གནས་ནང་འགྱུར་མེད་དབང་གྲགས།
སྤྱིར་བཏང་ནས། དམངས་གཙོའམ་མང་གཙོ་ཞེས་པ་འདི་ཆབ་སྲིད་ཀྱི་འགྲོ་ལུགས་ཤིག་ལ་གོ་ཡང་། དེ་ཡང་མཐར་གཏུགས་ན་བསམ་བློའི་འཁྱེར་སོ་ཞིག་ཡིན་པ་ག་ལ་བརྗོད་དགོས། དེས་ན། ནུབ་ཕྱོགས་ཀྱི་མང་གཙོའི་ལྟ་གྲུབ་ཀྱི་རྣམ་བཞག་དེ་ཐོག་མར་ཨ་ཐེ་ནེ་(AthenianDemocracy 5th BC) ནས་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་ལྔ་བའི་བར་ཡིན་ཚུལ་འདུག རྒྱ་གར་ལ་(Indian Democracy 6th BC) མང་གཙོའི་ལམ་ལུགས་དེ་ཕྱི་ལོ་སྔོན་གྱི་བརྒྱ་ཕྲག་དྲུག་པ་ཙམ་ལ་བྱུང་འདུག རང་ཅག་བོད་ལ་དངོས་གྲུབ་ཀྱི་ཚུལ་དུ་བྱུང་བའི་མང་གཙོ་འདི། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་བ་དང་། རྩ་བ་ནི་སྟོན་པ་བཀའ་དྲིན་ཅན་ལས་བྱུང་བ་ཞིག་ལ་ངོས་འཛིན་ཆོག་པར་མངོན།
དེར་བརྟེན། རང་ཚོའི་མང་གཙོའི་ལྟ་གྲུབ་ཀྱི་རྨང་གཞི་ནི་ཡ་རབས་སྲོལ་བཟང་རང་གཞན་དོན་གཉིས་ཀྱི་འདུན་པ་ལས་ཡིན་པ་ལ་ཆ་བཞག་སྒོས་པ་སྨྲོས་ཅི་ལ་དགོས། དེས་ན། ཡ་རབས་སྤྱོད་བཟང་གི་ས་བོན་ལྟ་བུ་དེ་བསམ་པ་ལས་ཡོང་དགོས་ལ་སོང་། དེའི་སྐོར་མདོར་ཙམ་ཞུས་བ་གཤམ་གསལ་ལྟར།
སེམས་ནི་ཀུན་གྱི་དབང་སྒྱུར་རྒྱལ་པོ་འདྲ། ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། ཅེས་པ་ལྟར། བསམ་པ་དང་ཀུན་སློང་གི་དབྱེ་བ་ཤེས་པ་བྱ་རྒྱུ་གལ་ཆེ། བསམ་པ་ནི་སེམས་ནང་ནས་འཆར་བའི་འདོད་དོན་ཡིན་པ་དང་། ཀུན་སློང་ནི་འདོད་དོན་དེ་དངོས་སུ་སྒྲུབ་རྒྱུའི་དམིགས་དོན་དེ་ཡིན་པ་རེད། དཔེར་ན། ང་སྲིད་སྐྱོང་ཡིན་ན་དགའ་བ་ལ་ཨང་་ཅེས་པ་དེ་བསམ་པ་ཡིན་དང་། རང་ཉིད་དངོས་སུ་སྲིད་སྐྱོང་གི་འོས་མིར་འཛུལ་ཞུགས་བྱེད་དམ། ཡང་ན་སྤྱི་ཚོགས་ཀྱི་བདེ་རྩར་ལྷག་བསམ་བརྟན་པོས་བྱ་བ་སྤེལ་ལམ་དེ་གཉིས་བསམ་པ་དང་ཀུན་སློང་གི་དངོས་རྒྱུ་ལ་རག་ལས་པ་རེད། དེ་ཇི་འདྲ་ཡིན་མིན་སོ་སོ་རང་ཉིད་ཀྱིས་ཧ་གོ་བ་ལས་གཞན་གྱིས་རྟོགས་རྒྱུ་དེ་ཁག་པོ་རེད།
ཡིན་ན་ཡང་། དེ་སྔ་ཕྱི་ཙམ་མ་གཏོགས་ཧ་གོ་ཡོང་རྒྱུ་ནི་ཧ་ཅང་གསལ་པོ་རེད། གནད་དོན་འདི་གཞིར་བཟུང་ནས་དགོས་དོན་གལ་ཆེ་ཅུང་ཟད་ཤིག་ཞུ་རྒྱུའི་འདོད་པ་བྱུང་། འདི་ནི་ཉེ་ཆར་གྱི་རང་ཚོའི་སྲིད་སྐྱོང་གི་འོས་བསྡུའི་མཐའ་དོན་གྱི་ཉེར་ལེན་ལས་འཕྲོས་པ་ཞིག་ཡིན། དེ་ཡང་། སྔར་༧གོང་ས་མཆོག་ནས་མང་གཙོ་ཡང་དག་པའི་ལམ་སྲོལ་དེ་བདག་ཅག་གངས་ལྗོངས་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་ཆེ་བསྩལ་གནང་བའི་སྐབས་མཚམས་སུ་རང་ཉིད་ལ་ཚོར་བ་ཆེན་པོ་ཞིག་བྱུང་བའི་རྐྱེན་ལ་བརྟེན་ནས་རང་ཉིད་ཀྱི་རྨོངས་འཆར་ཞིག་ཁ་བརྡ་ཞེས་པའི་དྲ་རྒྱར་མ་ཕུལ་ཐབས་མེད་བྱུང་བའི་འཕྲོས་ལྟ་བུར་ཞུས་ན།
2012/04/29 ཉིན་ཁ་བརྡ་དྲ་རྒྱར་བཀོད་པ་ལྟར། དེང་ཐོག་ངེད་ཚོས་མང་གཙོ་ཞེས་པ་དེ། ལྷག་པར་དུ། རང་ཚོ་བོད་ཀྱི་མང་གཙོ་ཞེས་པ་འདི་གསལ་བོ་ཞིག་རྟོགས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཏུ་སྣང་བར་བརྟེན། འདིར་བསྐྱར་དུ་མཁྱེན་ལྡན་རྣམ་པའི་སྙན་ལམ་དུ་ཞུ་འདོད་བྱུང་། དེ་ཅིའི་ཕྱིར་ཞེ་ན། གཅིག་ནས་མཁྱེན་གསལ་བཞིན། ངེད་ཚོའི་མང་གཙོ་འདི་༧གོང་ས་ཆེན་པོ་མཆོག་གིས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་མི་དམངས་ལ་གསོལ་སྩལ་གནང་བ་ཞིག་ཡིན་པ་དེའི་ཁྱད་ཆོས་བླ་ན་མེད་པ་ཞིག་ཡིན་པ་དེ་ཡིད་ལ་འཁོར་དགོས་བ་གལ་ཆེན་པོ་ཡིན། གཉིས་ནས་རང་ཚོའི་མང་གཙོ་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མང་གཙོ་དང་ཐ་དད་ཡིན་པ་དེ་མཁྱེན་དགོས།
དེར་བརྟེན། རང་ཚོའི་མང་གཙོ་ནི་ནང་ཆོས་དང་མཐུན་པ་ཞིག་ཡིན་པ་ལས་གཞན་ནས་དཔེ་བླངས་པ་ཞིག་མིན་པ་རང་ཉིད་ཀྱི་ངོས་འཛིན་ཞུ་བཞིན་ཡོད། སྤྱིར་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་བསྟན་ཚད་ལས་བརྒལ་བ་ཞིག་ཡོད་རུང་། རང་ཅག་རྣམས་ལ་དར་ཁྱབ་ཆེ་ཤོས་དང་གོམས་འདྲིས་ཟབ་ཤོས་དེ་ཚད་མེད་བཞི་ཞེས་པ་འདི་ཡིན་སྟབས། འདི་རང་ཅག་རྣམས་ཀྱི་མང་གཙོའི་ལྟ་གྲུབ་ཀྱི་ངོ་བོར་འཛིན་དགོས་ཤིང་སྲོལ་བཟང་འདི་ལ་བརྟེན་ནས་རང་ཅག་རྣམས་ཀྱིས་མང་གཙོའི་གོ་རྟོགས་སྤེལ་དགོས་པ་གལ་ཆེར་སྣང་།
ཚད་མེད་བཞིའི་ནང་རང་ཅག་གི་མང་གཙོའི་ངོ་བོ་དང་ཁྱད་ཆོས་ཟུང་ཚང་ཡོད་པ་རེད། ལྷག་པར་དུ། ཚད་མེད་བཞིའི་ཤོ་ལོ་ཀ་མཐའ་མ་སྟེ། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཞེས་པ་འདི་བློ་ངོར་འཆར་དགོས་རེད་སྙམ། དེ་དག་གི་དོན་རྣམས་ཡིད་ལ་འཇགས་ཐུབ་ཚེ། གཞན་ལ་རེ་མི་དགོས་པར་རང་ཚོའི་ཁྱད་ཆོས་ལྡན་པའི་མང་གཙོ་དང་། ལྷག་པར་དུ། ༧གོང་ས་མཆོག་གི་ཐུགས་དགོངས་ཇི་བཞིན་སྒྲུབ་རྒྱུའི་བརྡ་དོན་ཡང་དེ་ནས་ཡོང་འགྱུར་མངོན་གསལ་ལགས་ན། མཁྱེན་ལྡན་རྣམ་པས་དགོངས་འཆར་ལྷུག་སྩོལ་ཡོང་བ་ཞུ་རྒྱུ་ལགས།
ཁྱེད་ཀྱི་དགོངས་གཞི་ངོ་མ་གང་ཡིན་གསལ་པོ་གསུང་དགོས་འདུག གོང་དུ་གསུངས་པ་དེས་བསྟན་བྱ་དངོས་འདི་ཡིན་མེད་པར་མུན་ནག་སྦར་སྙོབ་བྱེད་བཞིན་འདུག དགོངས་དག་ཞུ་ཧམ་སུ་མ་དགོངས་རོགས་གནང་།
ཧཧཧ། བློ་བཟང་སངས་རྒྱས་ཀྱི་དྲིས་ལན་དང་གཅིག་པ་འདྲ་བོ་བདའ། ཅི་བཤད་གསལ་ཁ་མི་འདུག
གསལ་ཁ་འདུག ཁོང་གིས་ཚད་མེད་བཞི་ལག་ལེན་བསྟར་དགོས་གསུང་གིན་ཡོད་པ་འདྲ། དེ་ཡང་བྱམས་པ་ཚད་མེད་རང་གི་ཕ་ཡུལ་གཅིག་པ་དང་། ཆོལ་ཁ་གཅིག་པ་ལ་བྱེད་དགོས་པ། སྙིང་རྗེ་ཚད་མེད་རང་གི་དགའ་ཕྱོགས་དང་། གྲོགས་པོ་གྲོགས་མོ་རྣམས་ལ་བྱེད་དགོས་པ། དགའ་བ་ཚད་མེད་རང་འཁོར་དང་བཅས་པར་གོ་ས་ཡོད་པར་དགའ་བ་དང་། སྐུ་དྲག་གསར་པ་འཁྲབ་རྒྱུར་དགའ་བོ་བྱེད་དགོས་པ། བཏང་སྙོམས་ཚད་མེད་བོད་ཀྱི་བདེན་མ་མཐའ་གསལ་ཐབས་དང་། མི་མང་ཉམ་ཐག་དཀའ་ངལ་ཅན་རྣམས་བཏང་སྙོམས་སུ་འཇོག་དགོས་པ་བཅས་ལ་ཡིན་འདུག
གསལ་ཁ་འདུག ཁོང་གིས་ཚད་མེད་བཞི་ལག་ལེན་བསྟར་དགོས་གསུང་གིན་ཡོད་པ་འདྲ། དེ་ཡང་བྱམས་པ་ཚད་མེད་རང་གི་ཕ་ཡུལ་གཅིག་པ་དང་། ཆོལ་ཁ་གཅིག་པ་ལ་བྱེད་དགོས་པ། སྙིང་རྗེ་ཚད་མེད་རང་གི་དགའ་ཕྱོགས་དང་། གྲོགས་པོ་གྲོགས་མོ་རྣམས་ལ་བྱེད་དགོས་པ། དགའ་བ་ཚད་མེད་རང་འཁོར་དང་བཅས་པར་གོ་ས་ཡོད་པར་དགའ་བ་དང་། སྐུ་དྲག་གསར་པ་འཁྲབ་རྒྱུར་དགའ་བོ་བྱེད་དགོས་པ། བཏང་སྙོམས་ཚད་མེད་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། མི་མང་ཉམ་ཐག་དཀའ་ངལ་ཅན་རྣམས་བཏང་སྙོམས་སུ་འཇོག་དགོས་པ་བཅས་ཡིན་འདུག