ་དེ་ཙམ་ཡོད་སྣང་མི་ཤར།
གོ་ཚོད་ལ་རྒྱལ་བ་རིན་པོ་ཆེས་བོད་མིའི་སྒྲིག་འཛུགས་ལ་ལོ་རེ་བཞིན་དུ་དངུལ་ཏོག་ཙམ་རེ་གནང་གིན་ཡོད་རེད་ཟེར། དེའི་ཚོད་ཀྱིས་ཕར་ཡང་ཁོང་སྲུང་སྐྱོབ་དང་། ཞབས་རིམ་བསྒྲུབས་པ་སོགས་ལ་ཡང་རྒྱུ་ཚེགས་ཀྱི་འགྲོ་གྲོན་ཆེན་པོ་གཏོང་གིན་ཡོད། ད་ལོའི་སྔོན་རྩིས་ཁོ་ནའི་ནང་གསལ་ལ་ཧིན་སྒོར་ས་ཡ་བཞི་བཅུ་ཡས་མས་ཤིག་རྒྱལ་བ་རིན་པོ་ཆེའི་ཆེད་དུ་གཏང་རྒྱུ་ཡིན་ཚུལ་འདུག་བསམ་སོང་།)དེ་ལྟ་བུའི་མཐོང་ཆུང་གི་རྣམ་འགྱུར་བསྟན་སྟེ་དངོས་ཡོད་གནས་ཚུལ་མ་ཡིན་པའི་ལོག་རྟོག་སྤེལ་འདུག་པ་ནི། ངོ་མ་བོད་མི་བསམ་ཡོད་ཅིག་ཡིན་ན་སེམས་ངོར་འཇུག་པོ་ཨེ་ཡོད་བསམ། ཧ་ལམ་༧རྒྱལ་བ་རིན་པོ་ཆེ་ཟེར་བ་དེ་རང་ཉིད་ཀྱིས་དངུལ་དངོས་དོན་གཉེར་ལ་དང་དོད་ཆེན་པོ་དང་། སྙན་གྲགས་རྒྱས་ཐབས་སུ་འབད་བརྩོན་པ། བོད་མིའི་སྐྱིད་སྡུག་ལ་དོ་སྣང་གང་ཡང་མེད་མཁན་ཅིག་ཏུ་བསྒྲུབས་འདུག། དེ་འདྲ་བཤད་ན་ལས་རྒྱུ་འབྲས་ལ་འགྲོ་གི་ཨེ་ཡོད་དམ།
སྤོབས་པ་མཐའ་ཡས་ལགས་ཀྱིས་མི་བདེན་རྫུན་བསྒྲིགས་དེ་ཙམ་བྱས་པའི་རྒྱབ་ཕྱོགས་སུ། ཆབ་སྲིད་བཙོན་ཟུར་ལྷ་སྡེ་གནམ་ལོ་ཡག་ཀྱང་སྐུ་དྲག་པོར་བཞེངས་ཏེ། རྒྱ་དམར་གྱི་ཚིག་འདྲ་བོ་གང་མང་བེད་སྤྱོད་ཀྱིས་༧རྒྱལ་བ་རིན་པོ་ཆེར་མི་འདོད་པ་མང་པོ་ཅིག་ལབ་སོང་། དཔེར་མཚོན་བཀོད་ན། བོད་ཀྱི་སྤྲུལ་སྐུ་རྗེས་མ་ཟེར་བ་བོད་བསྒྱུར་གྱི་མཆན་༣༤སྟེང་། ལྷ་སྡེ་གནམ་ལོ་ཡག་གིས་(སྐུ་ཕྲེང་བཅུ་བཞི་བས་སྐུ་ཕྲེང་བཅུ་གསུམ་པའི་མཛད་རྗེས་མིག་སེར་རྒྱག་པ་དང་། ཁམས་དང་ཨ་མདོ་རྒྱ་ཁུངས་ཡིན་ཤག་བྱེད་པ་ནི་མཁས་པ་འཆུག་ན་འདོམ་གང་གི་ཚུལ་དུ་ཡོད་པའི་ཁར། ནང་ཆོས་ཀྱིས་སེམས་རྒྱུད་ཞི་བར་གཏོང་ཐུབ་ཅེས་པའི་བཤད་རྒྱུན་དེར་དོགས་སློང་གཞན་ཞིག་བསླངས་ཡོད་ཡོད། འགོ་ཁྲིད་མཁན་འདི་ལྟར་ཡིན་དུས། རྗེས་འཇུག་མཁན་གང་འདྲ་ཡོང་ངམ།)ཞེས་༧རྒྱལ་བ་རིན་པོ་ཆེ་འདི་པ་༧སྐུ་ཕྲེང་བཅུ་གསུམ་པའི་མཛད་པ་ལ་ཕྲག་དོག་བྱེད་མཁན་དང་ཁམས་དང་ཨ་མདོ་རྒྱ་ནག་ལ་བཙོང་མཁན། ཁ་ནས་ཞི་བདེ་བཤད་པ་ཙམ་ལས་སེམས་ནང་ཞི་བདེ་མེད་པ་ཅིག་ཏུ་བསྒྲུབས་འདུག། དེ་ནི་རྐུན་རྒྱབ་ཇག་ལངས་བྱས་ཏེ་༧རྒྱལ་བ་རིན་པོ་ཆེར་བསྙོན་འདིང་བ་དང་རྒྱ་དམར་གཞུང་ནས་ཀྱང་དེ་ལྷག་གང་ཡང་བཤད་ཀི་མེད། སྐད་ཆ་འདི་ཚོ་མང་གཙོ་དང་སྨྲ་བརྗོད་རང་དབང་གི་ནང་དུ་འགྲོ་གིན་ཨེ་ཡོད་དམ།
གཅིག་ནས་རྒྱུ་མཚན་ལྡན་པ་དང་དངོས་ཡོད་གནས་ཚུལ་མིན་པར་མི་ཞིག་གི་འགོར་བཙན་གྱིས་ནག་ཉེས་ཤིག་འཛུགས་ཀྱི་ཡོད་རེད།
གཉིས་ནས་རྒྱལ་ཁབ་རེ་རེ་ལ་རྩ་དོན་རེ་ཡོད་རེད། ཡུལ་དུས་གནས་བབ་ལ་ལྟོས་ཏེ་རྩ་དོན་གྱི་ངོ་བོ་ངོས་འཛིན་ཀྱང་མི་འདྲ་བར་ཡོད་པ་རེད། བོད་ཕྱི་ནང་གི་བོད་མི་ལ་མཚོན་ན་ད་ཆ་༧རྒྱལ་བ་རིན་པོ་ཆེའི་མཚན་སྙན་ཟིལ་ཤུགས་ཀྱིས་སྔར་མེད་ཀྱི་ཆིག་སྒྲིལ་ཅིག་བྱུང་ཡོད་ལ། ནུབ་ཕྱོགས་ཡུལ་ཁག་ནང་དུའང་གཞུང་མང་གཉིས་ཀྱི་ནང་ནུས་པ་ཆེན་པོ་འཐོན་གྱིན་ཡོད་པས། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མེད་པར་བཟོ་ཐབས་དང་བོད་མིའི་ནང་༧རྒྱལ་བ་རིན་པོ་ཆེར་ལོག་མཐོང་མཁན་ཇེ་མང་དུ་གཏོང་ཐབས་བྱེད་བཞིན་པ་སྨྲོས་མེད་ཡིན་པས། བོད་དོན་འཐབ་རྩ་དོན་དང་མ་རྩ་༧རྒྱལ་བ་རིན་པོ་ཆེ་རེད། རྒྱལ་ཁབ་དང་མི་རིགས་སུ་ཡིན་ན་དེའི་རྩ་དོན་ལ་གནོད་འཚེ་བཏང་ཡོང་དུས། འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་སོགས་བཤད་ས་མེད་པ་རེད།
གསུམ་ནས་བོད་མི་སུ་ཡིན་ན་རྒྱ་དམར་གཞུང་གི་དྲ་འབུ་དང་བོད་དོན་ལ་སྙིང་ནས་བདོ་འདོད་པ་དེ་འདྲ་མིན་ན། དྲ་ཐོག་ཏུ་གནས་ཚུལ་འདི་འདྲ་བྱུང་སྐབས་ངེས་པར་སྐབས་ཐོག་ཏུ་ལན་བརྒྱབས་པ་དང་། ངོ་ཤེས་ཡིན་ན་བསླབ་བྱ་བྱེད་པ། རྒྱ་དམར་གྱི་སོ་ཉུལ་དོགས་ཡོད་ཡིན་ན་ས་གནས་རྒྱལ་ཁབ་ཀྱི་གསང་ལས་ལ་རྩིས་སྤྲད་དགོས་རེད་མ་གཏོགས། དེ་ཚོས་བོད་སྤྱི་དོན་ལ་གནོད་ཚབ་ཆེན་བསྐྱལ་སྲིད་པ་མ་ཟད། ས་གནས་རྒྱལ་ཁབ་སུ་ཡིན་ན་དེ་ནང་རྒྱ་དམར་གྱི་སོ་པ་བསྡད་ན་དེ་ལའང་གནོད་པ་དང་མི་བདེ་བ་ཡོང་གི་རེད་སྙམ།
སྤོབས་མཐའི་རང་གཤིས་སྔོན་ཚུད་ནས་ཤེས་ཡོད། དེ་དང་དེ་འདྲ་བ་མང་དུ་ཡོད་འདུག
ཧཧ།ད་རེས་དངོས་གནས་མཁས་དབང་སྤོབས་པ་དང་བྱས་རྗེས་ཅན་གནམ་ལོ་གཉིས་ནས་མྱངས་སོང་།ཁྲི་རལ་པ་ཅན་གཏིང་ནག་ག་ལ།
ཡག་པོ་འདུག ད་དུང་སྤོབས་པ་མཐའ་ཡས་ཟེར་བ་འདིས་དོལ་རྒྱལ་ཚོགས་པའི་ཐོག་ཏུ་ཁ་རྡུང་མང་པོ་བཏང་སོང་། ཁོང་གི་དོལ་རྒྱལ་བརྟེན་མཁན་ཚོ་ལ་དགའ་གི་མ་རེད།
ཧཧཧ་ཁྲི་རལ་པ་ཅན་དེ་ངོ་མ་བདེན་ཁ་ཆེ་དྲགས་མི་འདུག་གེ་བསམ། སྤྱིའི་ཆ་ནས་སྤོབས་མཐའ་དང་ལྷ་སྡེ་གནམ་ལོ་ཡག་གཉིས་ཡག་བཙོག་ག་འདྲ་ཡོད་མེད་ཞིབ་ཆ་ཞིག་ཤེས་ཀྱི་མེད་ནའང་དེ་རིང་ཁྲི་རལ་ལགས་ཀྱིས་བསམ་ཚུལ་མདོ་ཞིག་བསྡུས་པ་ཡིན་ན་དེང་བོད་མིའི་གཉན་འཕྲང་ཚབ་ཚུབ་འདིར་གོང་ས་མཆོག་ལ་ཞུ་ཉེན་ཤོར་ཚད་བསགས་སྡད་པ་ཙམ་ལས་གཞན་དམིགས་གསལ་ཞིག་མ་ཚོར། འདི་ལྟའི་དུས་བབས་ལ་ལྟོས་ཏེ་གོང་ས་མཆོག་ལ་ཞུ་ཉེས་ཤོར་མཁན་ནི་ཁོང་གཉིས་གཅིག་པུ་ཡིན་རྒྱུ་མ་རེད། ཕྱི་ལོག་གསར་འགོད་པ་དང་གཞན་པའི་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་གང་མང་ཞིག་གིས་ཡང་ཞུ་ཉེན་ཤོར་བ་ལ་གྲངས་ཁ་རྩི་གྲངས་ཐེབས་ཐབས་མེད་པ་ཞིག་རེད་ལ། མ་ཚད་མེར་སྲེག་གི་ལས་དོན་ལ་ཁ་གཏོང་མཁན་ཡང་མི་སྒེར་ཐོག་ནས་གྲངས་ཀྱི་མི་ལོངས་བ་ཞིག་ཡོད་དང་ཡོད་བཞིན་པ་ནི་ནམ་ལངས་ལ་སྤར་མོས་ཁེབས་ཐབས་རྩ་བ་ནས་མེད་པ་ཞིག་རེད་སྙམ།
དུས་དེ་ལྟ་བུའི་གནས་སྐབས་གསོན་སྲེག་པ་དེ་དག་ལ་ཕྱོགས་གཅིག་ནས་རིགས་གཅིག་པའི་དབང་གིས་ཤ་ཞེན་དང་ཕྱོགས་གཅིག་ནི་གོ་ལ་ཟླུམ་པོ་འདིར་རྒྱལ་ཁབ་ཕན་ཚུན་ཡིན་ན་རེད་མི་རིགས་ཕན་ཚུན་ཡིན་ན་རེད་གཅིག་གིས་གཅིག་ལ་གཉའ་གནོན་དང་བཙན་གནོད་བྱས་ཚད་ལ་བསམ་ན་ཕོན་ཆེན་པོ་ཞེ་དྲག་ཅིག་སོང་ཡོད་འདོད་རེད་མོད། འོན་ཀྱང་རྒོལ་ལེན་གསོན་སྲེག་གྲངས་ཁས་ལེན་ཐབས་བྱེད་མཁན་བོད་ཙམ་ལས་མེད་པས་མ་ཚད། ད་དུང་་སྐྱར་ནས་སྐྱར་དུ་གསོན་སྲེག་གི་ལམ་ལ་འགྲོ་དགོས་ན་ཐབས་ལམ་འདི་ཅི་འདྲའི་ཡ་ང་བ་ཞིག་དང་མ་འོང་ལོ་རྒྱུས་ཐོག་ལ་བཀོད་པའི་ཚེ་མི་མ་དགོས་ལྷ་འདྲེ་སྐྱི་གཡའ་བའི་
དབུ་མའི་ལམ་འདི་ཉིད་ལ་བསམ་དུས་སུ་དང་སུ་ཡིན་ན་སྐད་ཆ་འདྲ་མིན་ཤོར་སྲིད་པ་ཞིག་རེད་བསམ་གྱི་ཡོད། དེའི་མ་ཚད་སོ་སོ་རང་རང་གི་ངོས་ནས་ཀྱང་གསོན་སྲེག་གི་ལས་དོན་འདི་ཉིད་བླ་མ་མི་ཆེན་སུས་འགོག་ཐུབ་ན་དགག་དགོས་ངེས་རེད་བསམ་གྱི་ཡོད་ལ། དེའི་མ་ཚད་ཁྲི་རལ་ལགས་ཀྱིས་བཤད་ཚུལ་ལྟར་ན་བོད་མི་གསོན་སྲེག་བྱེད་རྒྱུའི་ཐད་ལ་རྒྱབ་སྐྱོར་མེད་པ་དང་མེར་སྲེག་མཚམས་འཇོག་འདོད་པའམ་བླ་མ་མི་ཆེན་སོགས་གསུངས་བྱོན་ན་ཕན་ཐོགས་ཡོང་མཁན་ཚོས་གསུངས་པའི་རེ་བ་བཅངས་མཁན་དག་གོ་ཐོས་རེག་གསུམ་བྱུང་ན་གསང་བའི་བརྡ་བསྐྱལ་ཏེ་འཇུ་བཟུང་བྱེད་རྒྱུའི་སྡུག་སྐད་རྒྱབ་སྡད་འབྱོར་འདྲ་ཚོར་སོང།
གལ་སྲིད་དེ་འདྲ་ཡིན་ན་ཁྱེད་ཀྱིས་གསུངས་པ་ནང་བཞིན་གྱི་འཇུ་བཟུང་བྱས་པ་ནི་མང་པོ་ཞེ་དྲག་ཡོད་མོད། དེ་དག་ཐམས་ཅད་རྒྱ་ཡི་གསང་ཉུལ་ངོ་མ་ཡིན་པ་ཁྱེད་ཀྱིས་ཐག་གཅོད་ནུས་སམ། གལ་སྲིད་དེའི་ནང་ནས་ཕལ་ཆེ་བ་ཉིན་ཤས་ལས་དངོས་དོན་གྱི་རྒྱུ་མཚན་བགྲང་རྒྱུ་མེད་པ་མང་པོ་ཡོད་སྡད་ན་ད་དུང་ཁྱེད་ཀྱིས་སུ་འབྱོར་གང་འབྱོར་བྱེད་གཏོང་རྒྱུ་དེའི་ཕན་འབྲས་བོད་སྤྱི་སྒེར་སུ་ལ་ཡོང་མིན་འདང་ཚོད་ཡོད་པས། དངོས་དོན་ལ་བསམ་གཞིག་གང་ཡང་མེད་པར་ནམ་རྒྱུན་གྱི་གོམས་ཐང་འདྲ་ཟིག་གི་ལམ་ནས་འཇིགས་བསྐུལ་དང་རང་ཐང་གཅིག་པུ་བྱས་སྡད་ན་སྤྱི་སྒེར་སུ་ལ་ཕན་འབྲས་ཡོང་སྲིད།
ང་ཚོའི་ཤེས་ཡོན་ཅན་པར་ངོམས་མཁན་ཚོས་མཚམས་རེ་ཐལ་ཆ་ཆེན་པོ་ཤོར་ནས། དགྲའི་རྒྱུག་པ་གཡར་ནས། རང་གི་ཕ་མའི་མགོ་ལ་རྒྱག་པ་དེ་ཅུང་བློ་ཕམ་སྐྱེས། གོང་དུ་ཁྲི་རལ་གྱིས་བཏོན་པའི་སྤོབས་པས་བོན་པོ་དང་། དགེ་ལུགས། དེ་བཞིན་རང་སྲེགས་པ། ཉེ་ཆར་གོང་ས་མཆོག་བཅས་བོད་ཀྱི་ཕ་མེས་ཀྱི་རིག་གཞུང་དང་ཤུལ་བཞག་ལ་རྒྱུ་མཚན་དབུལ་བའི་སྐྱོན་བརྗོད་གང་ཐུབ་བྱེད་པའི་ཐོག འདིར་གསལ་མེད་པ་ཞིག་ལ། སྤོབས་པས་སྔར་ནས་གསང་སྔགས་དེ་ནང་ཆོས་མིན་ཚུལ་གྱི་རྙོག་ཁྲ་མང་པོ་བཤད་ནས། རྙིང་མའི་ཆོས་ལུགས་ཀྱི་གཞི་མ་མེད་པར་བཟོ་རྩིས་བྱས་པ་ཡང་ཉུང་ཉུང་མ་རེད། གཏམ་དེ་ཚོའི་ནང་ལ་ཞར་དང་ཞོར་ལ་གུ་རུ་རིན་པོ་ཆེ་ས་རྡུ་སྦ་སྦ་ཅེས་རྒྱ་གར་གྱི་ལྡོམ་པོ་བ་ལྟ་བུར་ངོས་འཛིན་བྱས་པ་ཡང་ཉུང་ཉུང་མ་རེད།
སྤོབས་པས་ཕྱི་ལ་རྙིང་མའི་བཞེན་ཁོག་ཞིག་བསྟན། ༼ང་ནོར་མེད་ན། དེ་ཕལ་ཆེར་ཁོང་གི་ད་ལྟའི་ལྟོ་གོས་དང་འབྲེལ་ཐོགས་ཡོད་སྙམ།༽ནང་ལ་གསང་སྔགས་དེ་མཐའ་གཅིག་ཏུ་བོད་པས་རྒྱ་གར་ཧིན་རྡུའི་ཆོས་ལས་བརྐུས་ནས། གསར་བཟོའི་ཆོས་ལོག་ཡིན་པའི་སྒྲུབབྱེད་ཡ་མ་ཟུང་མང་པོ་བཏོན་སོང་།
སྟབས་མ་ལེགས་པར། གནམ་ལོ་ཡག་ལྟ་བུ་ད་བར་ཞིབ་འཇུག་པའམ། དཔྱད་གཏམ་པའི་གདེང་འཇོག་ཡོད་པའི་མི་སྣ་ལྟ་བུས། སྤོབས་པའི་སྔ་ཕྱིའི་ལྟ་བ་དང་། བྱ་སྤྱོད་ལ་ལེགས་པོ་མ་དཔྱད་པར། ལྷོད་རྒྱུག་ཤོར་གྲབས་བྱེད་བཞིན་གདའ།
ངའི་རེ་བ་ལ། གནམ་ཡག་གིས། བོད་ནང་གི་མི་དམངས་ཚོའི་གནས་སྟངས་དང་། ད་ལྟ་རང་རིགས་ཀྱི་ཁ་སྟབས། དེ་བཞིན་མ་འོངས་པའི་བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་ནས། སྤོབས་པའི་གཏམ་བཤད་དེ་དག་ལ་དཔྱད་པ་ཟབ་མོ་ལྡན་ལ། གཟུར་གནས་ཀྱི་ལྟ་བའི་སྒོ་ནས། དཔྱད་པ་གཏམ་ཟབ་མོ་ཞིག་ཕྲིས་རོགས་ཅེས་རེ་སྐུལ་བྱེད། ངས་འདི་བོད་མི་དམངས་རྣམས་ཀྱི་མདུན་ལམ་དང་། ལྷག་པར་རྒྱ་འོག་ལ་ཚུད་པའི་མི་དམངས་རྣམས་ཀྱི་ལས་དབང་ཡིད་ལ་སྒོམས་ནས་ཞུ་བར་བྱེད།
དཔྱོད་མཆན་འདེབས་མཁན་ཚོས་སྤོབས་པ་མཐའ་ཡས་ལགས་ཀྱི་སྐད་ཆ་ལ་བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་དགོས་པ་འདོད་ཀྱི་ཡོད། རྒྱུ་མཚན་མེད་པ་དེ་འདྲ་རྩ་བ་ནས་མ་རེད།
ཁྲི་རལ་པ་ལགས་ཀྱིས་སྤོབས་པ་མཐའ་ཡས་ལགས་ཀྱིས་མི་བདེན་རྫུན་བསྒྲིགས་བྱས་འདུག་ཟེར་བ་ནི་དྲང་བདེན་ཡོད་པའི་སྐད་ཆ་ཞིག་མ་རེད། སྤོབས་པ་མཐའ་ཡས་ལགས་ཀྱིས་རྫུན་གཅིག་ཀྱང་བཤད་མི་འདུག དྲང་པོ་དྲང་རྐྱང་བཤད་འདུག
གལ་སྲིད་རྫུན་བཤད་ཡོད་ན་འདི་དང་དེ་བཤད་འདུག་ཅེས་རེ་རེ་བཞིན་བཀོད་དགོས་པ་དང་རྫུན་ཡིན་སྟངས་འདི་འདྲ་རེད་ཟེར་ནས་གསལ་བཤད་དགོས། དེ་འདྲ་མིན་པར་༧རྒྱལ་བ་རིན་པོ་ཆེན་རྒྱབ་དཔུང་བཙན་པ་དང་། སྐུ་སྒེར་ཡིག་ཚང་སྟོབས་འབྱོར་ཆེ་བའི་དར་ཆ་འཕྱར་ནས་བོད་མི་ཉམ་ཆུང་ཚོའི་བསམ་ཚུལ་བཤད་པ་ལ་གཉའ་གནོན་བྱེད་ན་ཡག་པོ་མ་རེད།
ཁྲི་རལ་ལགས་ཀྱིས། ༼གཉིས་ནས་རྒྱལ་ཁབ་རེ་རེ་ལ་རྩ་དོན་རེ་ཡོད་རེད། ཡུལ་དུས་གནས་བབ་ལ་ལྟོས་ཏེ་རྩ་དོན་གྱི་ངོ་བོ་ངོས་འཛིན་ཀྱང་མི་འདྲ་བར་ཡོད་པ་རེད། བོད་ཕྱི་ནང་གི་བོད་མི་ལ་མཚོན་ན་ད་ཆ་༧རྒྱལ་བ་རིན་པོ་ཆེའི་མཚན་སྙན་ཟིལ་ཤུགས་ཀྱིས་སྔར་མེད་ཀྱི་ཆིག་སྒྲིལ་ཅིག་བྱུང་ཡོད་ལ། ནུབ་ཕྱོགས་ཡུལ་ཁག་ནང་དུའང་གཞུང་མང་གཉིས་ཀྱི་ནང་ནུས་པ་ཆེན་པོ་འཐོན་གྱིན་ཡོད་པས།༽ཅེས་བཤད་འདུག
བོད་ཕྱི་ནང་གི་བོད་མི་ལ་མཚོན་ན་ད་ཆ་༧རྒྱལ་བ་རིན་པོ་ཆེའི་མཚན་སྙན་ཟིལ་ཤུགས་ཀྱིས་སྔར་མེད་ཀྱི་ཆིག་སྒྲིལ་ཅིག་བྱུང་ཡོད་གསུངས་པར་འདིར་ཁས་ལེན་ཐབས་མེད། ༧རྒྱལ་བ་རིན་པོ་ཆེན་མཚན་སྙན་ཟིལ་ཤུགས་ཀྱིས་དོལ་རྒྱལ་བརྟེན་མཁན་གྱི་བོད་མི་རྣམས་ནི་བོད་སྤྱི་པའི་དགྲ་བོ་ཞིག་ལ་སྒྱུར་བཞིན་ཡོད། བོད་མི་རིགས་ཆིག་སྒྲིལ་གཏོར་གི་ཡོད། གཅིག་རེད།
གཉིས་པ། ༧རྒྱལ་བ་རིན་པོ་ཆེན་མཚན་སྙན་ཟིལ་ཤུགས་ལ་བརྟེན་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པར་སྡུག་རེ་འགྲོ་བཞིན་ཡོད། ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲ་འགྲེམས་སྟོན་ཁང་དུ། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་སྟེ་ཆུ་ཚོད་གཅིག་ལྷག་རིང་བོད་དོན་སྐོར་ལ་གསུང་མོལ་གནང་བའི་རྗེས་སུ་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་མེད་ཅེས་འཛམ་གླིང་ལ་གསལ་བསྒྲགས་སྤེལ་ཡོད། བོད་མི་རིགས་ཀྱི་མ་འོངས་ཕུགས་རྒྱང་རིང་པོའི་བོད་དོན་འཐབ་རྩོད་ལ་གནོད་ཆེན་པོ་བསྐྱལ་ཡོད། དེ་དང་དེ་བཞིན་བོད་རང་བཙན་གྱི་ཆེད་དུ་སྐུ་ལུས་མེར་སྲེག་བཏང་མཁན་གྱི་ནང་མི་སྤུན་ཟླ་དང་། དགའ་པོ་ཉེ་པོ། གྲོང་སྡེ་གཅིག་པ་ཡིན་པའི་བོད་མི་རྒྱལ་གཅེས་པ་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་སྡུག་བསྔལ་བྱུང་ཡོད། འདི་དག་ལ་ཡང་ཐུགས་བསམ་ཏོག་ཙམ་རེ་བཞེས་པའི་རེ་བ་ཡོད། ང་ཚོ་ཡང་མི་ཡིན། བོད་རྒྱལ་ཁབ་ཀྱི་བདག་དབང་རྩོད་པའི་ཐོབ་ཐང་ཡོད། མི་རབས་ནས་མི་རབས་རྒྱུད་ནས་ཚེ་སྲོག་གི་འཐབ་རྩོད་བྱས་དང་བྱེད་བཞིན་པ་རེད།
ཁྲི་རལ་པ་དང་སྤོབས་མཐའ་གཉིས་ཀའི་བསམ་ཚུལ་ཉན་གིན་ཡོད། བོད་ཀྱི་མི་རབས་གསར་པའི་དཔུང་ཁག་ཚོས་ཤེས་དགོས་པ་ཞིག་ལ། བསམ་ཚུལ་ཇི་ཙམ་གྱིས་སྲོང་པོར་བརྗོད་ན་དེ་ཙམ་གྱིས་ཚོར་ཤེས་ཆེ་ཙམ་བསྐྲུན་ངེས་པ་ཆོས་ཉིད་ལགས་པས་དྲང་ལྡོག་གཉིས་ཀྱིས་ལམ་ནས་དཔྱད་པར་གཞོལ་ཏེ་མིའི་སྨྲ་བརྗོད་ཀྱི་སྒོ་མོ་ཡང་མོར་ཕྱེ་ཐུབ་ན། ད་གཟོད་སྤྱི་ཚོགས་ཡར་རྒྱས་དང་རྒྱལ་ཁབ་སྟོབས་ལྡན་གྱི་རྨང་གཞི་འཇོག་ཐུབ་ངེས་རེད། ལར་ནས་སྤོབས་མཐའ་ལས་ལྷག་པའི་གུང་ཁྲན་ཤོག་ཁག་གིས་དུས་རབས་ཕྱེ་ཁ་ལྷག་རིང་ཏཱ་ལའི་བླ་མར་རྒོལ་བརྡུང་བཏང་བར་ལོ་རྒྱུས་སྟེང་ཡོད་ཚད་འབྲས་བུ་ལྡོག་ཕྱོགས་སུ་ཕྱིན་ཡོད། འོན་ཀྱང་སྤོབས་མཐའ་དང་གནམ་ལོ་སོགས་ཀྱིས་གཞིགས་རྩོད་བྱེད་ས་གཙོ་བོ་ནི་ཁོང་གི་བླ་ན་མེད་པའི་སྟོབས་ཤུགས་དེ་འདྲའི་འོག་བཙན་བྱོལ་སྤྱི་ཚོགས་དེ་བཞིན་ཕྱོགས་གང་ས་ནས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་འཚོལ་ཀྱིན་ཡོད་པ་འདྲ།
ཆབ་སྲིད་ཡིན་ན་འདི་ཡང་མཚན་ཉིད་རྩོད་རྩོད་བྱེད་ས་འགྲོ་བ་ཞིག་རེད་འདུག་ག
ཁྲི་རལ་བ་ཅན་ལགས་ཀྱིས་དེ་ཆོས་ཅན། དེར་ཐལ། ཟེར་བ་མ་གཏོགས། དེའི་ཕྱིར། ཞེས་པའི་རྟགས་དེ་འགོད་ཀྱི་མི་འདུག་ད།
ད་ཡང་། འབྲས་སྤུངས་རྡོ་ཁང་སྔོན་མོ་ཚང་གི་རྡོབ་རྡོབ་ཅིག་སླེབས་འདུག ང་ཚོས་དྲ་རྩོམ་སྤེལ་སྐབས་རང་དབང་ཅན་ཡིན་པས་དེ་ལ་དག་སྒྲིག་བྱེད་མཁན་མེད་སྟབས་བརྗོད་སྟངས་ཐད་ལ་སྒྲིག་གཞི་འདི་རེད་ཟེར་བ་མེད་ན་ཡང་། བརྗོད་ཚིག་ཐད་ལ་རྐུན་མ་དང་ཇག་པ། སོ་བ་དང་ཉུལ་མ་སོགས་ཀྱི་ཚིག་དེ་རིགས་དཔེ་རུ་བཀོད་པ་ལྟ་བུ་ཡིན་ན་མ་གཏོགས་བརྡ་སྤྲོད་བརྒྱུད་ལམ་གྱི་ཡ་རབ་བཟང་སྤྱོད་དང་ཅུང་མི་མཐུན་པ་ཤེས་དགོས་པ་རེད་འདུག
ཕྱི་རྒྱལ་གྱི་མཐོ་སློབ་ཚོའི་ཆེད་རྩོམ་ལྟ་བུ་ཡིན་ན། དེ་ལ་མི་སྒེར་གྱི་གནད་དོན་དང་མ་འབྲེལ་བ། ཚོར་བ་དང་མ་འདྲེས་པ། བརྗོད་ཚིག་ཐད་ལ་གཟབ་བརླིངས་ཡོད་པའི་ཆ་རྐྱེན་ཚང་དགོས། ཡིན་ན་ཡང་། དྲ་རྩོམ་ལ་ནི་དེ་ལ་བལྟས་ན་རང་དབང་གི་ཆ་མང་པོ་ཡོད་པ་སྨྲོས་ཅི་དགོས།
ལོ་ཤས་སྔོན་ལ་ལྷམ་གྱི་སྟེང་དུ་སྟོན་པ་སངས་རྒྱས་ཀྱི་པར་རིས་བཞག་ན་ངོ་རྒོལ་བྱེད་མི་བྱེད་སྐོར་དྲ་ཐོག་བགྲོ་གླེང་གི་ཆ་ཤས་ལེན་མྱོང་། ཕྱི་རྒྱལ་གྱི་གྱོན་ཆས་བཟོ་གྲྭས་སྟོན་པ་སངས་རྒྱས་ཀྱི་སྐུ་འདྲ་ལྷམ་ལ་དཔར་བ་མ་གཏོགས་རྒྱལ་བ་རིན་པོ་ཆེ་ལྷམ་ངོས་ལ་དཔར་བ་གོ་མ་སོང་།
བོན་པོ་ལ་སྐྱོན་རྗོད་བྱས་ཟེར་བ་དེ་ཡང་མི་བདེན། བོན་ཀྱི་འབྱུང་ཁུངས་ལོ་རྒྱུས་ལ་དོག་སློང་དང་དྲི་བ་ལས་འཕྲོས་པའི་སྐད་ཆ་བཤད་མྱོང་བ་མ་གཏོགས་བོན་པོ་ཞིག་ལ་མཚངས་འབྲུ་སྙད་འདོགས་བྱས་པ་མི་དྲན་པས་དེ་འདྲ་ཡོད་ན་སྟོན་རོགས།
དགེ་ལུགས་ལ་དེ་བས་ཀྱང་སྐྱོན་རྗོད་བྱེད་མ་མྱོང་། དེ་ལས་ལྡོག་སྟེ་དགེ་ལྡན་པ་དང་རྙིང་མ་གཉིས་ནི་བོད་བརྒྱུད་ནང་བསྟན་གྱི་གྲུབ་ཆ་གལ་ཆེ་ཤོས་གཉིས་ཡིན་ཚུལ་ལུང་རིགས་ཀྱིས་ཐེངས་བརྒྱ་སྟོང་དུ་བསྒྲུབ་མྱོང་།
དགེ་ལུགས་པ་དང་། དགའ་ལྡན་ཕོ་བྲང་གི་རྒྱལ་བ་རིན་པོ་ཆེ་ནི་ཁ་དང་ཁ་སྤུའི་འབྲེལ་བ་ཙམ་ཡན་སྟབས་དེ་གཉིས་ངོ་བོ་གཅིག་ཏུ་བཟུང་ན་མི་འགྲིགས། དོན་དམ་པའི་དགེ་ལུགས་པ་ཡིན་ན། དེ་ཉིད་ཏཱ་ལའི་བླ་མའི་རྗེས་འཇུག་པ་མིན་ལ་དོལ་རྒྱལ་ཤུགས་ལྡན་གྱི་རྗེས་འཇུག་པར་དེ་བས་ཀྱང་འགྱུར་མི་རུང་། ‘དགེ་ལུགས་པ་’ཞེས་པ་ཞེས་པའི་དོན་ནི། སྟོན་པ་སངས་རྒྱས་ཀྱིས། “སྡིག་པ་ཅི་ཡང་མི་བྱ་ཞིང་།།དགེ་བ་ཕུན་སུམ་ཚོགས་པར་བྱ།།” ཞེས་པའི་དགེ་བ་ཕུན་སུམ་ཚོགས་པ་བྱེད་མཁན་གྱི་ལུགས་ཡིན། དེའི་ལུགས་འཛིན་པ་པོ་དག་ཀྱང་བླ་དཔོན་ཞིག་གི་’རྐང་དམག་’མིན་ལ་ལྷ་འདྲེ་ཞིག་གི་’བྲན་ཁོལ་’དེ་བས་ཀྱང་མིན།
༼ཁ་བརྡ་དྲ་བའི་སྟེང་སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་ཀྱིས་བོན་པོ་ཚོ་གདོན་འདྲེ་ལ་བརྩིས་ཏེ་བོན་རྣམས་ཀྱི་སྟེང་བཀའ་བཀྱོན་མང་པོ་ཕེབས་ཀྱིན་ཡོད་ཅིང་། དེ་མཚུངས་སུ་དགེ་ལུགས་པ་ཚོ་ལའང་ཕྱི་མགོ་ནང་བཙོང་སོགས་ཀྱི་སྐྱོན་བརྗོད་མཐའ་ཡས་གནང་གི་ཡོད་མོད། དེ་ནི་་་་་བོད་སྤྱི་དོན་ལ་ཤ་ཚའི་གཏམ་་་་ཙམ་ཡིན་རྒྱུ་རེད་སྙམ་སྟེ་དེ་ཙམ་དོ་སྣང་ཆ་འཇོག་མ་བྱས།༽
བོན་པོ་ཚོ་གདོན་འདྲེ་ཡིན་དགོས་པ་དང་དགེ་ལུགས་པ་ཚོ་ཕྱི་མགོ་ནང་བཙོང་ཡིན་དགོས་པའི་སྐད་ཆ་དེ་ཚོ་་་་བོད་སྤྱི་དོན་ལ་ཤ་ཚའི་གཏམ་ཙམ་ཡིན་རྒྱུ་རེད་སྙམ་པ་ནི་་་་སྔ་འགྱུར་རང་ཉིད་གདོན་འདྲེའི་གཙོ་བདག་དངོས་གནས་དེ་ཡིན་པ་དང་ཕྱི་མགོ་ནང་བཙོང་གི་ལྟེ་རྒན་ཡིན་པའི་དོན་ཡིན་གྱི་རེད། འདི་ཡང་བོད་སྤྱི་དོན་ལ་ཤ་ཚའི་གཏམ་ཡིན་དུ་ཆུག་ན་སྐྱོན་ཡོད་དམ།
སྤོབས་མཐས་མ་བཤད་པ་ཅི་ཞིག་ཡོད། དྲ་བ་འདི་རང་དབང་གི་ཁ་བརྡ་བྱེད་ས་རེད་བསམ་ནས། འདིས་ཁ་ནས་ཐོན་ཚད་བཤད་མྱོངས། འོན་ཀྱང་ཁོས་བཤད་ཚད་ལ་ཆ་འཇོག་དང་ཡིད་བརྟན་འཕེར་བའི་གཏམ་སྣ་གཅིག་ཀྱང་མ་མཐོང། སྔགས་ནང་རྒྱུད་ཤྭཀྱའི་རྒྱལ་པོས་མ་གསུངས་རབས། འཇིགས་བྱེད་ལས་སོགས་ཡི་དམ་དེ་ཚོར་སྐྲགས་སློང་བྱེད་ཡིན་ཚུལ་དུས་འཁོར་ལས་སོགས་སྟོན་པའི་གསུང་མིན་ཚུལ་སོགས་བཤད་ཡོད་ཅིང། བཤད་སྟངས་དེ་ཚོར་ལྟས་ན་ཁོ་ལ་ནང་ཆོས་ཀྱི་ཡིད་ཆེས་ཟེར་བ་ས་བོན་ཙམ་ཀྱང་ཡོད་པར་མི་མངོན། འོན་་ཀྱང་ཁོས་བོན་གྱི་སྐོར་ལ་བགྲོ་དུས་སྟོན་པ་གཤེན་རབ་ཇག་པ་ཡིན་ཚུལ་དང་མི་གསོད་ལག་དམར་ཡིན་ཚུལ། རྙིང་མ་པའི་དྲ་མཆན་པའི་བསམ་ཚུལ་ལྟར་བོན་པོ་ནི་ནང་ཆོས་རྐུ་བའི་རྐུན་མ་ཡིན་ཚུལ་སོགས་བཤད་མྱོངས། བཤད་སྟངས་དེ་ཚོར་ལྟས་ན་ནང་ཆོས་ལ་ཡིད་ཆེས་ཡོད་པས་མ་ཟད་ཆོས་ལུགས་ཀྱི་རུ་ཏྲ་མེ་འབར་འབར་ཞིག་ཡོད་འདུག དེས་མ་ཚད་དད་པ་གལ་ཆེ་རབས་དང་བོད་ཀྱི་བླ་སྤྲུལ་སེར་མོས་བོད་ལ་བྱས་རྗེས་བཞག་རབས་སོགས་ཧ་ལས་པ་བཤད་མྱོང། བྱས་ཙང་ངས་སྤོབས་མཐའ་ཟེར་བ་ནི་ཞལ་གསུམ་ཕྱག་དྲུག་གི་བདག་ཉིད་ཅན་ཅིག་ཡིན་པ་དང་་་་ཁོས་བཤད་ཚད་རགས་རིམ་སྦམ་བཤད་ལས་ཁུངས་ལྡན་གྱི་གཏམ་སྣེ་གཅིག་ཀྱང་མ་མཐོང། གང་ལྟར་སྡོམ་རྩིས་ཞིག་རྒྱབ་ན་་་ནང་ཁུལ་འཁྲུགས་པའི་གཏམ་ལས་ཅི་ཡང་མ་མཐོང།
་་་་་་ དེའི་ལུགས་འཛིན་པ་པོ་དག་ཀྱང་བླ་དཔོན་ཞིག་གི་’རྐང་དམག་’མིན་ལ་ལྷ་འདྲེ་ཞིག་གི་’བྲན་ཁོལ་’དེ་བས་ཀྱང་མིན། ་་་་་་་་ སྤོབསམཐའ་ལགས་ཀྱིས། འདི་སུ་ལ་ལབ་བགྱིད་ཡོད། ངས་བྱསན། འདི་ཁྱེད་རང་གི་ཆིག་ལབ་རྒྱབ་བགྱིན་ཡོད་པ་མ་རེད་དམ། ལགས། གསལ་བཤད་ཅིག་གནོངས་དང་། ཐུགས་རྗེས་གཟིགས། སྤོབས་པ་མཐའ་ཡས་ལགས།། །།
རྐུན་མ་སུའི་རྒྱབ་ལ། ཇག་པ་སུ་ལངས་པ་རེད། ཁྲི་རལ་པ་ཅན་ལགས།
ཁྲི་རལ་པ་ཅན་ནས། ༼རྒྱ་དམར་གྱི་སོ་ཉུལ་དོགས་ཡོད་ཡིན་ན་ས་གནས་རྒྱལ་ཁབ་ཀྱི་གསང་ལས་ལ་རྩིས་སྤྲད་དགོས་རེད་མ་གཏོགས། དེ་ཚོས་བོད་སྤྱི་དོན་ལ་གནོད་ཚབ་ཆེན་བསྐྱལ་སྲིད་པ་མ་ཟད། ས་གནས་རྒྱལ་ཁབ་སུ་ཡིན་ན་དེ་ནང་རྒྱ་དམར་གྱི་སོ་པ་བསྡད་ན་དེ་ལའང་གནོད་པ་དང་མི་བདེ་བ་ཡོང་གི་རེད་སྙམ།༽ འདི་ལྟར་གསུང་པ་ནི་ཧ་ཅང་གི་ཐལ་དྲག་འདུག ང་ཚོ་ནི་མང་གཙོ་དང་། རང་དབང་། གོ་ཡངས་སོགས་ཀྱི་ལྟ་བ་འཛིན་མཁན་དང་། ག་དུས་ཡིན་ནའང་རྒྱ་ནག་གཞུང་ལ་རང་དབང་དང་། སྨྲ་བརྗོད་རང་དབང་མི་འདུག་ཞིག་བཤད་གྱིན་ཡོད། ང་རང་ཚོ་ལའང་འདི་འདྲའི་སྨྲ་བརྗོད་རང་དབང་མེད་ན་ཅིའི་ཕྱིར་རྒྱ་ནག་གཞུང་ལ་ཁ་བརྡུང་བཏང་ངམ། རང་བཙན་གྱི་རྒྱལ་ཁབ་ཡོད་མཁན་ཨ་རི་བ་སོགས་ཀྱི་སྲིད་འཛིན་ལའང་སྐྱོན་བརྗོད་བྱ་ཆོག་གིས་ཡོད། སྐྱོན་བརྗོད་བྱེད་མཁན་སུ་ཡང་ད་ལྟ་བར་དུ་རྒྱལ་ཁབ་ཀྱི་ནག་ཉེས་ལ་བརྩི་སྟེ་འཇུ་བཟུང་དང་། བཙོན་འཇུག གསང་ཉུལ་སོགས་ཀྱི་ཉེས་པ་གཡོགས་མྱོང་མེད། གལ་སྲིད་ཁྲི་རལ་ནས་འདི་འདྲ་བཙན་གནོན་གནང་ན། ད་ནས་བཟུང་ཁྱོད་ཀྱི་ཕྱོགས་གཏོགས་ནི། རྒྱ་ནག་གཞུང་དང་། བྱང་ཀོ་རེ་ཡ་དམར་པོའི་སྲིད་གཞུང་གཉིས་ལས་མཐུ་བ་འདུག
ད་རེས་ཁྲི་རལ་པ་ཅན་མཆོག་གིས་རྡ་རམ་ས་ལ་སྐྱེལ་ས་ཞིག་ལ་སྐྱེལ་ངེས་རེད། ཁོང་གིས་གསུང་དོན། ༼རྒྱ་དམར་གྱི་སོ་ཉུལ་དོགས་ཡོད་ཡིན་ན་ས་གནས་རྒྱལ་ཁབ་ཀྱི་གསང་ལས་ལ་རྩིས་སྤྲད་དགོས་རེད་མ་གཏོགས། དེ་ཚོས་བོད་སྤྱི་དོན་ལ་གནོད་ཚབ་ཆེན་བསྐྱལ་སྲིད་པ་མ་ཟད། ས་གནས་རྒྱལ་ཁབ་སུ་ཡིན་ན་དེ་ནང་རྒྱ་དམར་གྱི་སོ་པ་བསྡད་ན་དེ་ལའང་གནོད་པ་དང་མི་བདེ་བ་ཡོང་གི་རེད་སྙམ།༽ དེ་བས། རྒྱ་དམར་གཞུང་གི་སོ་ཉུལ་ཡིན་མིན་བརྟག་དཔྱད་གཞི་འཛིན་ས་ནི་རྒྱ་དམར་རྩ་ཁྲིམས་ལ་ངོས་ལེན་ཐ་གཅིག་ཏུ་ཡོད་མཁན་གྱི་ཚོགས་སྒེར་གང་རུང་ཞིག་རེད་ལ། ཏག་ཏག་རྡ་རམ་ས་ལ་ནི་ཡོངས་གྲགས་ཆགས་ཟིན་པའི་ཚོགས་སྒེར་དེ་རེད། ད་ཡིན་ན་ལྟད་མོ་འདུག་ཡ།
གང་ཤེས་ད།ཨོ་སི་ཁྲོ་ལི་ཡར་ལྟོ་ནང་ནས་ཟོས་ཏེ་སྒོང་ང་རྒྱ་ནག་གཞུང་ཚབ་ལ་གཏོང་མཁན་མང་པོ་བཏོན་སོང་ད།གནམ་ལོ་ལགས་དེ་འདྲ་མིན་ན་ཡག་པོ་རེད།
མི་ཁ་ཤས་ནས་རྒྱ་ནག་གཞུང་དཔེ་ལ་བཀོད་དེ།རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་དེ་ཙམ་བྱས་ཆོག་ས་ནས་བོད་མིས་ག་རེ་བྱས་ནས་མ་ཆོག་པ་རེད་མདོག་མདོག་གིས་རིགས་པ་བཏོང་བ་ཧ་ཅང་ཐབས་སྐྱོ་བོ་རེད།དེ་འདྲ་བྱས་ན་འཇིག་རྟེན་དུ་དགྲ་གྲོགས་དབྱེ་བ་གང་འདྲ་སེ་ཕྱེས་དགོས་རེད།
དཔེ་ན།་ཁྱེད་རང་གི་མི་ཚང་ནང་ཇག་པ་འཛུལ་ཏེ་ཅ་ལག་འཕྲོག་པ།ཕ་མ་གཅར་རྡུང་སོགས་བྱས་པ་ཡིན་ན།ཁྱེད་རང་གིས་སོ་སོའི་མི་ཚང་དང་ཕ་མ་སྲུང་སྐྱོབས་ཀྱི་ཚབ་ཏུ།ཇག་པ་དེ་ཚོར་ལད་ཟློས་ཀྱིས་སོ་སོའི་ཕ་མ་རྡུང་།སོ་སོའི་མི་ཚང་གི་ཅ་ལག་འཕྲོག་པ་སོགས་བྱེད་དགོས་རེད་དམ།
རྒྱ་དམར་གཞུང་ལ་དཔེ་བལྟས་ཏེ་ཁ་ཕྱིར་འཁོར་གྱིས་༧གོང་ས་མཆོག་དང་བོད་གཞུང་ལ་གནས་དུས་ཚོད་རྩིས་བྱེད་པ་ནི་གོང་གི་དཔེ་དེ་དང་ཆ་མཚུངས་རེད་ད།
སྤོབས་པ་ལགས་ལ་བསྡོམ་བརྒྱབ་ན་འདི་འདྲ་རེད། ཁོང་བོད་མི་སྤྱི་མཚུངས་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་མེད་ཟེར་བ་འདི་རེད། ཁོང་མི་ཕལ་བ་ཞིག་བཟོ་གི་ཡོད་པའི་ཁུལ་རེད། རྡོག་རྡོག་སྤོབས་པས་རྫོགས་རྒྱུ་མེད་པ་ཞིག་བྲིས་བསྡད་པའི་ཡང་སྙིང་ཁོ་རང་རྒྱལ་བ་རིན་པོ་ཆེ་ལ་དད་པ་མེད། ཁོང་རྩ་ཆེན་པོ་མ་རེད། ༧རྒྱལ་བ་རིན་པོ་ལ་མཐོང་ཆུང་བ་བཟོ་གི་ཡོད་ཟེར་གྱི་ཡོད་རེད། ཁོ་རང་གིས་ངོམ་སོ་ཆེ་ཤོས་བྱེད་ཀྱིན་པ་༧གོང་ས་མཆོག་ལ་དད་པ་མེད་ལ་ཞེ་ས་ཙམ་ཡང་ཞུ་གི་མིན་ཟེར་བ་དེ་རེད། མ་གཞི་དེང་སྐབས་བོད་པའི་སྤྱི་ཚོགས་ནང་དད་པ་མེད་པ་ངོམ་སོ་དང་སྤོབས་པ་བྱེད་པའི་དཔེ་གསར་ཞིག་དར་བཞིན་པས། སྤོབས་པས་རང་ཉིད་བསམ་བློ་ཡར་ཐོན་དང་དུས་རབས་ཀྱི་རྗེས་ཟིན་ཡོད་མདོག་མདོག་རེད་སྙམ། སྤྱིར་ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་པ་ཡིན་ན། དད་པ་ཟེར་བ་འདི་ཡང་མི་དགོས་ལ། ལས་འབྲས་ལ་མི་འགྲོ་བའི་སྐད་ཆ་བཤད་ནས་མིང་གྲགས་བཟོ་བ་སོགས་ཁེ་བཟང་ཡང་ཟ་ཆོག་གི་མེད་འགྲོ། གལ་སྲིད་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་པ་ཡིན་ན་སྤོབས་པ་སོགས་ཚར་རེད། འོན་ཀྱང་ང་ཚོས་རང་ངོས་ནས་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་མི་ཤེས་པས། དད་པ་ཡོད་ན་ཡག་པོ་ཡོད་པའང་བཤད་ཁག་པོ་རེད། ཚང་མ་ཟེར་རྗེས་རིང་མོ་ཞིག་གི་རྗེས་སུ་རྒྱུགས་བསྡད་པ་རྐྱང་ལས་དོན་གྱིས་ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཡོད་མེད་དང་། དད་པ་བྱས་ན་ཡོད་པོ་ཡོད་མེད་དངོས་སུ་ཤེས་མཁན་ནི་མེད་པས། སྒེར་སོ་སོའི་བསམ་བློའི་ཁྱེར་སོ་མི་འདྲ་བ་ལ་ཞེད་སྣང་དང་ཡང་ན་ཡ་མཚན་བྱེད་དོན་ཅང་མེད་པར་མཐོང་། དེ་ལ་ལན་སློག་པར་ཡང་སྙིང་བོ་མ་མཐོང་།
སྤོབས་པ་མཐའ་ཡས་ལགས་ཀྱིས་སྟོན་པ་གཤེན་རབ་རྟ་ཇག་རེད་ཟེར་བ་ནི་ཆོས་ལུགས་ཀྱིས་ཕྱོགས་ཞེན་སྐད་ཆ་ཡིན་པར་མི་འདོད། སྟོན་པ་ཤཀྱ་ཐུབ་པས་ཕག་ཤ་རྙིང་པ་ཟས་རྗེས་གྲོ་ཁོག་ན་ནས་ཤི་སོང་བ་རེད་ཅེས་སྤོབས་པས་བཤད་པ་རེད། བན་བོན་བར་གྱི་ཕྱོགས་ཞེན་གྱི་སྐད་ཆ་མ་རེད་འདོད། རང་གི་སྟོན་པ་སླུ་བ་མེད་པ་དང་གཞན་གྱི་སྟོན་པ་རྐུ་མ་ཇག་པ་རེད་ཟེར་མཁན་ཞིག་མ་རེད། ཡིན་ནའང་སྤོབས་པས་ནང་འགལ་མང་པོ་བཤད་ཀྱི་རེད། དེར་ཁས་ལེན་ཡོད། གོ་སྐབས་དང་བརྟེན་ནས་ནག་ཉེས་ཡོད་ཚོད་སྤོབས་མཐའི་མགོ་ལ་གཡུགས་དགོས་ན་ཁས་ལེན་མདོག་མེད།
xxx
མི་དེ་གཉིས་ལ་སྔོན་མ་ཞིག་ནས་ཞེན་པ་གཏིང་ནས་ལོག་ཡོད།སྤོབ་ལོ་ཡིས་བོད་ཕྱི་ནང་གཉིས་ཀྱི་མི་སེམས་ལ་གྲི་བཙུག་གི་འདུག་ཞེས་སྔོན་མ་ནས་ལབ་ཡོད།
གངས་ཅན་བོད་ཀྱི་དཔའ་པོ་དཔའ་མོ་རྣམས་པ་ཚོའི་༸གོང་ས་མཆོག་བོད་ལ་ཞབས་གསོལ་ཁོད་ཐུབ་རྒྱུ་དང་ བོད་རང་དབང་སླར་གསོའི་ཆེད་དུ་རང་ཉིད་ཀྱི་གཅེས་པར་འོས་པའི་ལུས་སྲོག་མེར་སྲེག་གནང་བ་དེ་ནི་ད་ལྟའི་བར་དུ་༸གོང་ས་མཆོག་གིས་རླབས་ཆེན་གྱིས་མཛད་པ་འཕྲིན་ལས་དང་ དེར་འཛམ་གླིང་མི་མང་གིས་ཁོང་ལ་འདེང་འཇོག་ཆེན་པོ་ཐོབ་ཡོད་པ་བཅས་ལ་བརྟེན་ནས་ བོད་ནང་གི་བོད་མི་སྤྱི་དང་ལྷག་པར་དུ་རང་སྲེག་དཔའ་བོ་དཔའ་མོ་རྣམས་ཀྱིས་ངོས་ཤེས་གསལ་པོ་ཐུབ་པས་ལྷག་བསམ་གཡོལ་མེད་ཀྱིས་མཛད་རྗེས་འདི་འདྲ་ཞིག་ཞག་བཞིན་པ་རེད་ ཡིན་ཀྱང་སྤོབས་པ་ཁྱོད་རང་འདྲ་བའི་མི་འདི་ཚོས་མི་ཤེས་པའི་རྒྱུ་མཚན་ནི་ཁྱོད་རང་ཚོར་འདི་འདྲའི་ལྷག་བསམ་ཞིག་མེད་པ་དང་ མ་ཟད་ཆབ་སྲིད་ཀྱི་ཤེས་ཚད་གཏིང་ཟབ་ཞིག་མེད་པས་རེད་ དེར་ང་འདྲ་བའི་བོད་མི་ཞིག་གི་བློ་ཕམ་དགོས་དོན་མེད་ ཡིན་ན་ཡང་ཁྱོད་རང་ཚོའི་བྱེད་ཐབས་དེ་ཧ་ཅང་གི་སྐྱོ་བོ་རེད་ མ་ཟད་བོད་ཡིག་གི་སྙན་རྩོམ་བྲི་ཤེས་པ་དང་ དབྱིན་ཡིག་ཤེས་པ་ཙམ་གྱི་ཁ་གང་བདེ་ཤད་པ་དང་ ལག་པ་གང་འགྲོ་བྱས་ནས་བྲིས་ཆོག་ཆོག་ཞིག་ག་བར་ཡོད་ དེར་རྣོ་བསམ་ཡག་པོ་ཞིག་བཞེས་ན་ འཇམ་ནོར་སོགས་ཀྱི་ལམ་ལ་གྱར་མི་སྲིད་ ལྟ་གྲུབ་ག་རེ་འཛིན་ཀྱང་ཆོག་གི་
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་ཚང་མར་ངོ་རྒོལ་བྱེད་དགོས་ན་ནི་འདོར་ལེན་མ་བྱས་པའི་སྐད་ཆ་རེད། འོན་ཀྱང་དགག་མི་ཆོག་པ་གང་ཡང་མ་རེད། རབ་བྱུང་ན་ཕྱོགས་སུ་མ་ལྷུང་བ་དང་ཁ་གསལ་པོའི་སྒོ་ནས་རྒྱུ་མཚན་བགྲང་རྒྱུ་གལ་ཆེ། དེ་མིན་“ཡིན་རྒྱུ་རེད་”དང་“སྙམ་”སོགས་ནི་འགན་ཁུར་དང་ཁུངས་ལུང་མེད་པའི་ཚིགས་ཡིན་པས་སུས་བཀོལ་བཀོལ་རེད་དོ།