ཐེ་བོ་ཤེས་རབ་རྒྱ་མཚོ།
དེང་སང་གི་གྲྭ་པ་འདི་ཚོ་གྲྭ་པའི་འདུག་སར་མི་སྡོད་པར་འདི་ཚོ་ལ་ལས་རྒྱུ་བཅའ་རྒྱུ་མང་སྟབས། ཁོ་ཚོས་རང་ཉིད་ཀྱི་མཐོང་རང་ཉིད་ཀྱིས་བརླག་གི་འདུག་ཅེས། ཟ་དང་ཟུར་ནས་སྐད་རྒྱག་མཁན་གྱི་མི་སྐྱ་ཚོ་ལ་ཅི་ཁག
ཐ་ན་གྲྭ་པ་ཚོའི་ནང་ནས་ཀྱང་དེང་སང་གི་གྲྭ་པ་ཁ་ཤས་ཀྱི་ཀུན་སྤྱོད་ལ་བརྟེན་ནས་ང་ཚོ་གྲྭ་པ་སྤྱིའི་མཚན་མཐོང་བརླག་གི་འདུག་ཟེར་ནས་སྐད་རྒྱག་གི་འདུག དེ་ལྟར་སྐད་རྒྱག་མཁན་གྱི་སྐྱ་སེར་དེ་ཚོ་ལ་དེའི་སྐོར་ཕ་འདྲི་ཕུགས་འདྲི་བྱས་ཚེ། ཁོ་ཚོས་དེང་སང་གི་གྲྭ་པ་ཁ་ཤས་ལྐོག་ཏུ་གཞང་ཁང་ནང་སོང་ནས་གཞང་ཚོང་མ་ལ་འཛེག་ཚུལ། ཆང་ཁང་ནང་སོང་ནས་ཆང་འཐུང་ཚུལ། ཤོ་ཁང་ནང་སོང་ནས་ཤོ་རྒྱན་འཇོག་ཚུལ། མི་སྐྱོ་བོ་ཚོ་ལ་མགོ་སྐོར་དང་ཐུབ་ཚོད་གཏོང་ཚུལ། རྒྱ་བལ་འགྲིམས་ནས་ནག་ཚོང་རྒྱག་ཚུལ་སོགས་མང་པོ་མང་པོ་ཞིག་བཤད་རྒྱུ་འདུག
འོན་ཀྱང་སེམས་སྐྱོ་དགོས་པ་ཞིག་ལ་ཁོ་ཚོས་དེ་ལྟར་བྱེད་མཁན་གྱི་མ་རབས་ཐ་ཤལ་པ་དེ་ཚོ་ལ་ད་དུང་གྲྭ་པའི་མིང་གིས་འབོད་ཀྱི་འདུག་ལ། ཁོ་ཚོས་མི་དེ་ཚོའི་གྲས་ལ་གྲྭ་པའི་མིང་གིས་འབོད་དོན་ཡང༌། མི་དེ་ཚོ་གྲས་ཀྱིས་ལུས་ལ་ད་དུང་གྲྭ་ཆས་གྱོན་ཡོད་པའི་རྒྱུ་མཚན་གྱི་རེད་འདུག འོན་ཀྱང་དོན་དངོས་ཐོག་གྲྭ་པ་དང་གྲྭ་པ་མ་ཡིན་པའི་སོ་མཚམས་ནི་ལུས་ལ་གྲྭ་ཆས་གྱོན་ཡོད་ཀྱི་མེད་ཀྱི་ཐོག་ནས་འཇོག་རྒྱུ་ཞིག་གཏན་ནས་མ་ཡིན་པར། རྒྱུད་ལ་རབ་བྱུང་གི་དང་དགེ་ཚུལ་སློང་གི་སྡོམ་པ་ཡོད་མེད་ཀྱི་ཐོག་ནས་འཇོག་གི་ཡོད་པ་རེད། གྲྭ་ཆས་ནི་གྲྭ་པའི་རྟགས་སམ་སྒྲིག་ཆས་ཙམ་ཡིན་ལ། ཆ་བཞག་ན་སློབ་གྲྭ་ཁག་གི་སློབ་མ་ཚོའི་སྒྲིག་ཆས་དང་གཅིག་མཚུངས་ཡིན། སུ་སློབ་མ་ཡིན་པ་དང་སུ་སློབ་མ་མིན་པའི་དབྱེ་བ་ནི་སྒྲིག་ཆས་ཀྱི་ཐོག་ནས་གཏན་ནས་འབྱེད་ཐུབ་ཀྱི་མ་རེད། སློབ་མ་ཞིག་སློབ་གྲྭའི་ནང་ནས་བྲོས་བྱོལ་དུ་སོང་རྗེས་ད་དུང་ཁོས་སྤྱི་ཚོགས་ནང་མུ་མཐུད་སློབ་མའི་སྒྲིག་ཆས་གྱོན་ནས་བསྡད་ཡོད་ན། ང་ཚོས་དེ་ལ་སློབ་མའི་མིང་གིས་འབོད་མི་འོས་པ་ནང་བཞིན། གྲྭ་པ་ཞིག་རྩ་བ་བཞིའི་ར་བ་ལས་བརྒལ་ན་ཡང་ད་དུང་གྲྭ་ཆས་ལུས་ལ་སྦྱར་བ་ནང་བཞིན་གཏན་ནས་ཕུད་ཁ་མ་ཉན་ན། ང་ཚོའི་ངོས་ནས་མི་དེ་རིགས་ལ་ད་དུང་གྲྭ་པའི་མིང་གིས་འབོད་མི་འོས་ལ། ཉིན་དེ་ནས་བཟུང་མི་དེས་ད་དུང་མུ་མཐུད་དུ་གྲྭ་ཆས་གྱོན་ནས་སོང་ན་ཡང༌། མི་དེའི་རིགས་ལ་ཉིན་དེ་ནས་བཟུང་གྲྭ་པ་ཞེས་པའི་ཐ་སྙད་འདི་གཏན་ནས་ཐོགས་ཀྱི་མ་རེད། ཡང་དཔེ་གཞན་ཞིག་གི་སྒོ་ནས་བཤད་ན། ཁང་པའི་སྟེང་དུ་གསེར་ཏོག་དང་རྒྱལ་མཚན་བཙུགས་ཡོད་པ་ནི་ཁང་པ་དེ་འདུ་ཁང་ཞིག་ཡིན་པའི་རྟགས་ཡིན་ཡང༌། གལ་སྲིད་མི་གཅིག་གིས་དེ་ལྟའི་ཁང་པའི་ནང་ར་ལུག་དང་ཕག་པ། ཟོག་སོགས་བཤའ་ཡི་ཡོད་ན། ང་ཚོས་ཁང་པ་དེ་ལ་འདུ་ཁང་ཟེར་གྱི་ཡིན་ནམ། ཡང་ན་བཤས་ར་ཟེར་གྱི་ཡིན། བསམ་བློ་ཞིབ་མོ་ཞིག་བཏང་ན་མི་སུ་གཅིག་གིས་ཀྱང་ཁང་པ་དེ་ལ་བཤས་ར་མ་གཏོགས་འདུ་ཁང་རེད་གཏན་ནས་ལབ་མི་སྲིད། དེར་བརྟེན་རྗེས་མ་ནས་ང་ཚོས་ཆང་ཁང་དང་གཞང་ཁང་འགྲིམ་པའི་གྲྭ་ཆས་ཅན་དང༌། ནག་ཚོང་དང་ཤོ་རྒྱན་འཇོག་པའི་གྲྭ་ཆས་ཅན། མི་ལ་མགོ་སྐོར་དང་ཐུབ་ཚོད་གཏོང་བའི་གྲྭ་ཆས་ཅན། མདོར་བསྡུས་ནས་བཤད་ན། ཁྱིམ་པ་ཡ་རབས་ཤིག་གི་བྱ་སྤྱོད་ལའང་མི་དོ་བའི་གྲྭ་ཆས་ཅན་དེ་ཚོ་སུས་མཐོང་ཡང༌། དེང་སང་གི་གྲྭ་པ་འདི་ཚོའི་འགྲོ་སྟངས་འདུག་སྟངས་དང༌། བྱ་བ་བྱེད་སྟངས་ལ་ལྟོས་དང་ཞེས་གྲྭ་པ་སྤྱི་ཡོངས་ལ་མཚན་དམས་གཏན་ནས་གཏོང་མི་འོས་ལ། དེ་ལ་གྲྭ་པ་ཞེས་པའི་མིང་གིས་ཀྱང་གཏན་ནས་འབོད་མི་འོས། གལ་སྲིད་ཁྱེད་ལ་ཐོགས་པའི་ཁ་འཕྲེད་འཕྲེད་དེ་ཕ་རོལ་པོ་ཁོ་ན་ལ་མཚན་དམས་གཏོང་བྱེད་ཙམ་ལས་གཞན་གོ་མ་ཆོད་པའམ། ཡང་ན་སྐབས་རེ་མཚན་དམས་རེ་མི་གཏོང་ཀ་མེད་ཆགས་ཚེ། དེང་སང་གི་རྒད་པོ་གྲྭ་ཆས་ཅན་འདི་ཚོ་ལ་ལས་རྒྱུ་བཅའ་རྒྱུ་མང་གི་ཞེས་སྡང་ཞིང་སྡིགས་པར་འཚལ།
གྲྭ་པ་གྲྭ་མིན་རྣམ་དབྱེ་འབྱེད་པའི་གཏམ།།
གྲྭ་པར་ཞེན་ནས་བྲིས་པ་མ་ཡིན་ཞིང༌།།
རྒད་པཽར་སྡང་ནས་བྲིས་པའང་མ་ཡིན་པར།།
ལོག་རྟོག་མུན་པ་དྲུང་ནས་སེལ་ཕྱིར་རོ།།